ལུང་སྟོན་པ་རྩ་བ་སུམ་ཅུ་པའི་འགྱུར་ཕྱག་གི་སྐབས་ནས་ཅུང་ཙམ་དཔྱད་པ་ལུང་རིགས་འོད་ཀྱི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །
ལི་ཐང་སྨྱུག་རྫི། ཡ་ཆེན།
ནང་དོན་གནད་བསྡུས། 
ལུང་སྟོན་པ་རྩ་བ་སུམ་ཅུ་པའི་དབུ་ལ་ཡོད་པའི་འགྱུར་ཕྱག་དེ་སློབ་དཔོན་ཐོན་མིས་མཛད་པ་ཡིན་མིན་དང་དེ་འགྱུར་ཕྱག་དངོས་ཡིན་མིན་གྱི་སྟེང་ནས་ཅུང་ཟད་དཔྱད་ཁུལ་བྱས་ཡོད།
བརྡ་ཆད་གཙོ་བོ།
འགྱུར་ཕྱག་དངོས་མིན་པར་སྒྲུབ་པ། སྒྲུབ་བྱེད་ལུང་དང་རིགས་པ། འགྱུར་ཕྱག་དངོས་ཕལ་གྱི་ཁྱད་པར།
མཆོད་བརྗོད།
བླ་མ་དང་དབྱེར་མེད་པའི་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །
སྐུ་གཞོན་ནུའི་ལང་ཚོ་ཀུ་མུད་དགྲ་ལྟར་མཛེས་པ། །
གསུང་མི་ཤིགས་གདམས་ངག་ཚངས་པའི་དབྱངས་བཞིན་སྙན་པ། །
ཐུགས་མི་གཡོ་ཏིང་འཛིན་དགུང་སྔོན་དབྱིངས་དང་མཚུངས་པའི། །
ལམ་རྫོགས་ཆེན་སྟོན་པའི་བྱེད་པོ་གང་དེས་སྐྱོངས་ཤིག །
རབ་བརྗིད་གངས་ཀྱི་མུ་ཁྱུད་ལེགས་བཀྲ་གསུམ་རྩེན་བྷོ་ཊའི་ལྗོངས་ཆེན་དུ། །
རབ་མཛེས་ཆོས་ཀྱི་གྲུ་ཆར་རྟག་འབེབས་རྣམ་སད་ས་སྐྱོང་རིན་བྱོན་དང་། །
རབ་བཟང་བསྟན་པའི་གསལ་བྱེད་ཚུལ་བཟུང་རྒྱུ་སྐར་མཁས་པའི་ཁྲོམ་ཚོགས་ལ། །
རབ་ཡངས་མཐའ་བྲལ་སེམས་པའི་དཀྱིལ་ནས་མཆོད་སྤྲིན་དབྱངས་ཀྱི་ལྷ་རྔ་བརྡུངས། །
ཞེས་ཡུལ་གོང་མ་ཚོར་ཤིས་པར་བརྗོད་པའི་མཆོད་ཚིག་བཀྲ་ཤིས་ལྷ་དར་དཀར་པོའི་ཚབ་ཏུ་དྲངས་ནས་རྒྱ་ཆེར་སྤྲས་ཤིང་། དང་འདོད་ཡིད་ཆེས་ཀྱི་དད་པས་མདུན་བསུས་ཏེ། འདིར་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་བསིལ་ལྡན་སཱ་ལའི་སྨན་ལྗོངས་ཞེས་མིང་གི་གྲགས་པ་རབ་ཏུ་བརྗིད་ཅིང་ཆེས་ཕུལ་བྱུང་གི་ཡུལ་གྲུའམ་བོད་ཆེན་པོའི་རྒྱལ་ཁམས་ན་མཚན་སྙན་གྱི་འབོད་པ་རབ་ཏུ་འབར་བའི་མཁས་པའི་དབང་པོ་མཐའ་ཡས་པ་ཞིག་བྱོན་མྱོང་བ་ནི་བཤད་མི་དགོས་པའི་གནས་ཤིག་ཡིན་པར་གདོན་མི་ཟ། དེ་བཞིན་དུ་དུས་ཀྱི་འཕོ་འགྱུར་དང་མཉམ་དུ་རིག་པའི་གཞུང་ལུགས་ཆེ་ཆུང་མང་པོ་ཞིག་ཀྱང་ཡུལ་གྲུ་གཞན་དང་གཞན་ལས་བསྒྱུར་བ་དང་བོད་རང་ས་རང་ཡུལ་ནས་བརྩམས་པ་སོགས་མདོར་ན་རྒྱུ་སྐར་གྱི་གྲངས་དང་མཉམ་པ་ཞིག་ཡོད་པའང་མིག་མཐོང་ལག་ཟིན་ཡིན་པ་མ་ཟད་རིག་གཞུང་དེ་དག་གི་རྨང་གཞི་ལྟ་བུ་ཡང་བོད་ཀྱི་སྒྲ་རིག་པའི་གཞུང་ལུགས་སམ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་འདི་ཡིན་པའང་བོད་ཀྱི་སྔོན་བྱོན་མཁས་དབང་དག་གི་དགོངས་པ་མ་ནོར་བ་དེ་ཡིན་པར་སེམས།
* དེ་ཡང་གང་ཞེ་ན་མཁས་མཆོག་ཀརྨ་སི་ཏུའི་ཞལ་ནས།
གང་རིའི་ཁྲོད་ཀྱི་མཁས་པ་རྣམས། ། སྨྲ་བའི་ངག་སྦྱོར་ལ་བརྟེན་ནས། །
དོན་གྱི་མཚན་ཉིད་རབ་གསལ་སླད། ། བརྡའ་སྤྲོད་གཞུང་འདི་དགྲོལ་བར་བྱ། །
* ཞེས་དང་གཞན་ཡང་མཁས་མཆོག་པྲ་སྟི་རིན་ཆེན་དོན་འགྲུབ་ཀྱི་ཞལ་ནས་ཀྱང་།
གང་ཞིག་རྟོགས་ན་གསུང་རབ་དོན། ། མ་ནོར་ལྟ་བའི་འདྲེན་བྱེད་མཆོག །
སྦྱིན་མཛད་རྣམ་དག་བརྡ་སྤྲོད་གཞུང་། ། གོ་སླའི་ངག་གིས་ཅུང་ཟད་བཀྲལད། །
ཅེས་སོགས་ལུང་ཚིག་མཐའ་ཡས་པ་ཞིག་ཡོད་ཀྱང་འདིར་མཐའ་དག་པར་བཞག་ན་མང་དོགས་པས་མཚོན་ཙམ་བཀོད་པ་ཡིན་ནོ། །
ད་ནི་དཔྱད་བྱའི་གཞུང་དངོས་ལ་འཇུག་པར་བྱ་བ་ལ།
དེ་ཡང་མཁས་དབང་པྲ་སྟི་རིན་ཆེན་དོན་འགྲུབ་མཆོག་གིས།
གང་གི་བསྟན་པ་ཉི་མའི་སྣང་བ་ཆེ། ། རྨོངས་པའི་སྨན་ཆེན་གྱིས་ཁྱབ་གངས་ཁྲོད་འདིར། །
