རྟོགས་བརྗོད་འདིའི་བརྗོད་བྱའི་དོན་གླེང་བ།
ཉིན་ཞག་འགའི་བར་སྟོང་ལས་བསྟན་བཅོས་ཀྱི་མིང་ལ་མཛེས་དགའ་བོའི་རྟོགས་པ་བརྗོད་པའི་སྙན་དངགས་ཆེན་མོ་ཞེས་པ་འདི་བཀླགས་པ་ཡིན། ཞོར་དུ་སྙན་དངགས་འདི་བཀླགས་པའི་མྱོང་ཚོར་དང་འབྲེལ་བའི་དཔེ་ཀློག་རེག་ཟིན་དང་། དཔྱད་གཞི་འགའ་ལ་རང་ཉིད་ཀྱི་ལྟ་ཚུལ་དང་བཅས་ཏེ་འབྲི་བར་འདོད།
དེ་ལ་སྙན་རྩོམ་རིང་མོ་འདི་རྒྱ་ནག་གཙོས་ཡུལ་གྲུ་གཞན་དག་གི་སྐད་དུ་སྔོན་ཞིག་ནས་འགྱུར་ཡོད་པར་བཤད་ལ། བོད་གངས་ཅན་གྱི་སྐད་དུ་ཐོག་མར་སྒྱུར་མཁན་ནི་བོད་ལ་དྭགས་ཡུལ་གྱི་ལོ་ཙཱ་པ་མར་ཡུལ་པ་བློ་བཟང་འཇམ་དཔལ་ཁོང་ཡིན་འདུག་ལ། ཁོང་གིས་འདི་ལྟར་བོད་རང་སྐད་ཀྱི་ཐོག་ཏུ་བརྗོད་ལེགས་ལ། བརྩམས་ཆོས་རང་སྟེང་གི་བརྗོད་བྱའི་ནང་དོན་གྱི་བྲོ་བ་སྟེར་ཐུབ་པ་སོགས་ལེགས་པའི་སྐྱེས་སུ་གནང་བ་འདི་ལ་སྔོན་རབས་ཀྱི་མེས་པོ་དག་གིས་བཀས་བཅད་ཡོད་པ་བཞིན་ལོ་ཙཱ་པའི་བཀའ་དྲིན་དྲན་པར་བྱ་དགོས་ཞེས་ཐོག་མར་གླེང་བསླང་བའི་ཚུལ་གྱིས་སྐུལ་བར་བྱ།
སྤྱིར་རྟོགས་བརྗོད་ཧྲིལ་པོ་ལེའུ་བཅོ་བརྒྱད་དུ་གྲུབ་ཡོད་ལ། ནང་དོན་ནི་སྟོན་པ་སངས་རྒྱས་ཉིད་རང་གི་སྤུན་མཆེད་གཅུང་མཛེས་དགའ་བོའི་ཕོ་བྲང་གི་ཉེ་དྲུང་དུ་བསོད་སྙོམས་སུ་གཤེགས་པས་དགའ་བོས་དེ་ཉིད་མ་མཐོང་བས་ཡིད་རབ་ཏུ་འགྱོད་གདུང་དང་བཅས་སྟོན་པའི་རྗེས་སུ་སྙེགས་པ་ན། སྟོན་པ་ལམ་བར་ནས་མཇལ་འཕྲད་བྱུང་ནའང་ཁོང་གི་ཞབས་འབྲིང་དུ་འབྲངས་ནས་ནགས་ཀྱི་གནས་ག་ལ་བ་དེར་མི་གཤེགས་ཀ་མེད་དུ་གྱུར་པ་དང་། གནས་དེ་ཉིད་དུ་སྟོན་པས་རྗེས་སུ་གཟུང་བའི་ཕྱིར་དུ་དགའ་བོ་ལ་ལྷུང་བཟེད་བསྩལ་ནས་རབ་ཏུ་བྱུང་བར་བསྐུལ། ཡིན་ན་ཡང་དགའ་བོས་རང་གི་ཆུང་མ་ལ་ཞེན་ཆགས་ཀྱིས་བྱ་བ་དེ་ལས་ཇི་ལྟར་བཟློག་ཐབས་བྱས་ཀྱང་མ་བྱུང་བས་རང་གི་ཆུང་མ་ལ་ཚོན་རྩི་རི་མོ་མ་བསྐམས་པར་ཕྱིར་ལོག་བྱ་རྒྱུ་བྱས་པའི་ཁ་ཆད་ཀྱི་དམ་བཅའ་དང་འགལ་བར་གྱུར། དེ་ལྟར་ནའང་སྔོན་གྱི་འདོད་པ་དང་བརྩེ་བའི་དབང་ལས་ཕན་ཚུན་ཞེན་ཆགས་ཀྱིས་བསླས་པའི་ཡིད་དུང་དེས་སོ་སོའི་ས་ནས་བཅོས་མིན་གྱི་འཛའ་བཅུག་དོར་ཐུབ་ཐབས་མ་བྱུང་བའི་དབང་ལས་ཉིན་གྱི་ཟས་བརྗེད། མཚན་གྱི་གཉིད་ཀྱང་ཡོང་ཐབས་བྲལ་བའི་ན་ཆུང་ཕོ་མོ་གཉིས་ཀྱི་སེམས་ཀྱི་དགའ་བའི་ཆོ་ངེ་ཞིག་དང་། དྲག་ཏུ་ལྡང་བཞིན་པའི་བརྩེ་བའི་ཆུ་བོ་ཞིག་གིས་རང་དབང་མེད་པར་དྲན་གདུང་གིས་ལྕི་བའི་སྣང་ཚུལ་ཞིག་བསྟན་ཡོད།
དེ་ལ་སྟོན་པ་བདེ་བར་གཤེགས་པས་དབུ་མཛད་ནས་གནས་བརྟན་དགེ་སྦྱོང་ཆེན་པོ་དག་གིས་གཅུང་དགའ་བོ་ལ་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ནི་རེ་ཞིག་ལས་གཏན་དུ་མི་འགྱུར་བ་མ་ཡིན་པ། དང་པོ་སྐྱེ་བ་ནས་མཐའ་མ་འཆི་བའི་བར་ནི་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་ཚུལ་དང་། ཕྱོགས་གཞན་ཞིག་ནས་བརྩེ་བ་ཞེས་པ་ནི་འཆིང་བྱེད་ཀྱི་ཞགས་པ་དང་མཚུངས་པ་དང་། དེ་ལྟ་བུའི་རང་བཞིན་ངོ་ཤེས་པ་ལ་ནི་ཤེས་རབ་ཀྱི་གོ་ཆ་བརྟན་པོ་དགོས་པ་སོགས་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།ཚིག་འབྲུ་བཟང་པོ།མ་འདྲེས་པ། ཡོངས་སུ་རྫོགས་པ།ཡོངས་སུ་དག་པར་ཞིབ་རྒྱས་ཀྱིས་བཀའ་བསྩལ་ཚུལ་བསྟན།