ལེགས་པར་འདྲེན་པའི་སྔོན་མེད་ཤིང་རྟ་པ། ། འཇམ་དབྱངས་ཐོན་མིར་དུས་ཀུན་དང་བས་འདུད། ། ཅེས་གསུངས་པ་ལྟར་རང་ཅག་བོད་ལ་བཀའ་དྲིན་ཧ་ཅང་ཆེ་བའི་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཞེས་མིང་གི་ཡི་གེ་རབ་ཏུ་བརྗིད་པ་གང་ཉིད་ཀྱི་ཞལ་ནས།
རྗེས་འཇུག་བཅུ་ཡི་དོན་ཤེས་ན། ། འབྲི་དང་ཀློག་དང་བཤད་རྣམས་ཀྱི། །
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། ། འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །
གཞན་ཡང་རྗེས་འཇུག་ཤེས་པ་ཡིས། ། དོན་གྱི་སྦྱོར་བ་མ་མཐོང་ཡང་། །
དོན་དང་མཐུན་པའི་སྦྱོར་བ་ཤེས། །
ཞེས་གསུངས་པ་ལྟར་ལོ་ཙཱ་བ་གང་ཉིད་ཀྱིས་ང་ཚོ་བོད་ལ་མཁོ་བའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པ་ལས་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ནི་དེ་དག་གི་ནང་ནས་རྩ་བའམ་མ་དཔེ་ལྟ་བུ་ཡིན་པ་ནི་མཁས་པ་མང་པོ་ཞིག་གི་བཞེད་དགོངས་ཡིན་པས་བདག་གིས་ཀྱང་ལུང་དང་རིགས་པའི་རྒྱབ་རྟེན་ཡོད་པའི་སྒོ་ནས་གཞུང་འདི་ཉིད་གཞུང་གཞན་དག་གི་རྩ་བའམ་མ་དཔེ་ལྟ་བུ་ཡིན་པ་གཞིར་བཞག་པའི་སྟེང་ནས་གཞུང་འདིར་བསྟན་ཡོད་པའི་འགྱུར་ཕྱག་ཅེས་པ་དེ་དངོས་ཡིན་མིན་དང་སློབ་དཔོན་གྱིས་མཛད་པ་ཡིན་མིན་གྱི་ཐོག་ནས་མཁས་མཆོག་ཀརྨ་སི་ཏུ་པཎ་ཆེན་གྱི་དགོངས་པ་རང་ལུགས་སུ་བཞག་ཏེ་དཔྱད་པར་བྱ་བ་ལ། ཐོག་མར་ས་བཅད་ཀྱི་དབང་དུ་བྱས་ན།
དགག་གཞག་སྤོང་གསུམ་ཡོད་པ་ལས། དང་པོ་གཞན་ལུགས་དགག་པ་ལའང་། གཞན་གྱི་ལུགས་བརྗོད་པ་དང་། གཞན་གྱི་ལུགས་དེ་དག་མི་འཐད་པའི་ཚུལ་བསྟན་པ་གཉིས་ལས།
དང་པོ་གཞན་གྱི་ལུགས་བརྗོད་པ་ལ།
སྦྱིར་བཏང་ལུང་སྟོན་པ་རྩ་བ་སུམ་ཅུ་པའི་དབུ་ན་བཞག་ཡོད་པའི་འགྱུར་ཕྱག་ཅེས་པ་དེར་བོད་ཀྱི་སྔ་ཕྱིའི་མཁས་པ་ཚོས་གོ་བ་ལེན་སྟངས་མི་འདྲ་བའམ་བཞེད་དགོངས་མི་མཐུན་པ་ཅི་རིགས་ཤིག་འདུག་ཀྱང་། འདིར་གྲགས་ཆེ་བ་གཉིས་ཙམ་བཀོད་ནས་བརྟག་པར་བྱ་སྟེ།
ཐོག་མར་མཁས་པའི་དབང་པོ་རྗེ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ན་རེ།
སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་སྦྱར་བ་ནི་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་སྨྲ་བ་སྟེ། ངག་གི་དབང་ཕྱུག་དམ་པར་གྱུར་པ་རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་དང་།
གཞན་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་ངམ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ན་རེ།
ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་པར་སི་ཏུ་པཎ་ཆེན་གྱི་འགྲེལ་ཆེན་ལས་བསྟན་བཅོས་འདི་དཔྱད་པ་གསུམ་གྱིས་རྣམ་པར་དག་པས་རྗེས་འཇུག་རྣམས་ཀྱིས་འཕགས་ཡུལ་ནས་བསྒྱུར་པའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཕགས་པ་འཇམ་དཔལ་ལ་ཕྱག་མཛད་པའོ། ། ཞེས་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཐོན་མིས་སུམ་ཅུ་བ་མ་བརྩམས་པའི་གོང་དུ་བོད་ན་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་འཕགས་ཡོད་དམ་ཅི། ཡོད་ན་གཞན་ལ་བཀག་པའི་སྐྱོན་རང་ལ་ཕྱིར་འཁོར་བར་འགྱུར། མེད་ན་ཁྱེད་ཀྱིས་དེ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐོན་མིས་འགྱུར་ཕྱག་དེ་བཀོད་པར་མ་གསུངས་སམ། གཞན་ཡང་། སུམ་ཅུ་བ་མ་བརྩམས་པའི་གོང་དུ་ཐོན་མིས་མདོ་རྒྱུད་དུ་མ་བསྒྱུར་ནས་དེ་དག་ལ་འགྱུར་ཕྱག་ཀྱང་བཀོད་ཟིན་ནམ་ཅི། ཟིན