དེ་ལྟར་རིམ་བཞིན་གཅུང་དགའ་བོ་ཚངས་སྤྱོད་ཀྱི་ལམ་བུ་དེ་ལ་མི་འདོད་བཞིན་དུ་ཞུགས་དགོས་བྱུང་ནའང་ཁོ་ཡི་བརྩེ་བའི་ཞེན་ཆགས་དེ་ཉིད་ཕྱི་ཐག་རིང་བའི་བརྩེ་བའི་དྲན་གདུང་ཞིག་ཏུ་ཉར་ནས་ཡིད་གཏིང་ནས་དབེན་པའི་ནགས་སུ་གནས་པ་ལ་ཡིད་རབ་ཏུ་སུན་ནས་ཡོད།
འོན་ཏེ་རྣམ་རྟོག་གི་འཆར་སྒོ་དང་། ཚོར་བའི་བསླུ་བྲིད་ནི་འདི་ཡིན་འཕྲོ་ལ་འདི་མིན་གཞན་ཞིག་འབྱུང་བ་དང་། ཡིད་ལ་ཡུན་རིང་ཞིག་ཏུ་བརྟན་པར་གནས་ནུས་པ་མ་ཡིན་པ་འདི་ཉིད་སྟོན་པས་དགོངས་ནས་ཁོང་ཉིད་རི་བོ་གངས་ཅན་དང་། ལྷ་ཡུལ་གྱི་ལྗོངས་རྒྱུ་དུ་གཤེགས་པ་ན་ཞབས་འབྲིང་གི་ཚུལ་དུ་གཅུང་དགའ་བོ་ཁྲིད་ནས་ཡུན་རིང་ཞེན་ཆགས་ཆེ་བའི་བརྩེ་བའི་དགའ་མ་དེ་ཉིད་ཡིད་ཀྱི་འཆར་སྒོ་ནས་རིམ་གྱིས་ཡལ་དུ་བཅུག །ཁོས་ཀྱང་ལྷ་ཡུལ་གྱི་བུ་མོའི་མཛེས་སྡུག་དང་། འཚོ་བ་ལ་དབང་མེད་དུ་ཡིད་དགའ་མགུ་བྱུང་བ་དང་། བར་སྐབས་དེར་ཡུན་རིང་ཡིད་ཀྱི་དྲན་ཤིང་དུ་ཉར་བའི་དགའ་མ་སུན་ད་རི་ཀ་ནི་མཛེས་སྡུག་དང་ཞེན་ཆགས་ཀྱི་ཡིད་ཡུལ་ནས་བོར་ཏེ། ལྷ་ཡུལ་གྱི་འཚོ་བ་ལོངས་སྤྱོད་ཐབས་སུ་ཚངས་སྤྱོད་ལམ་བུ་དེར་གནས་དགོས་བྱུང་བར་གྱུར།དེ་ལ་ཡང་སྟོན་པས་མཐོ་རིས་ལ་སྨད་པ་སོགས་ཀྱིས་མཐར་འདི་དག་ཀྱང་སྡུག་བསྔལ་གྱི་རྒྱུ་ཉིད་དུ་མཐོང་བའི་བདེན་ལུགས་ཉིད་བསྟན་ནས་ཡང་དག་པའི་ལམ་ཤེས་སུ་བཅུག་ནས་རིམ་བཞིན་ཁོའི་སེམས་ནི་ངེས་པར་འབྱུང་བའི་ལམ་ཁ་དེ་ནས་ཐར་བའི་ལམ་དུ་རྒྱུ་བའི་སྣང་ཚུལ་ཞིག་བསྟན་ཡོད།
གཞན་ཡང་མཛེས་སྡུག་དང་དགའ་བ་ཞེས་པ་ནི་བློས་ཕར་བཏགས་པ་ཤིག་ཡིན་པ་ལས་ཡུལ་ངོས་ནས་མ་གྲུབ་ཚུལ་གཅུང་དགའ་བོའི་ཆུང་མ་སྤྲེའུ་མོ་ཞར་མ་དང་། ལྷ་ཡུལ་གྱི་ལྷ་མོ་དང་བསྡུར་ནས་བློས་བཏགས་ཀྱི་དོན་ཤར་རྒྱུ་ཡོད་པ་སོགས་སློབ་དཔོན་ཁོང་གིས་སརྒས་བཅིངས་པའི་སྙན་ཚིག་གིས་ལམ་ནས་དྲངས་ཡོད་པས་འདི་ནི་འུ་ཅག་ལ་མཚོན་ན་སྟོན་པས་གསུངས་པའི་བློ་སྦྱོང་གི་བཀའ་བསྡུས་པའི་དོན་གྱི་བྱུང་བ་སྟོན་པའི་སྙན་ངག་རིང་མོ་ཞིག་ཏུ་གྲུབ་ནས་ཡོད། དེ་བས་བརྩམས་ཆོས་འདི་ལས་ངེད་ཅག་གིས་འཁོར་བ་ལ་ངེས་པར་འབྱུང་ཚུལ་དང་། རྣམ་པར་དཔྱོད་པའི་ཤེས་རབ་རྙེད་ཚུལ།ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་གི་སྐྱོན་དང་།བདེན་པའི་ཆོས་ཀྱི་གནས་ལུགས་དང་། ཉོན་མོངས་མེད་པའི་མཐར་ཐུག་གི་རྒྱལ་སར་སྙེགས་ཚུལ་སོགས་མདོར་ན་ཐུན་མོང་གི་སྣང་ངོ་ལ་འཆར་རྒྱུ་ཡོད་པ་ཞིག་དང་། འཁོར་འདས་ཀྱི་རྣམ་བཞག་ཆ་ཚང་བ་ཞིག་ཀྱང་གསལ་སྟོན་བྱས་ནས་ཡོད།
དེ་བཞིན་ཟུར་གཞན་དག་ཅིག་ལ་རྟོགས་བརྗོད་འདི་ལས་ཆེད་དུ་བྱ་བའི་གདུལ་བྱ་དམིགས་གསལ་བ་ལ་དགོངས་ནས་བུད་མེད་ནི་བགེགས་ཤིག་དང་། སྐྱོན་གྱི་གོང་བུ་ཞིག་ཡིན་ཚུལ་བསྟན་པ་བུད་མེད་ཀྱི་བགེགས་ཞེས་པའི་ལེའུ་ཞིག་ཡོད་འདུག་ལ། སྣང་ཚུལ་དེས་ཕོ་མོ་འདྲ་མཉམ་གྱི་ཐོག་ནས་བལྟས་ན་རྟོགས་བརྗོད་འདི་ཉིད་ལས་བུད་མེད་ནི་བགེགས་ཤིག་ཡིན་ཚུལ་གོ་བ་གཞན་ཞིག་ནས་ལེན་དགོས་པར་སྣང་།
དེ་ལྟར་དགའ་བོ་དང་། ཁོའི་མཛའ་མོ་གཉིས་ཀྱི་ཁ་ཆད་བྱས་པའི་བརྩེ་བ་ཟབ་མོ་དེ་ལམ་ཁ་གཞན་ཞིག་ཏུ་བསྐྱོད་དགོས་བྱུང་བའི་སྣང་ཚུལ་འདི་ཉིད་ཕལ་བའི་ངོར་དེ་འདྲའི་མཛེས་སྡུག་ཅིག་ག་ལ་ཡིན་ཏེ། གསུང་རབ་དག་ལས་གཅུང་དགའ་བོ་ནི་རང་གི་ཆུང་མ་ལ་ཞེན་ཆགས་ཧ་ཅང་ཆེ་བའི་དཔེར་རུ་འདྲེན་རྒྱུ་གཅིག་པུར་གྱུར་མོད། སྟོན་པ་ཉིད་ཀྱིས་ཁོ་རང་བཙན་གྱིས་སམ་ནན་གྱིས་རབ་ཏུ་དབྱུང་བཅུག་པའི་ངང་ཚུལ་འདིས་དགའ་བོའི་ཆུང་མས་མོའི་བདག་པོ་འཕྲོག་སོང་ཞེས་བརྗོད་དགོས་ཡང་བྱུང་སྐད། འོན་ཏེ་གནའ་མིའི་གཏམ་ལ་བརྩེ་བ་ཕ་མས་མི་ཁོག་ཅེས་བརྗོད་ཚུལ་དེ་ལས་ཀྱང་རང་ཉིད་ཀྱི་སྤུན་མཆེད་དེ་བཞིན་བཤེགས་པས་འཁོར་བའི་རང་མཚང་ཤེས་པའི་དང་ལེན་གྱི་ཤེས་རབ་ཅིག་བསྟན་པས་སྤུན་ཡང་མྱ་ངན་ལས་འདས་པའི་ལམ་ཞིག་རྙེད་ཚུལ་བསྟན་པ་འདི་ཡིས་སྟོན་པ་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་མཁན་ཞིག་ཡིན་པའི་ཚུལ་ཡང་དོན་འདི་འདྲ་ལས་ཤེས་རྟོགས་ཐུབ་པ་ཞིག་རེད།
གཞན་གུས་པས་འདི་ཉིད་བཀླགས་པའི་སྐབས་སུ་ཅི་བས་ཤེས་འདོད་ཅིག་བྱུང་བ་ནི་མཛེས་དགའི་ཆུང་མ་སུན་ཌ་རའི་མི་ཚེའི་རྒྱུན་རིམ་གྲགས་འཛིན་མ་དང་། སྐྱེ་རྒུ་བདག་མོ་ལྟ་བུ་སྟོན་པ་སངས་རྒྱས་ཀྱི་འཁོར་དུ་འགྱུར་བ་མཐོང་བའི་རེ་བ་ཞིག་བྱས་ཡོད་ནའང་ཡིད་ཕངས་པ་ཞིག་ལ་འདི་ཉིད་ཀྱི་མཐའ་མཇུག་གི་མི་ཚེ་ནི་རྟོགས་རེ་ཀན་གྱི་གསང་བའི་གནས་སུ་གྱུར།
དེ་བཞིན་སྤྱི་ཡི་ཆ་ནས་སྙན་ངག་རིང་མོ་འདི་ཉིད་ཀྱི་གཏམ་བརྒྱུད་ཀྱི་རྒྱུད་རིམ་དགའ་བོ་མངལ་འཇུག་གི་མདོ་སོགས་ལས་བྱུང་བའི་དགའ་བོའི་གཏམ་བརྒྱུད་དག་དང་ཕྱོགས་ཕལ་ཆེར་མཐུན་པ་དང་། དེ་ལྟ་བུ་ཞིག་ཡིན་ཡང་དགོས་ནའང་ཞིབ་ཀྱིས་མདོ་བསྟན་གཉིས་པོ་ལས་བསྟན་པའི་གཅུང་དགའ་བོའི་གཏམ་བརྒྱུད་འདིའི་གྲུབ་སྟངས་དང་། བརྒྱུད་རིམ་སོགས་ལ་གཞིགས་ན་བར་ཁྱད་གང་འཚམ་ཞིག་ཀྱང་ཡོད་པར་སྣང་བས་ཅུང་ཟད་ཅིག་དཔྱད་ན་དཔྱད་དུ་ཡོད་པར་སྙམ།
དེ་བཞིན་དེང་གི་རྒྱལ་སྤྱི་རུ་སྐད་གྲགས་ཡོད་པའི་སངས་རྒྱས་ཀྱི་རྣམ་ཐར་སྤྲིན་དཀར་ལམ་རྙིང་ལས་འཆར་ཀ་ནི་སེར་སྐྱའི་རྒྱལ་རིགས་དག་ལས་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་བ་དང་པོ་ལྟ་བུ་དང་། ཀུན་དགའ་བོ་ལས་གཅུང་དགའ་བོ་རབ་ཏུ་བྱུང་བ་སྔོན་ཡོད་པ་དང་། དགའ་བོ་དང་པོ་རབ་ཏུ་བྱུང་བ་ཡང་རང་མོས་ཀྱིས་སྟོན་པ་ལ་ཞུ་བ་བྱས་ནས་རབ་ཏུ་དབྱུང་ཡོད་པ་ལྟར་བསྟན་ཡོད་པ་དང་། དེ་བཞིན་སངས་རྒྱས་ཞེས་པའི་སྟོན་པའི་རྣམ་ཐར་འཁྲབ་པ་དེ་རུ་ཡང་ཀུན་དགའ་བོ་ལས་གཅུང་དགའ་བོ་ནི་སེར་སྐྱའི་མཐོ་རིམ་ནང་གི་རབ་བྱུང་ཐོག་མ་ལྟ་བུ་ཞིག་ཏུ་འཁྲབ་ཡོད་ནའང་། རྟོགས་བརྗོད་འདི་གཙོས་པའི་འུ་ཅག་གི་བོད་སྐད་དུ་བཞུགས་པའི་མདོ་སྡེ་ཕལ་ཆེ་བ་ལས་གཅུང་དགའ་བོ་རབ་ཏུ་བྱུང་བའི་སྔོན་ནས་ཀུན་དགའ་བོ་རབ་ཏུ་བྱུང་ཚར་བ་ལྟར་བསྟན་ཡོད་པས་འདི་དག་གང་བདེན་མིན་ཐག་ཆོད་པར་དཀའ་ནའང་དཔྱད་གཞིར་ཞིག་ནི་སྣང་ཞེས་བརྗོད་པ་ནི་བཤད་བྱ་གནད་བསྡུས་ཀྱི་གཏམ་དེ་དང་པོའོ།།
རྟོགས་བརྗོད་འདིའི་མཛད་པ་པོ་ནི།