་ན་རྣམ་གླིང་བ་ལ་བསླབ་བྱ་གནང་སྐབས་ཐོན་མིས་ཐོག་མར་ཡི་གེ་བཟོས། དེ་ནས་སུམ་ཅུ་བ་སོགས་བརྩམས། དེ་ནས་མདོ་རྒྱུད་སོགས་བསྒྱུར་བའི་གོ་རིམ་འདི་འཆོལ་བར་མི་འགྱུར་རམ། དེ་མིན་ན། ཁྱེད་ཀྱིས་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཇམ་དཔལ་ལ་ཕྱག་འཚལ་ཞེས་གསུངས་པ་འདི་ཅི། མཚུངས་དཔེ་སྔོན་དུ་གྲུབ་ཅིང་མཚུངས་ཆོས་རྗེས་སུ་གྲུབ་པ་ནི་ཆོས་ཉིད་ཀྱིས་གྲུབ་པའི་གོ་རིམ་ཡིན་ནོ་ཞེས་ཟེར་བ་ལ། ལན་ཇི་ལྟར་གདབ་བློ་གྲོས་ཞིབ་མོས་བརྟག་པར་བྱའོ། ། ཞེས་གསུངས་སོ། །
གཉིས་པ་མི་འཐད་པའི་ཚུལ་བསྟན་པ་ལ།
འདོད་པ་དང་པོ་མི་འཐད་པའི་ཚུལ་ནི།
སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་པ་སློབ་དཔོན་ཐོན་མི་སམ་བྷོ་ཊས་མཛད་པའི་འགྱུར་ཕྱག་ཡིན་མདོག་ཁ་པོ་བྱས་ཏེ་དེ་ནི་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་སྨྲ་བ་ཡིན། ཞེས་གསུངས་ཀྱང་འཐད་པའི་ཕྱོགས་སུ་མ་མཐོང་སྟེ། གལ་སྲིད་དེ་ལྟ་བུ་ཞིག་ཡིན་པའི་དབང་དུ་བྱས་ན། སློབ་དཔོན་གྱིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པའི་སྐབས་དེར་འགྱུར་ཕྱག་གི་དཔེར་བྱ་འོས་པའི་ཡུལ་ཕྱོགས་གཞན་ནས་བསྒྱུར་ཡོང་བའི་བོད་ཀྱི་ལོ་ཙཱ་བའི་འགྱུར་ཕྱག་སྟོན་རྒྱུ་ཡོད་དམ་མེད། དེ་ཡོད་ན་ནི་མཁས་པའི་དབང་པོ་ཀརྨ་སྨོན་ལམ་འོད་ཟེར་ཚང་གིས་ཀྱང་འགྱུར་ཕྱག་གི་སྲོལ་ཐོག་མ་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས་བཏོད་པ་ཡིན་ཞེས་བརྗོད་པའང་མ་ཡིན་པར་འདོད་དགོས། དེ་ལྟར་འདོད་ཆོག་ཟེར་ན། འོ་ན་སློབ་དཔོན་གྱིས་སུམ་ཅུ་བ་སོགས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མ་བརྩམས་པའི་གོང་རོལ་དུ་ཡང་ང་ཚོ་བོད་ལ་ཡུལ་ཕྱོགས་གཞན་ནས་བསྒྱུར་བའི་བསྟན་བཅོས་ཡོད་པར་ཁས་ལེན་དགོས་སོ། ། དེ་ལྟར་ཁས་ལེན་རིགས་སྙམ་ན། མི་རིགས་ཏེ་དེ་ལྟར་ན་བོད་ཀྱི་སྔ་ཕྱིའི་མཁས་པ་མང་པོ་ཞིག་གི་ལུང་དང་འགལ་བའི་སྐྱོན་ཡོད།   སྔ་མ་ནི་དཔེར་ན་རྗེ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་མཆོག་གི་སུམ་ཅུ་པའི་རྣམ་འགྲེལ་ལས། གངས་ཅན་སྐད་ཀྱི་བརྡ་སྤྲོད་གཙུག་ལག་གཞུང་། ། གངས་ཅན་མཁས་པ་ཐོན་མི་སམྦྷོ་ཊ། ། གངས་ཅན་དམ་ཆོས་སྒྲོན་མེ་དེས་མཛད་པའི། ། བསྟན་བཅོས་ཟུང་འདི་རབ་ཏུ་དབྱེ་བར་བགྱི། ། ཞེས་དང་གཞན་ཡང་ཕྱིས་བྱོན་ཀརྨ་སི་ཏུས། རྒྱལ་རབས་སོ་གསུམ་པ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བཞུགས་པའི་ཚེ་དེའི་མདུན་ན་མིང་གི་ཡི་གེ་རབ་ཏུ་བརྗིད་པ་ཐུ་མི་སམ་བྷོ་ཊས་སུམ་ཅུ་བའི་བསྟན་བཅོས་འདི་ལ་སོགས་པ་བོད་ཀྱི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་བརྒྱད་ལ་སོགས་པ་མཛད་པས་སྨག་ལ་སྒྲོན་མེ་བཏེག་པ་བཞིན་དུ་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་རྒྱས་པའི་ལམ་གྱི་ཐོག་མ་སྣང་བར་གྱུར་ཏོ། ། ཞེས་དང་གཞན་ཡང་རིག་འཛིན་ཀུན་གྲོལ་གྲགས་པའི་ཀུན་སྣང་གསལ་བའི་སྒྲོན་མེ་ལས། བྱེ་བྲག་ཏུ་བརྡ་སྤྲོད་ཀྱི་གཞུང་འདི་ཉིད་བྱུང་ཚུལ་ནི། འཕགས་པ་སྙིང་རྗེའི་ལྷ་མཆོག་གི་རྣམ་པར་འཕྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། མཁས་པ་ཐུ་མི་ཞེས་བྱ་བ་འཁྲུངས་པ་དེས། བརྡ་སྤྲོད་ལ་མཁོ་གལ་ཆེ་བའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་པར་གྲགས་སོ། ། ཞེས་སོགས་ལུང་མཐའ་ཡས་པ་ཞིག་ཡོད་ཀྱང་གསུམ་ཙམ་དྲངས་ཏེ་ལུང་དེ་དག་དང་འགལ་བའི་སྐྱོན་ཡོད་དོ། ། གལ་སྲིད་སྐྱོན་དེ་མི་འཇུག་ཟེར་ན་སྐྱོན་དེ་ལ་སྐྱོན་སྤངས་བཟོ་བའི་རྣམ་དཔྱོད་གང་འདྲ་ཡོད་མེད་དང་སྐྱོན་དེར་དོན་དུ་ཁེལ་བའི་ལན་ཞིག་རྙེད་མིན་ལ་ཐེ་ཚོམ་གྱི་གནས་སོ། །