དེ་ཡང་རྟོགས་བརྗོད་རིང་མོ་འདི་ཉིད་མཛད་པ་པོ་གང་འདྲ་ཞིག་ཡིན་སྙམ་ན། ཁོང་གི་མཚན་ལ་སློབ་དཔོན་རྟ་དབྱངས་དང་། དཔའ་བོ་ཞེས་པ་ནི་འུ་ཅག་ལ་གྲགས་ཆེ་ཞིང་། མིང་གཞན་ལ་རྒྱ་གར་ཆོས་འབྱུང་སོགས་ལས་མ་ཁོལ་དང་། ཐུབ་དཀའ་དང་། ཆོས་ལྡན་རབ་འབྱོར་དང་། མ་ཏི་ཙི་ཏྲ་རྣམས་ཀྱང་མཚན་གྱི་རྣམ་གྲངས་སུ་གྲགས་ཚུལ་བཤད། དེ་ལའང་དེང་གི་ཉམས་ཞིབ་པ་འགས་སློབ་དཔོན་དཔའ་བོ་དང་། སློབ་དཔོན་རྟ་དབྱངས་ཞེས་པ་ནི་མི་སྣ་སོ་སོ་ཞིག་ཡིན་པ་ལས་གང་ཟག་གཅིག་ཏུ་བཟུང་བ་ནི་འཁྲུལ་བ་ཆེན་པོ་ཡིན་པར་བཤད་མཁན་ཡང་བྱུང་། འོན་ཏེ་རྗེ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས་འཕགས་ཡུལ་དུ་སློབ་དཔོན་རྟ་དབྱངས་ཀྱི་མིང་ཐོགས་པའི་སློབ་དཔོན་སྔ་ཕྱི་གསུམ་བྱོན་ཡོད་པར་བཤད་པ་དང་། ཕྱོགས་གཞན་དག་གི་མཁས་པ་འགས་ཀྱང་རྟ་དབྱངས་ཞེས་པའི་མིང་ཐོགས་པའི་སློབ་དཔོན་དྲུག་ཙམ་བྱོན་ཡོད་པར་བཤད་ཅེས་དཔྱད་རྩོམ་གཞན་དག་ལས་འབྱུང་། འདི་ལ་སེམས་ན་སློབ་དཔོན་དཔའ་བོའི་མཚན་གཞན་ལ་སློབ་དཔོན་རྟ་དབྱངས་ཞེས་མིང་ཐོགས་མེད་པའི་ཚུལ་གསལ་གསལ་ཐིང་ཐིང་ཞིག་བརྗོད་དུ་མེད་པར་སློབ་དཔོན་དཔའ་བོ་དང་། རྟ་དབྱངས་གཉིས་གང་ཟག་གཅིག་ཏུ་མི་རུང་ཞེས་བརྗོད་པ་ཙམ་གྱིས་དོན་འདི་དག་ཞིབ་མོ་རྣམ་ཐག་གིས་ཕྱེ་ནས་བཤད་ཐུབ་མེད་པར་སྣང་། དེ་ཙམ་དུ་མ་ཟད་ཁོང་གི་མཚན་གྱི་རྣམ་གྲངས་སུ་བཤད་ཡོད་པ་དག་ལས་མ་ཏི་ཙི་ཏྲ་ཞེས་པ་དང་། དཔའ་བོ་ཞེས་པ་དང་། མ་ཁོལ་ཞེས་པ་ཡང་རྒྱ་གར་ཆོས་འབྱུང་དུ་མི་སྣ་སྔ་ཕྱི་གཉིས་ཙམ་རེ་ཡང་བྱུང་ཡོད་འདུག་པ་འདི་དག་ལའང་བསམ་པར་བྱ་དགོས་པར་འདུག
ལར་རྒྱ་གར་གྱི་ཡུལ་འདི་ན་འདི་ཙམ་དུ་མ་ཟད་མཚན་གཅིག་པ་ཅན་གྱི་སློབ་དཔོན་མང་ཙམ་བྱོན་ཡོད་པ་སྔོན་ནས་ཀྱང་རྒྱ་གར་ཆོས་འབྱུང་དང་། འབྲུག་པད་མ་དཀར་པོ་སོགས་ཀྱིས་བཤད་ཡོད་པ་དང་། དེང་གི་ཉམས་ཞིབ་པས་ཀྱང་བདེན་མིན་གང་ལྟར་ཀྱང་སློབ་དཔོན་ཀླུ་སྒྲུབ་དང་། དེ་བཞིན་ཟླ་གྲགས་སོགས་སྔ་ཕྱི་འགའ་བཤད་ཀྱིན་ཡོད་པ་ལྟར་མིང་མཚུངས་པའི་སློབ་དཔོན་དག་ཁྱད་པར་ཕྱེ་ནས་བཤད་དགོས་པ་ཞིག་ཆགས་ཡོད།
དེས་ན་རྟ་དབྱངས་ཀྱི་མིང་ཐོགས་པའི་སློབ་དཔོན་སྔ་ཕྱི་འགའ་བྱོན་ཡོད་པ་ནི་གཏན་ཁེལ་བས་དོན་འདི་དག་ལ་ཁྱད་པར་ཕྱེ་བའི་སྒོ་ནས་གཟོད་སློབ་དཔོན་རྟ་དབྱངས་གང་དང་དཔའ་བོ་གང་གཉིས་མི་སྣ་ཐ་དད་ཡིན་མིན་ལ་དཔྱད་པར་དགོས་པ་ནི་གནད་ཀྱི་དོན་ཞིག་རེད་འདུག
དེ་ལ་ཡང་སློབ་དཔོན་དཔའ་བོ་དང་རྟ་དབྱངས་གང་ཟག་གཅིག་གམ་ཞེས་པའི་དཔྱད་རྩོམ་ཐུང་ངུ་ཞིག་ཏུ“ད་ལྟ་རྒྱ་གར་དང་ཕྱི་རྒྱལ་ཁག་གི་སྐད་ཡིག་ཏུ་ནང་པའི་སྙན་ངག་པ་ཆེན་པོར་གྲགས་པའི་སློབ་དཔོན་རྟ་དབྱངས་དང་། སློབ་དཔོན་དཔའ་བོ་གཉིས་ནི་གང་ཟག་ཐ་དད་པ་ཡིན་པ་དང་། རྟ་དབྱངས་ལ asvaghosa ཞུ་ཞིང་ཁོང་ནི་ཕྱི་ལོའི་བརྒྱ་ཕྲག་དང་པོ་ཙམ་དང་།སློབ་དཔོན་དཔའ་བོ་ལ་ aryasura ཞུ་ཞིང་ཁོང་ནི་བརྒྱ་ཕྲག་བཞི་པ་ཙམ་ལ་བྱོན་པར་བཞེད་པ་ནི་ངས་དེབ་འདི་དག་གི་རྩོམ་པ་པོའི་ལོ་རྒྱུས་བཀླགས་སྐབས་དོ་སྣང་བྱུང་བ་ཞིག་ཡིན།”ཞེས་དོན་སྣང་བྱུང་ཚུལ་ཞིག་བཤད་པ་ལས་གནད་ལ་ཁེལ་བའི་སློབ་དཔོན་དཔའ་བོ་དང་རྟ་དབྱངས་གཉིས་པོ་སོ་སོ་ཡིན་པ་ལ་བདེན་པའི་མགོ་བོ་ལྡེམ་ཆོག་པ་ཞིག་ཀྱང་མེད་པར་སྣང་།