གཉིས་པ་མི་འཐད་པའི་ཚུལ་ནི།
ཨ་ལག་ཚེ་ཏན་ཞབས་དྲུང་གིས། སི་ཏུ་པཎ་ཆེན་གྱིས་སུམ་ཅུ་པའི་འགྱུར་ཕྱག་གི་སྐབས་སུ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཚང་ལ་སྐྱོན་འགའ་བརྗོད་པ་དེ་སི་ཏུ་པཎ་ཆེན་རང་ལ་ཕྱིར་འཁོར་བའི་སྐྱོན་འགའ་སྨྲས་ཡོད་ཀྱང་དེའང་འཐད་པར་མ་མཐོང་སྟེ། གོ་རིམ་བཞིན་དགག་པར་བྱའོ། ། ཐོག་མར་ཁོང་གིས་སི་ཏུ་པཎ་ཆེན་ལ་ཐོན་མིས་སུམ་ཅུ་བ་མ་བརྩམས་པའི་གོང་དུ་བོད་ན་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་འཕགས་ཡོད་དམ་ཅི། ཡོད་ན་གཞན་ལ་བཀག་པའི་སྐྱོན་རང་ལ་ཕྱིར་འཁོར་བར་འགྱུར། ཞེས་པར་མེད་ཅེས་ལབ་ཆོག་ཆོག་ཡིན། དེ་ལྟར་ལབ་དགོས་པའི་རྒྱུ་མཚན་གང་ཡོད་ཅེ་ན། སྤྱིར་བཏང་ང་རང་ཚོ་བོད་ཀྱི་ལོ་ཙཱ་བ་ཆེས་ཐོག་མ་ནི་སློབ་དཔོན་ཐོན་མི་སམྦྷོ་ཊ་ཡིན་པར་བཤད་མི་དགོས་པའི་གནས་ཤིག་རེད། ཡིན་པའི་རྒྱུ་མཚན་ཡང་མེད་པ་མ་ཡིན་ཏེ། མཁས་པའི་དབང་པོ་པྲ་ཏི་རིན་ཆེན་དོན་འགྲུབ་ཀྱིས། དེ་ལ་འདིར་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐོན་མི་སམྦྷོ་ཊ་ཞེས་གྲགས་པ་གང་དེས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའ་ིསྐུའི་རིང་ལ་ཡི་གེའི་སྲོལ་བཏོད་ཅིང་། གསུང་རབ་ཐམས་ཅད་ཀྱི་ཕྱི་མོར་གྱུར་པའི་བརྡའ་སྤྲོད་ཀྱི་གཞུང་རྩོམ་པ་སོགས་ཀྱི་མཛད་པ་དཔག་པར་དཀའ་བས་རྒྱལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང་། ད་ལྟའི་བར་དུའང་བྱང་ཕྱོགས་ཀྱི་ཡུལ་གྲུ་མཐའ་དག་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ནི། མཁས་བླུན་ཀུན་ལ་བསྙོན་པར་མི་ནུས་པར་མངོན་སུམ་གྱིས་གྲུབ་ལ། ཞེས་དང་གཞན་ཡང་། མཁས་མཆོག་སི་ཏུ་པཎ་ཆེན་གྱིས་ཀྱང་། དེའང་བདག་ཅག་གི་སྟོན་པས་འཇམ་དཔལ་རྩ་བའི་རྒྱུད་སོགས་སུ་ཇི་ལྟར་ལུང་བསྟན་པ་བཞིན་ཁ་བ་ཅན་གྱི་ཡུལ་དབུས་སུ་གྱུར་པ་ལྷ་ལྡན་ཉིད་དུ་ལི་ཙ་བཱིའི་རིགས་ལས་ཆོས་སྐྱོང་བའི་རྒྱལ་པོ་ཚར་དུ་དངར་བ་རིམ་པར་བྱོན་པ་ལས་ཉི་མ་ལྟ་བུར་གྲགས་པ་རྣམ་པར་གསལ་བ། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་མཚན་སྙན་པར་གྲགས་པ་ཉིད་སྐྱེ་དགུའི་དཔལ་དུ་ཤར་ཏོ། ། དེའི་ཚེ་དེའི་མདུན་ན་འདོན་མཁས་པར་གྲགས་པ་མང་པོའ་ིདབུས་སུ་མིང་གི་ཡི་གེ་རབ་ཏུ་བརྗིད་པ་ཐུ་མི་སཾ་བྷོ་ཊས། དཀའ་ངལ་དང་ལེན་མཛད་ནས་རྒྱ་གར་འཕགས་ཡུལ་དུ་བརྟོལ་ཏེ། པཎྚི་ཏ་ལྷ་རིག་པའི་སེངྒེ་ལ་སོགས་སློབ་དཔོན་དུ་བསྟེན་ནས་ཕྱི་ནང་གི་རིག་པ་མང་པོར་སྦྱངས་ཤིང་བསྟན་བཅོས་མང་པོས་མགུལ་བ་བརྒྱན་ནས་སླར་ལྡོག་པའི་ཚེ། སྐུ་མཁར་མ་རུར་ནཱ་ག་རའི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་གི་གཟུགས་བརྩམས་ཏེ་ཡིག་ཕུད་དུ། རྒྱལ་པོར་བྱ་དཀའི་ལམ་ནས་དྲངས་པའི་བསྟོད་པས་ཆེད་དུ་བརྗོད་པས་དགེས་ཤིང། རིམ་པར་བསྟན་བཅོས་འདི་ལ་སོགས་པ་བོད་ཀྱི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་བརྒྱད་ལ་སོགས་པ་མཛད་པས་སྨག་ལ་སྒྲོན་མེ་བཏེག་པ་བཞིན་དུ་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་རྒྱས་པའི་ལམ་གྱི་ཐོག་མ་སྣང་བར་གྱུར་ཏོ། ། ཞེས་