དེ་ལྟར་ན་འདིར་གླེང་བྱར་གྱུར་པའི་བསྟན་བཅོས་འདི་ཉིད་མཛད་མཁན་གྱི་སློབ་དཔོན་དཔའ་བོའམ་མཚན་གཞན་རྟ་དབྱངས་ཞེས་པ་ཁོང་ག་དུས་བྱོན་པ་དང་། ཁོང་གི་རིགས་རུས་སོགས་གང་འདྲ་ཡིན་ནམ་ཞེ་ན། དེ་ལ་སློབ་དཔོན་རྟ་དབྱངས་ཀྱི་མཚན་ཐོགས་པའི་མི་སྣ་སྔ་ཕྱི་འགའ་ཤས་བྱུང་ཡོད་པ་ནི་སྔོན་གྱི་ཆོས་འབྱུང་དག་གིས་བཤད་ཡོད་པ་ལས་ད་ལྟའི་དུས་འདི་ཙམ་ལ་གྲགས་པའི་གཏམ་གསར་པ་ཞིག་ཅི་ཡང་མིན་པར་ཐོག་མར་ཤེས་དགོས་ལ། དེ་དག་ལས་འདིར་བཤད་པའི་རྟ་དབྱངས་ནི་རྟ་དབྱངས་སྔ་ཕྱི་དག་ལས་གང་ཞིག་ཡིན་མིན་ཡང་ཤེས་དགོས་འདུགདེ་ལ་དགེ་ཆོས་ཀྱི་གཏམ་བརྒྱུད་གསེར་ཐང་ལས། “སློབ་དཔོན་རྟ་དབྱངས་སངས་རྒྱས་ཀྱི་སྤྱོད་པ་རྩོམ་པ་པོ་དེ་ཡང་འདི་དང་དུས་མཉམ་ཞིང་འགའ་ཞིག་གིས་སྔར་རྒྱལ་པོ་འདིའི་བློན་པོ་ཡིན་སོགས་ཀྱང་ཟེར། འོན་ཀྱང་སྐྱེས་རབས་རྩོམ་པ་པོ་ཨརྱ་ཀུ་ར་དང་མི་གཅིག་སྙམ། རྟ་དབྱངས་ཀྱིས་མཛད་པའི་གཅུང་མཛེས་དགའི་རྟོགས་བརྗོད་དང་། ཤཱ་རིའི་བུ་རྟོགས་བརྗོད་བོད་དུ་མ་འགྱུར་བ་ཡང་འདུག།དེ་ལ་ཐེག་པ་ཆེ་ཆུང་གཉིས་དང་། ཐ་ན་མུ་སྟེགས་ཚུན་ཆད་ཀྱིས་ཀྱང་མགོན་པོ་ཀླུ་སྒྲུབ་ནི་ཐེག་ཆེན་རྩ་བའི་སློབ་དཔོན་དུ་འདོད་པ་ལྟར་ན་སློབ་དཔོན་འདི་ཡང་ཀནིཥྐའི་སྔོན་ཞིག་ལ་བྱོན་པ་ཡིན་སྙམ།འོན་ཀྱང་དུས་ཀྱི་ངེས་པ་ནི་ལུང་བསྟན་རྣམས་ལ་བརྟེན་པ་ཙམ་ལས་རྒྱུ་མཚན་གཞན་རྙེད་པ་ཤིན་ཏུ་དཀའ། མཛད་པའི་བསྟན་བཅོས་དང་མཚན་གཡར་བ་ཤིན་ཏུ་མང་བ་དེ་དག་ལ་བརྟེན་ནས་ཀྱང་ངེས་པ་མི་རྙེད། „ཅེས་བཤད་པ་བཞིན་ད་ལྟ་འུ་ཅག་གི་མཐོང་ལམ་དུ་གྱུར་པའི་སྐྱེས་རབས་སོ་བཞི་པ་དང་། སྤྱོད་པ་ཆེན་པོ་སྙན་ངག་དང་། འདི་གླེང་བཞིན་པའི་མཛེས་དགའི་རྟོགས་བརྗོད་རྣམས་མཛད་མཁན་གང་ཟག་གཅིག་ཏུ་བྱས་ནས་བཤད་ཡོད་པ་དང་། ཁོང་རྒྱལ་པོ་ཀནིཥྐའི་སྔོན་ཞིག་ལ་བྱོན་པ་དང་། སློབ་དཔོན་ཀླུ་སྒྲུབ་བྱོན་ནས་ཀྱང་ཡུན་མི་རིང་ཙམ་ནས་བྱོན་ཡོད་པ་ལྟ་བུ་གོང་གི་དགེ་ཆོས་ཀྱི་གསུང་ལས་གསལ་ལ། འདི་ལ་བསམ་ན་ཀནིཥྐ་དང་། སློབ་དཔོན་ཀླུ་སྒྲུབ་དུས་གང་ལ་བྱུང་བའི་མི་སྣ་ཡིན་མིན་ཤེས་དགོས་པ་ཞིག་ངང་གིས་ཆགས་ཡོད།
དེ་ལའང་ཀནིཥྐའི་ལོ་དུས་འདི་ལ་མི་མཐུན་པ་འགའ་ཤས་ཤིག་བྱུང་ཡོད་པ་ཐུབ་བསྟན་ཆོས་འགྲུབ་ཀྱི་རྒྱ་གར་ལོ་རྒྱུས་ནང་དུ་གསལ་མོད། དགེ་ཆོས་ཀྱིས་ཤཀའི་ཁྲི་ལོར་ཞེས་སུ་གྲགས་པ་ཡང་རྒྱལ་པོ་འདིའི་ཁྲི་ལོ་ནས་འགོ་ཚུགས་པས་རྒྱལ་པོ་འདི་སངས་རྒྱས་འདས་ནས་ལོ་དྲུག་བརྒྱ་ཉེར་གཉིས་པ་ལ་ཁྲི་བཟུང་བ་བཤད་ཅེས་བཀོད་ཡོད། དེང་གིས་སྤྱི་ཁྱབ་ནས་ཁས་ལེན་པ་ཡང་རྒྱལ་པོ་འདི་སྤྱི་ལོའི་དུས་རབས་དང་པོའི་མཇུག་ཙམ་ནས་གཉིས་པའི་ནང་དུ་ཡིན་ཞེས་བཤད་པ་དེ་དག་ཕྱོགས་མཐུན་ནས་ཡོད་པས་དེ་ཙམ་གྱིས་རྒྱལ་པོ་འདི་དུས་ནམ་ཙམ་བྱུང་ཡོད་མེད་ཤེས་དགོས་འདུག། སློབ་དཔོན་ཀླུ་སྒྲུབ་ནམ་བྱོན་ལའང་དེང་དུས་འདྲ་མིན་འགའ་ཤས་བྱུང་ཡོད་པ་དང་། བོད་ཀྱི་མཁས་པ་དག་གི་ཁོང་ནམ་བྱོན་ལུང་བསྟན་ལ་བརྟེན་གྱིས་ཡོད་པ་ན།དང་པོ་སྟོན་པ་དུས་གང་ལ་མྱ་ངན་ལ་འདས་མིན་ལ་བརྩོད་པ་བསྡུམ་ཐུབ་མེད་པས་སློབ་དཔོན་ཀླུ་སྒྲུབ་ནམ་བྱོན་ཡང་གསལ་བོར་འཆད་དགོས་ན་དཀའ་བའི་ཚོད་ཅིག་ཏུ་མཐོང་ལ།དེང་གིས་བཤད་ཚུལ་ལྟར་ན་ཁོང་སྤྱི་ལོའི་དུས་རབས་དང་པོ་དང་། གཉིས་པ་ཙམ་ནས་བྱོན་ཡིན་པ་སོགས་འགའ་ཞིག་འཆད་མོད། བསམ་པར་བྱ་དགོས་པ་ཞིག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་གནང་ས་རྒྱལ་པོ་ཀ་ནིཥྐ་ཀ་པ་ལ་གནང་བས་ཁོང་དུས་རབས་དང་པོའི་ནང་གི་མི་ཡིན་པས་དཔལ་མགོན་ཀླུ་སྒྲུབ་ཀྱང་ག་དུས་བྱོན་མིན་གསལ་བར་རྟོགས་ནུས་ཞེས་བཤད་འདུག་པ་འདི་ནི་དཔྱད་གཞི་གལ་ཆེན་དུ་མཐོང་།
དེས་ན་ཕྱོགས་གཉིས་ཀྱི་མི་སྣ་གཉིས་པོ་ལ་སེམས་ན་འདིར་བཤད་པའི་སློབ་དཔོན་རྟ་དབྱངས་ནི་རྟ་དབྱངས་དང་པོ་དང་། ཁོང་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་ཡུན་མི་རིང་ཙམ་ནས་བྱོན་པ་ཡིན་པ་ནི་དང་ཐོག་ཁོང་ཕྱི་རོལ་པའི་སློབ་དཔོན་སྐད་གྲགས་ཅན་ཞིག་ཡིན་པ་དང་། ཕྱིས་ནང་པར་ཞུགས་པ་ནི་སློབ་དཔོན་འཕགས་པ་ལྷས་ཚར་བཅད་པ་ཡིན་པ་རྒྱ་གར་ཆོས་འབྱུང་སོགས་ལས་གསལ་བར་བསྟན་པ་ལྟར་བཤད་ན་ལེགས་ཚོད་འདུག་ལ།དེས་ན་སློབ་དཔོན་འདི་རྒྱལ་པོ་ཀཥྐ་ཀའི་སྔོན་ཙམ་ནས་བྱོན་ཞིང་མཐའ་གཅིག་ཏུ་རྒྱལ་པོ་འདི་དང་དུས་མཉམ་དུ་ཡང་བཞུགས་མེད་པར་ཚུལ་ལ་རྒྱུ་མཚན་ཆེས་མེད་པར་སྣང་།
སྤྱིར་ན་ཡུལ་གླིང་ཆེན་པོ་རྒྱ་གར་འཕགས་ཡུལ་ཞེས་ཆོས་ལུགས་ཀུན་ཀྱི་མགོ་ཁུངས་དང་། གནའ་བོའི་མིའི་རིགས་ཀྱི་ཤེས་རིག་སྣ་ཚོགས་ཀྱི་འབྱུང་ཁུངས་ཆེན་མོ་རུ་གྲགས་པའི་གནས་འདི་ཡི་བྱུང་རབས་རྣམས་ནི་ལྷ་སྒྲུང་གི་སྒྲུང་རབས་ཆེན་མོ་ཞིག་ཏུ་གྱུར་བ་ལས་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ག་དུས་བྱུང་མིན་ཡང་དག་པ་ཞིག་བཤད་དགོས་ན་ཅུང་དཀའ་བའི་གནས་སུ་གྱུར་ཡོད་ཚུལ་ནི་གསེར་ཐང་སོགས་ལས་བཤད་པ་ལྟར་ཅིས་མི་བདེན།
དེས་ན་སློབ་དཔོན་ཁོང་དུས་ཚོད་ག་དུས་བྱོན་མིན་རགས་ཙམ་བཤད་ན་དེ་ཙམ་ཡིན་ལ་རྒྱ་གར་དུ་རིགས་ཀྱིས་ཕྱེ་ཚུལ་ལྟར་ན་ཁོང་བྲམ་ཟེ་རིགས་སུ་གཏོགས་པ་དང་། དེར་བརྟེན་དང་ཐོག་རིག་བྱེད་ཡན་ལག་དང་བཅས་པ་མཐའ་དག་ལ་ཤིན་ཏུ་སྦྱངས་ནས་བྱང་བར་གྱུར་ཡོད་པ་དང་། གཞན་ཁོང་གི་འཁྲུངས་གཞིས་ནི་གསོ་བྱེད་སྨན་སྤྱད་ཤེས་པའི་ཁྱིམ་གཞིས་ཤིག་ཡིན་པས་ཁོང་གིས་གསོ་བ་རིག་པའི་གནས་ལའང་མཁས་པར་གྱུར་ནས་ཕྱིས་གསོ་རིག་གི་གཞུང་སོགས་མཛད་པ་དང་། དེ་བཞིན་ཁོང་གི་ཕ་ནི་ཕྱི་རོལ་པའི་ཆོས་ལ་དད་མཁན་ཞིག་ཡིན་པ་དང་། མ་ཡུམ་ནི་ནང་པའི་ཆོས་ལ་དད་མཁན་ཞིག་ཡིན་པས་ཁོང་ནི་ཕྱི་ནང་གཉིས་ཀའི་ཆོས་ལུགས་ཀྱི་ལྟ་གྲུབ་ལ་སྤྱན་ཡངས་ལྡན་ཡོད་པས་དང་པོ་རྟོག་གེ་ལ་ཤིན་ཏུ་བྱང་བར་གྱུར་ཏེ་ཕྱི་རོལ་པའི་སློབ་དཔོན་ཆེན་པོ་ཞིག་གི་མཚན་སྙན་ཐོབ་ནས་ནང་པ་རྣམས་ཚད་བཅད་པ་སོགས་མཛད་ཡོད་པ་དང་། ཕྱིས་རྟག་པར་སྨྲ་བའི་གྲུབ་མཐའ་བདེན་ཞེན་གྱིས་འཛིན་པ་དེ་ཉིད་ལ་ཤེས་རབ་ཀྱིས་ལེགས་པར་བརྟག་པས་སྔོན་གྱི་ལྟ་བ་སྐྱོན་ལྡན་དུ་མཐོང་ནས་ལྟ་བ་བརྟེན་འབྱུང་གི་རིགས་པ་ལ་ཡིད་ཆེས་པའི་ནང་པའི་གནས་བརྟན་སྡེ་སྣོད་འཛིན་པའི་སློབ་དཔོན་ཆེན་པོར་གྱུར་པ་བཅས་མདོར་ན་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་ཕྱོགས་གང་ལ་ཡང་སྤྱན་རས་ཡངས་པ་དང་། མཐའ་གཅིག་ཏུ་རང་ཉིད་ཀྱི་ཤེས་རབ་ཉིད་གྲུབ་མཐའི་རྭ་བ་ཞིག་ཏུ་འཛུལ་ཐུབ་མ་བྱས་པར་སོ་སོའི་རྣམ་དཔྱོད་ཀྱི་ཤེས་རབ་དང་གནས་ལུགས་ཀྱི་གཤོག་ཟུང་ལ་བརྟེན་མཁས་པའི་སློབ་དཔོན་དག་ལས་གཅིག་ཡིན་པས་ཁོང་ནི་དཀྱེལ་ཡངས་ཀྱི་བསམ་མནོ་དང་། ཤེས་རབ་ཀྱི་བདེན་པ་ཞིག་རྙེད་པའི་དཔེ་གསོན་པོ་ཞིག་ཏུ་གྱུར་ཡོད།