པའི་ལུང་དོན་རྣམས་ལ་བརྟགས་ནའང་ཁོང་ནི་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་སྤེལ་བའི་ལམ་གྱི་ཐོག་མ་ཡིན་པ་དང་བོད་ཀྱི་ལོ་ཙཱ་བ་ཆེས་ཐོག་མ་ཡིན་པ་མ་ཟད་ཁོང་གི་སྔོན་དུ་ཡུལ་ཕྱོགས་གཞན་དང་གཞན་གྱི་གཞུང་ལུགས་དག་བོད་ལ་ཚུར་བསྒྱུར་ཐུབ་མཁན་ཞིག་མེད་པ་ནི་མངོན་གསལ་རེད། དེ་བཞིན་མེད་ན་ཁྱེད་ཀྱིས་དེ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐོན་མིས་འགྱུར་ཕྱག་དེ་བཀོད་པར་མ་གསུངས་སམ། གཞན་ཡང་སུམ་ཅུ་བ་མ་བརྩམས་པའི་གོང་དུ་ཐོན་མིས་མདོ་རྒྱུད་དུ་མ་བསྒྱུར་ནས་དེ་དག་ལ་འགྱུར་ཕྱག་ཀྱང་བཀོད་ཟིན་ནམ་ཅི། ཟིན་ན་རྣམ་གླིང་བ་ལ་བསླབ་བྱ་གནང་སྐབས་ཐོན་མིས་ཡི་གེ་བཟོས། དེ་ནས་སུམ་ཅུ་བ་སོགས་བརྩམས། དེ་ནས་མདོ་རྒྱུད་སོགས་བསྒྱུར་བའི་གོ་རིམ་འདི་འཆོལ་བར་མི་འགྱུར་རམ། ཞེས་པར་ལན་འདི་ལྟར་གདབ་པར་བྱ་སྟེ། སྤྱིར་བཏང་སི་ཏུའི་འགྲེལ་ཆེན་ནང་དུ་དེ་འདྲ་ཞིག་གསུངས་ཡོད་པ་བདེན་པར་སྣང་ཡང་དེ་ནི་སུམ་ཅུ་བ་མ་བརྩམས་པའི་གོང་དུ་ཐོན་མིས་མདོ་རྒྱུད་དུ་མ་བསྒྱུར་ནས་དེ་དག་ལ་འགྱུར་ཕྱག་ཀྱང་བཀོད་ཟིན་ཞེས་པའི་དོན་དང་ཐོན་མིའི་སྔོན་དུ་དཔེར་བྱ་འོས་པའི་འགྱུར་ཕྱག་ཡོད་དེ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐོན་མིས་འགྱུར་ཕྱག་འདི་བཀོད་པ་ཡིན་ཞེས་པའི་དོན་མ་ཡིན་ནོ། ། འོ་ན་དགོངས་པ་དེ་གང་འདྲ་འགྲེལ་ཞེ་ན། མཁས་པ་གཞན་དག་གིས་སུམ་ཅུ་པའི་གཞུང་མཛད་སྐབས་སློབ་དཔོན་གྱིས་འཕགས་ཡུལ་ནས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་མཁས་པ་གཞན་དག་གིས་རང་རང་གི་བླ་མ་དང་དབྱེར་མེད་པའི་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་མཛད་པ་ཡིན་ཞེས་པའི་དོན་དུ་སེམས་སོ། ། དེ་བས་སི་ཏུས་རྣམ་གླིང་བ་ལ་བསླབ་བྱ་གནང་སྐབས་སློབ་དཔོན་གྱིས་བརྡ་སྤྲོད་པའི་གཞུང་སོགས་མཛད་སྐབས་ཀྱི་གོ་རིམ་འདི་འཆོལ་བའི་དོགས་པ་སྐྱེ་མི་དགོས་སོ། །
བར་སྐབས་ཀྱི་ཚིགས་བཅད།
གང་ཞིག་སྨྲ་བའི་སྤོབས་པ་ཡོད་ཙམ་གྱིས། །
ཤེས་བྱའི་མཚོ་མོ་བརྒལ་འདོད་འཁྲུལ་བའི་བློ། །
འབད་རྩོན་དྲག་པོས་དང་དུ་བླངས་གྱུར་ན། །
མི་ཤེས་མི་འགྲུབ་ཆོས་ཤིག་སྲིད་ན་དཀོན། །
གཉིས་པ་འཐད་ལྡན་རང་ལུགས་གཞག་པ་ལ། རང་ལུགས་དངོས་དང་། འགྱུར་ཕྱག་ཅེས་པར་ཚིག་རིས་མི་འདྲ་བ་མང་པོ་ཡོད་ཚུལ་བསྟན་པ་གཉིས་ལས།
དང་པོ་ནི། སྤྱིར་བཏང་འགྱུར་ཕྱག་ཡིན་ན་འགྱུར་ཕྱག་དངོས་ཡིན་པའི་ཁྱབ་པ་མེད་དེ་འགྱུར་ཕྱག་དངོས་ཞེས་པའི་གོ་དོན་ནི་མདོ་རྒྱུད་དང་རིག་གཞུང་གི་བསྟན་བཅོས་སོགས་ཡུལ་ཕྱོགས་གཞན་ནས་བསྒྱུར་སྐབས་ལོ་ཙཱ་བས་རང་ཉིད་ཀྱི་དད་གུས་བྱ་སའི་དཀོན་མཆོག་དང་ལྷ་ལ་ཕྱག་བྱ་བའི་ཚིག་ཅིག་དབུ་ལ་འཇོག་པ་དེ་ལ་ཟེར། དཔེར་ན་ལེགས་སྦྱར་སོགས་ནས་བསྒྱུར་པའི་བོད་ཡིག་གི་བཀའ་བསྟན་བཅོས་རྣམས་ཀྱི་དབུར་ལོ་ཙཱ་བ་རྣམས་ཀྱིས་འགྱུར་ཕྱག་ཅི་རིགས་བཞག་ཡོད་པས་མཚོན་ནོ། ། བོད་ཀྱི་རྒྱལ་རབས་སྔོན་མ་དག་གི་སྐབས་སུ་སངས་རྒྱས་ཀྱི་ཆོས་ལུགས་སྒྱུར་སྐབས་སྡེ་སྣོད་མི་འདྲ་བ་སོ་སོའི་སྐབས་སུ་འགྱུར་ཕྱག་མི་འདྲ་བ་འཇོག་ཚུལ་འགའ་ཞིག་ཡོད་དེ། དེ་ཡང་མངོན་པའི་སྡེ་སྣོད་ལ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ཞེས་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡུལ་རང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་འབྱེད་པའི་ཤེས་རབ་ནི་འཇམ་