དེ་ཙམ་དུ་མ་ཟད་ཁོང་ནི་རིག་པའི་གནས་གང་ལ་ཡང་མཁས་པར་གྱུར་ཡོད་པས་དཔེར་ན་སྙན་ངག་གི་ལམ་ནས་སངས་རྒྱས་ལ་བསྟོད་པ་དང་། སྐྱེས་རབས། རྣམ་ཐར་སོགས་མཛད་པས་འདི་དག་ཕྱོགས་དང་ཕྱོགས་མཚམས། རྒྱལ་ཁབ་དང་རྒྱལ་མཚམས་བརྒལ་ཏེ། འཇིག་རྟེན་འདིར་སངས་རྒྱས་ཀྱི་བསྟན་པ་འཇུག་པ་མང་པོ་བྱུང་ཡོད་པ་དང་། མཐའ་ན་གླུ་དང་གར་གྱི་ནང་དུ་ཡང་ཁོང་གིས་སངས་རྒྱས་ལ་བསྟོད་པའི་སྙན་ཚིག་ངག་ཏུ་གྱེར་བ་སོགས་རྒྱ་གར་ཆོས་འབྱུང་སོགས་སུ་བཤད་ལ། ད་ལྟ་ལོ་རྒྱུས་ཐོག་གི་རྒྱ་གར་གྱི་སྙན་ངག་གྲགས་ཅན་བཞི་ཡི་ནང་ལས་གཅིག་ནི་ཁོང་ཡིན་པར་ཡང་ངོས་འཛིན་གྱིན་འདུག་སྐད། དེ་ལས་ཀྱང་ཁོང་གིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་ཆེན་པོ་དེས་སངས་རྒྱས་ཀྱི་སྐུ་ཚེའི་མཛད་པ་ལེའུ་ཉེར་བརྒྱད་ཀྱིས་ཕྱེ་ནས་སངས་རྒྱས་ཀྱི་རྣམ་ཐར་ཆ་ཡོངས་སུ་རྫོགས་པ་བསྟན་ཡོད་པ་དང་། བརྩམས་ཆོས་འདི་ཉིད་ཀྱི་འཕྲིན་ལས་ལྷོ་རྒྱུད་སོགས་ནང་པའི་བསྟན་པ་དར་སའི་ས་ཕྱོགས་གཞན་དག་ཏུ་སངས་རྒྱས་ཀྱི་རྣམ་ཐར་གཅིག་པུ་རུ་ངོས་འཛིན་གྱིས་ཡོད་པར་བཤད། བོད་གངས་ཅན་ལ་མཚོན་ན་འདི་ཉིད་ཀྱི་འཆད་ཉན་ནི་དེ་ཙམ་དུ་ཟད་ལ།འོན་ཏེ་བཀའ་བསྟན་གཉིས་ཀྱི་ཁྲོད་དུ་སངས་རྒྱས་ཀྱི་སྐུ་ཚེའི་རྣམ་ཐར་ཆ་རྫོགས་པ་ཞིག་བཞུགས་པ་ནི་འདི་གཅིག་པུ་ཡིན་སྐད་འདུག་ལ།ངེད་ཀྱིས་ཀྱང་ཚར་གཅིག་གཉིས་ཙམ་བཀླགས་པས་རྩོམ་སྟངས་དང་། ཚིག་གི་རྩལ་འདོན་ཚུལ་སོགས་གང་ལ་གཞིགས་ན་མཛེས་དགའ་བའི་རྟོགས་བརྗོད་སོགས་དང་རྩོམ་ལུས་ཧ་ཅང་ཆ་འདྲ་བ་ཞིག་ཏུ་སྣང་མོད།འགྱུར་གྱི་ཁྱད་པར་སོགས་གང་ཡིན་ཅི་ཆ་སྟེ་རང་བཞིན་གྱིས་ནི་གོ་དཀའ་བ་ཙམ་དུ་སྣང་ལ། འདི་ཉིད་ནི་འཕགས་ཡུལ་གྱི་སྙན་ངག་ཆེན་པོའི་དཔེར་ལ་འདྲེན་རྒྱུ་གཉིས་ལས་ཀྱང་གཅིག་དེ་ཡིན་པ་དང་། སློབ་དཔོན་ཁོང་གི་མཚན་སྙན་ཤར་ནུབ་ཏུ་གྲགས་པ་འབར་བའི་རྒྱུ་གཅིག་ཡང་བརྩམས་ཆོས་འདི་ཉིད་ཡིན་པ་སློབ་དཔོན་ཁོང་དང་འབྲེལ་བའི་བརྩམས་ཆོས་གཞན་དག་གིས་ནང་དུ་གསལ།
དེ་བཞིན་འུ་ཅག་ལ་གྲགས་ཆེ་ཞིང་འགྱུར་ཡོད་པའི་ཁོང་གི་བརྩམས་ཆོས་གཞན་ནི་སངས་རྒྱས་ཀྱི་སྐྱེས་རབས་འདི་ཉིད་ཡིན་ལ། འདི་ཉིད་དང་པོ་རྩོམ་སྐབས་ཁོང་གིས་སྐྱེས་རབས་བརྒྱ་པ་ཞིག་བརྩམས་པར་ཐུགས་ལ་ཡོད་རུང་། སྐུ་ཚེའི་དབང་ལས་སྐྱེས་རབས་སོ་བཞི་མ་གཏོགས་མཛད་མ་ཐུབ་པ་དང་། རྗེས་སུ་ཆོས་རྗེ་ཀརྨ་པ་རང་བྱུང་ཞབས་ཀྱིས་སྐྱེས་རབས་བརྩམས་འཕྲོ་ཁ་སྐོང་དུ་སྐྱེས་རབས་བརྒྱ་པ་མཛད་པ་སོགས་ཀྱིས་ཞིང་འདིར་སྔོན་ནས་བཟུང་ད་བར་དུ་ཁོང་གི་སྐྱེས་རབས་སོ་བཞི་པ་འདི་ཉིད་ཀྱི་འཕྲིན་ལས་ཧ་ཅང་དར་ཡོད།