པའི་དབྱངས་ལ་རག་ལས་ཡོད་པས་དེ་ལ་འགྱུར་ཕྱག་བྱ་བ་དང་། འདུལ་བའི་སྡེ་སྣོད་ལ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། ཞེས་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་བཅས་པ་མཛད་པ་པོ་སངས་རྒྱས་ཡིན་པ་དང་། དེའི་བླང་དོར་གྱི་གནས་ཕྲ་ཞིང་ཕྲ་བ་རྣམས་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པས་སྟོན་པ་སངས་རྒྱས་ལ་ཕྱག་འཚལ་བའོ། ། མདོ་སྡེའི་སྡེ་སྣོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཞེས་མདོ་སྡེའི་སྡེ་སྣོད་ལས་སངས་རྒྱས་དང་བྱང་སེམས་ཀྱི་མཛད་པ་དང་། ཉམས་ལེན་རྣལ་འབྱོར་གྱི་རིམ་པ་གཙོ་བོར་སྟོན་པ་དང་། དེ་རྣམས་ཏིང་ངེ་འཛིན་གྱི་བསླབ་པ་ལ་མངའ་བརྙེས་པའི་གང་ཟག་གི་གཙོ་བོ་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བའི་སྲོལ་བཏོད་པ་ཡིན་ནོ། ། དེ་བཞིན་དུ་བོད་ཡིག་རང་གི་ཐོག་བྲིས་པའི་གཞུང་ལུགས་འགའ་རེར་འགྱུར་ཕྱག་བཞག་པ་ཡོད་དེ། དེ་དག་ནི་འགྱུར་ཕྱག་གི་དོད་དུ་བཞག་པ་ལས། འགྱུར་ཕྱག་དངོས་མིན་ཏེ་འགྱུར་ཕྱག་ཕལ་བ་ཞེས་བཞེད་དོ། ། དཔེར་ན་སྐབས་བབ་ཀྱི་དཔྱད་བྱའི་གཞུང་ལུང་སྟོན་པ་རྩ་བ་སུམ་ཅུ་པའི་འགྱུར་ཕྱག་ལྟ་བུར་འགྱུར་ཕྱག་ཕལ་བ་ཞེས་བརྗོད་པ་ཡིན་ནོ། ། འདི་འགྱུར་ཕྱག་དངོས་མིན་པའི་རྒྱུ་མཚན་ནི་སློབ་དཔོན་ཐོན་མིས་སུམ་ཅུ་པའི་གཞུང་འདི་ཡུལ་ཕྱོགས་གཞན་ནས་བསྒྱུར་བ་མ་ཡིན་པར་བོད་སྐད་ལས་བརྩམས་པ་ཡིན་པས་ལོ་ཙཱ་བ་དག་གིས་བོད་སྐད་ལས་བོད་སྐད་དུ་བསྒྱུར་བ་མི་སྲིད་པའི་ཕྱིར་རོ། ། དེ་བཞིན་དུ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་ཨ་ལག་ཤ་ངག་དབང་བསྟན་དར་གཉིས་ཀྱིས་འདི་འགྱུར་ཕྱག་དངོས་མིན་པ་མ་ཟད་སུམ་ཅུ་པའི་སྐབས་སུ་འགྱུར་ཕྱག་ཅེས་པའི་ས་བཅད་ཀྱང་མི་བཀྲམ་ཞེས་གསུངས་མོད། འོན་ཏེ་འགྱུར་ཕྱག་ཅེས་པའི་ས་བཅད་བཀྲམ་པ་ལ་ཆེས་ཆེར་མི་ལེགས་པའི་སྐྱོན་མེད་དེ་འགྱུར་ཕྱག་ཡིན་ན་འགྱུར་ཕྱག་དངོས་ཡིན་མི་དགོས། འགྱུར་ཕྱག་ཕལ་བ་འདི་སློབ་དཔོན་གྱིས་མཛད་པ་ཡིན་མིན་གྱི་ཐོག་ནས་མཁས་པ་དག་གི་དགོངས་བཞེད་ཅུང་མི་མཐུན་པས་དཔྱད་པ་རེ་ཟུང་ཡོད་ཀྱང་རེ་ཞིག་ཁོ་བོས་འགྱུར་ཕྱག་ཕལ་བ་འདི་སློབ་དཔོན་གྱིས་མཛད་པ་མ་ཡིན་ཞེས་དམ་བཅས་པ་ཡིན་ནོ། ། དེ་ལྟར་དམ་བཅས་པ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ། མཁས་པའི་དབང་པོ་སི་ཏུ་པཎ་ཆེན་ན་རེ། བསྟན་བཅོས་འདི་དཔྱད་པ་གསུམ་གྱིས་རྣམ་པར་དག་པས་རྗེས་འཇུག་རྣམས་ཀྱིས་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་འཕགས་པ་འཇམ་དཔལ་ལ་ཕྱག་མཛད་པའོ་ཞེས་པའི་དགོངས་དོན་འགྲེལ་ཡོང་དུས་མཁས་པ་ལ་ལས་བསྟན་བཅོས་འདི་དཔྱད་པ་གསུམ་གྱིས་རྣམ་པར་དག་པས་རྗེས་འཇུག་རྣམས་ཀྱིས་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་སློབ་དཔོན་གྱིས་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་མཛད་པ་ཡིན་ཞེས་པའི་དོན་དུ་བཀྲལ་མོད། བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན་དེ་ལྟར་མ་ཡིན་ཏེ་དེའི་ལུང་དོན་ནི་རྗེས་འཇུག་རྣམས་ཀྱིས་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་པར་འཕགས་པ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐུ་མི་ཉིད་ཀྱིས་བསྒྱུར་བའི་མདོ་རྒྱུད་རྣམས་ཀྱི་འགྱུར་ཕྱག་དང་མཐུན་པར་ཕྱིས་སུ་མཁས་པ་དེ་ཚོས་འཕགས་པ་འཇམ་དཔལ་ལ་ཕྱག་མཛད་པ་ཡིན་ཞེས་པའི་དོན་ཡིན་པར་སྙམ་མོ། ། གཞན་ཡང་གཞུང་ལ་ལར་འགྱུར་ཕྱག་དངོས་ཀྱི་སྲོལ་ཐོག་མར་ཐོན་མི་སམ་བྷོ་ཊས་བཏོད་པ་ཡིན་ཞེས་གསུངས་མོད། དེ་ནི་ལེགས་བཤད་དུ་སྣང་སྟེ་ཐོན་མི་སམ་བྷོ་ཊས་འཕགས་ཡུལ་ནས་མདོ་དང་རྒྱུད་ལ་སོགས་པ་བོད་ཡུལ་དུ་བསྒྱུར་ཡོད་པ་ནི་མཁས་པ་ཚོའི་དགོངས་བཞེད་མཐུན། དེ་བཞིན་དུ་བསྒྱུར་ཡོང་བའི་མདོ་དང་རྒྱུད་ལ་སོགས་པའི་དབུ་ལ་འགྱུར་ཕྱག་བཞག་ཡོད་པའང་ཡོངས་གྲགས་རེད། འོན་ཏེ་འདིའི་འགྱུར་ཕྱག་ནི་དངོས་མིན་པས་ཐོན་མི་སམ་བྷོ་ཊས་མཛད་པ་མ་རེད་ཅེས་ལབ་ན་ཆོག་སྙམ། འདིའི་འགྱུར་ཕྱག་ཐོན་མིས་མཛད་པ་མ་ཡིན་པ་ཙམ་གྱིས་འགྱུར་ཕྱག་དངོས་ཀྱི་སྲོལ་ཐོག་མར་བཏོད་མཁན་ཐོན་མི་མ་ཡིན་པའི་སྐྱོན་ནི་མི་འཇུག་གོ །
གཉིས་པ་འགྱུར་ཕྱག་ཅེས་པར་ཚིག་རིས་མི་འདྲ་བ་མང་པོ་ཡོད་ཚུལ་བསྟན་པ་ནི།
* སི་ཏུ་པཎ་ཆེན་མཆོག་གི་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ལས།
ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
* པྲ་སྟི་རིན་པོ་ཆེའི་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་ལས།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། སྨྲ་བ་ནི་ངག་དང་། དབང་ཕྱུག་ནི་དབང་འབྱོར་བ་ཡིན་ལ། ངག་གི་རང་བཞིན་ཤེས་བྱའི་ངོ་བོ་དང་རྣམ་པ་མ་ལུས་པ་ཇི་ལྟ་བ་བཞིན་སྨྲ་བ་ལ་ཐོགས་པ་མེད་པར་རང་དབང་དུ་སྤྱོད་པའི་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་ཞེས་པའོ་ཞེས་དང་།
* རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་བ་ལེགས་བཤད་སྣད་བྱེད་ནོར་བུ་དང་བསྟན་འགྱུར་ཁྲོད་ཀྱི་སུམ་ཅུ་པའི་དབུར།
སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་སྦྱར་བ་ནི་ངག་གི་དབང་ཕྱུག་དམ་པར་གྱུར་པ་རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་དང་།
* གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ལས།
སྨྲ་བའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། ཞེས་པས་རང་ཉིད་ཀྱི་ལྷག་པའི་ལྷ་ལ་ཕྱག་འཚལ་ཞིང་ཆེད་བརྗོད་མཛད་པའོ་ཞེས་སོགས་མཁས་པ་ཚོའི་འགྱུར་ཕྱག་ལ་ཚིག་རིས་མི་འདྲ་བ་དུ་མ་བྱུང་བ་ལས་ཀྱང་སློབ་དཔོན་གྱིས་མཛད་པ་མ་ཡིན་པ་རྟོགས་སོ། །
གསུམ་པ་རྩོད་པ་སྤོང་བ་ནི།
ཁ་ཅིག་ན་རེ། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཞེས་སྦྱར་བ་ནི་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་སྨྲ་བ་ཡིན། ཞེས་འགྱུར་ཕྱག་དངོས་དང་ཕལ་བའི་ཁྱད་པར་མ་ཕྱེ་ནས་གོ་དོན་སོགས་གཅིག་ཉིད་དུ་འགྲེལ་ཡང་མི་འཐད་དེ། འགྱུར་ཕྱག་དངོས་དང་ཕལ་བ་གཉིས་ཀྱི་གོ་དོན་མི་འདྲ་བ་གང་ཞིག་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར། གྲུབ་སྟེ། འགྱུར་ཕྱག་དངོས་ཀྱི་གོ་དོན་ནི་བསྟན་བཅོས་བསྒྱུར་བ་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་ཡིན་དགོས་པ་གང་ཞིག་འགྱུར་ཕྱག་ཕལ་བའི་གོ་དོན་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །
ཁ་ཅིག་ན་རེ། ཐོན་མིས་སུམ་ཅུ་བ་མ་བརྩམས་པའི་གོང་དུ་བོད་ན་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་འཕགས་ཡོད་དམ་ཅི། ཡོད་ན་གཞན་ལ་བཀག་པའི་སྐྱོན་རང་ལ་ཕྱིར་འཁོར་བར་འགྱུར། ཞེས་པའི་སྐྱོན་སི་ཏུར་མི་འཇུག་སྟེ། སི་ཏུས་ཐོན་མིས་སུམ་ཅུ་བ་མ་བརྩམས་པའི་གོང་དུ་བོད་ན་འཕགས་ཡུལ་ནས་བསྒྱུར་བའི་བསྟན་བཅོས་ཁྱད་འཕགས་ཡོད་ཅེས་གསུངས་མྱོང་མེད་པའི་ཕྱིར། གྲུབ་སྟེ། སི་ཏུས་འདོན་མཁས་པར་གྲགས་པ་མང་པོའ་ིདབུས་སུ་མིང་གི་ཡི་གེ་རབ་ཏུ་བརྗིད་པ་ཐུ་མི་སཾ་བྷོ་ཊས། སྐུ་མཁར་མ་རུར་ནཱ་ག་རའི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་གི་གཟུགས་བརྩམས་ཏེ་ཡིག་ཕུད་དུ། རྒྱལ་པོར་བྱ་དཀའི་ལམ་ནས་དྲངས་པའི་བསྟོད་པས་ཆེད་དུ་བརྗོད་པས་དགེས་ཤིང། རིམ་པར་བསྟན་བཅོས་འདི་ལ་སོགས་པ་བོད་ཀྱི་བརྡ་ཡང་དག་པར་སྦྱར་བའི་བསྟན་བཅོས་བརྒྱད་ལ་སོགས་པ་མཛད་པས་སྨག་ལ་སྒྲོན་མེ་བཏེག་པ་བཞིན་དུ་ཤཱཀྱའི་བསྟན་པ་བྱང་ཕྱོགས་སུ་རྒྱས་པའི་ལམ་གྱི་ཐོག་མ་སྣང་བར་གྱུར་ཏོ། ། ཞེས་སློབ་དཔོན་གྱི་སྔོན་དུ་བོད་ལ་ལོ་ཙཱ་བ་ཞིག་མེད་པ་ནི་ལུང་གིས་བསྒྲུབས་པའི་ཕྱིར།
མེད་ན་ཁྱེད་ཀྱིས་དེ་རྣམས་དང་མཚུངས་པར་ལྟ་ཞིང་དོན་དུ་གཉེར་རིགས་སོ་ཞེས་འདོམས་པའི་དོན་དུ་ཐོན་མིས་འགྱུར་ཕྱག་དེ་བཀོད་པར་མ་གསུངས་སམ། ཞེས་པར་རྟགས་མ་གྲུབ་ཅེས་བརྗོད་ཆོག་སྟེ། སི་ཏུས་ཐོན་མིས་འགྱུར་ཕྱག་དེ་བཀོད་པ་ཡིན་ཞེས་གང་དུའང་མ་གསུངས་པའི་ཕྱིར་རོ། །
སླར་སྨྲས་པ། 
བསྟན་པའི་རྒྱལ་མཚན་ཕྱོགས་ཀུན་བསྒྲེང་བ་ལ། །
གཙུག་ལག་ཆོས་ཀྱི་གསལ་བྱེད་འབྱུང་གནས་ཆེ། །
གང་གི་གཞུང་བཟང་ལེགས་པར་བཤད་པའི་མཛོད། །
ཇི་བཞིན་རྟོགས་པའི་བློ་གྲོས་རྒྱས་པར་མཛོད། །
དེ་ལྟར་འབད་པའི་རྣམ་དཀར་དགེ་བའི་ལས། །
ཅི་མཆིས་འགྲོ་བའི་ཚོགས་ལ་ལེགས་སྨིན་ནས། །
མ་དག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །
ཐར་བའི་སྐལ་བཟང་འཐོབ་པའི་རྒྱུར་གྱུར་ཅིག །
ཅེས་ཕྱི་ལོ་༢༠༢༢•ལོའི་བོད་ཟླ་༩ པའི་ཚེས་༢༡ ཉིན་དམ་ཆོས་འོད་གསལ་རྫོགས་པ་ཆེན་པོའི་དྲི་བསུང་འཐུལ་བའི་དབེན་གནས་ཏེ་ཆོས་ཀྱི་སྡེ་ཆེན་པོ་དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ཆོས་ཉིད་འོད་གསལ་གླིང་ནས་དཔལ་ལྡན་རྒྱ་མཚོ་རུ་འབོད་པ་དེས་སྦྱར་བའོ། །

དཔྱད་གཞིའི་ཡིག་ཆ།
༡ སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་(འཁྲུངས་ལོ། ༡༧༠༠ འདས་ལོ། ༡༧༧༤)མཆོག་གི་(སི་ཏུའི་འགྲེལ་ཆེན་)རབ་བྱུང་བཅུ་གཉིས་པའི་སྟོད་ཀྱི་ཆ་ཤིང་བྱི་ཕྱི་ལོ་(༡༧༤༤)ལོར་གཞུང་འགྲེལ་འདི་ཉིད་གདན་ས་དཔལ་སྤུངས་སུ་མཇུག་ཡོངས་སུ་གྲུབ་པར་མཛད།
༢ རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་(འཁྲུངས་ལོ། ༡༦༤༥ འདས་ལོ། ༡༦༩༤)མཆོག་གི་(སུམ་རྟགས་འགྲེལ་བ་ལེགས་བཤད་སྣང་བྱེད་ནོར་བུ་)རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་(༡༦༨༢)ལོར་མཛད།
༣ ཨ་ལག་ཚེ་ཏན་ཞབས་དྲུང་ངམ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་(འཁྲུངས་ལོ། ༡༩༡༠ འདས་ལོ། ༡༩༨༥)མཆོག་གི་(ཐོན་མིའི་ཞལ་ལུང་)དུས་རབས་ཉི་ཤུ་པའི་སྨད་ཙམ་ལ་མཛད།
༤ ཨ་ལག་ཤ་ངག་དབང་བསྟན་དར་(འཁྲུངས་ལོ། ༡༧༥༩)མཆོག་གི་(སུམ་འགྲེལ་སྐལ་ལྡན་ཡིད་ཀྱི་པདྨོ་འབྱེད་པའི་སྣང་བའི་མཛོད་)དུས་རབས་བཅོ་བརྒྱད་པའི་སྨད་ཕྱོགས་ཙམ་ནས་མཛད།
༥ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་(འཁྲུངས་ལོ། ༡༨༤༥ འདས་ལོ། ༡༩༡༥)མཆོག་གི་(སུམ་རྟགས་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག་)དུས་རབས་བཅུ་དགུ་པའི་སྨད་ཕྱོགས་ཕྱི་ལོ་(༡༨༩༡)ལོར་མཛད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3504