གཞན་ཁོང་གི་མཚན་གྱི་རྣམ་གྲངས་དག་གིས་མཛད་པར་འཁོད་པ་དང་། ཁོང་གིས་མཛད་པ་ཡིན་སྙམ་པ་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པ་བརྒྱ་ལྔ་ཅུ་པའི་བསྟོད་པ་དང་། བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜཱི།ལེགས་པའི་ལམ་བསྟན་པའི་གཏམ་དང་། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་དང་། སྨོན་ལམ་བདུན་ཅུ་ཞེས་པ་སོགས་ཚིག་སྦྱོར་བདེ་ལ། རང་བཞིན་གྱིས་བཀླགས་པས་སེམས་ཚོར་དགེ་བའི་ཀུན་སློང་ངང་གིས་སྟེར་ནུས་པའི་འི་བརྩམས་ཆོས་དཔེ་ཟླ་བྲལ་བ་དག་ཡོད་ལ། འདི་ལྟ་བུའི་བརྩམས་ཆོས་དག་གིས་བོད་གངས་ཅན་གྱི་རྩོམ་རིག་གི་ཞིང་ས་དེ་རུ་སྐྱེས་རབས་དང་། བསྟོད་ཚོགས་སྐོར་རྩོམ་ལུས་མི་འདྲ་བ་དག་གང་འཕེལ་དུ་ཡོང་བ་ལ་ཤུགས་རྐྱེན་གཏིང་ཟབ་མོ་བཞག་ཡོད་པ་ནི་སྨོན་མེད་ཡིན། དེར་བརྟེན་དགེ་ཆོས་ཀྱི་གཏམ་བརྒྱུད་གསེར་ཐང་ལས། “དེ་ལ་ཀ་ལི་ད་ས་ནི་ནག་མོ་འཁོལ་སྟེ་རྒྱ་གར་གྱི་སྙན་དངགས་མཁན་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཤོས་སུ་གྱུར།གཟུར་གནས་འགའ་ཞིག་གིས་འདི་རྟ་དབྱངས་ལས་ལྷག་པ་མ་མཆིས་མོད་ཀྱིས་རྟ་དབྱངས་ནི་ཆོས་ཀྱི་གཏམ་དག་ལ་སྦྱར་ཏེ་སྙན་དངགས་བྱས་པས་སྐྱེ་བོ་ཕལ་བ་ཀུན་གྱི་བློ་དང་མཐུན་པ་མེད་ལ།འདིས་འཇིག་རྟེན་གྱི་བྱུང་ཚུལ་དཀྱུས་མ་ལ་སྦྱར་བས་ཀུན་གྱི་ཡིད་འཕྲོག་པ་བྱུང་བ་ཡིན་ནོ་ཞེས་ཀྱང་སྨྲ། ”ཞེས་ཀྱང་འབྱུང་བ་ཡང་གནད་ཀྱི་གཏམ་མོ།།
གཞན་ཡང་ཁོང་ནི་ཐེག་ཆེན་གྱི་སློབ་དཔོན་གྲགས་ཆེ་བ་ཞིག་ཡིན་ནའང་ཐེག་ཆེན་གཅིག་པུ་ཕྱོགས་བཟུང་བ་མ་ཡིན་པར་ཐེག་པ་ཐུན་མོང་གི་སྣང་ངོར་བཞིར་བཞག་ནས་བསྟོད་ཚོགས་དང་། སྐྱེས་རབས། སངས་རྒྱས་ཀྱི་རྣམ་ཐར་སོགས་མཛད་ཡོད་པས་ན་ཁོང་གི་བརྩམས་ཆོས་ཕལ་ཆེར་བ་ནི་ནང་པ་ཡོངས་ཀྱིས་དང་ལེན་བྱ་ཐུབ་པ་ཞིག་ཡིན་པ་དང་། དེ་བས་ཁོང་ནི་ནང་པ་ཀུན་གྱི་སྤྱི་མི་ལྟ་བུར་གྱུར་པས་ཤིན་ཏུ་གྲགས་ཆེ་ཞེས་གསུངས་པ་ནི་བདེན་པའི་གཏམ་ཞིག་རེད་སྙམ།
དེས་ན་ཚན་པ་འདིར་ཤེས་དགོས་པའི་གཙོ་གནད་དག་འདི་ལྟར་ཡོད་དེ།བོད་ཀྱི་མཁས་པ་སྔོན་མ་དག་གིས་འདིར་གླེང་བྱའི་སློབ་དཔོན་རྟ་དབྱངས་ལ་མཚན་གཞན་ལ་དཔའ་བོ་ཞེས་བཤད་པ་འདི་དོན་དང་མཐུན་ལ། རྟ་དབྱངས་ཞེས་མིང་ཐོགས་པའི་མཁས་པ་ཀུན་པོ་འདིར་བཤད་པའི་སློབ་དཔོན་དཔའ་བོ་དང་གཅིག་པར་འཁྲུལ་བ་ཡང་མི་དགོས་པ་དང་། དེ་བཞིན་སློབ་དཔོན་དཔའ་བོ་ཞེས་པའི་མིང་ཐོགས་པ་དག་ཀྱང་འདིར་གླེང་བྱའི་སློབ་དཔོན་རྟ་དབྱངས་དེ་དང་དེ་བས་འཁྲུལ་མི་རུང་པ་ནི་གནད་ཀྱི་དོན་དང་།
དེ་བཞིན་གཏམ་བརྒྱུད་གསེར་ཐང་ལས། “གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་འདི་རྒྱ་གར་གྱི་རྒྱལ་ཁམས་གང་ཐད་ནས་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དུ་དར་བའི་སྐབས་ཡིན་པར་གྲགས་ཤིང་། རྟ་དབྱངས་དང་ཕྱོགས་གླང་ལ་སོགས་པའི་སངས་རྒྱས་པའི་སློབ་དཔོན་ཆེན་པོ་དག་ཀྱང་འདིའི་རྒྱལ་བརྒྱུད་ཙུགས་ཙམ་ན་ཡིན། “ཞེས་པའི་གུཔྟའི་རྒྱལ་བརྒྱུད་སྐབས་ཀྱི་རྟ་དབྱངས་ཞེས་བྱུང་ཡོད་པ་ཡང་འདིར་བཤད་པའི་སློབ་དཔོན་རྟ་དབྱངས་དང་ཐ་དད་པར་སྨྲ་དགོས་པ་དུས་ཀྱི་ཆ་ནས་གོ་བར་ནུས།
ད་དུང་ཕྱོགས་གཞན་ཞིག་ནས་བཤད་པར་བྱ་དགོས་པ་ཞིག་ལ་སྐྱེས་རབས་སོ་བཞི་པ་ནི་སངས་རྒྱས་ཀྱི་སྐྱེས་རབས་སྔོན་མ་རྣམས་ཀྱི་བྱུང་བ་དག་བསྟན་པ་ཡིན་ལ། སངས་རྒྱས་ཀྱི་སྤྱོད་པ་ཞེས་པའི་སྙན་ངག་ཆེན་པོ་འདིས་སྟོན་པའི་་སྐུ་ཚེའི་འདིའི་རྣམ་ཐར་དུ་མཛད་པ་ཡིན་ལ།དེ་བཞིན་བསྟོད་པ་བརྒྱ་ལྔ་བཅུ་ནི་གཞན་གྱི་སྟོན་པ་དང་མི་མཚུངས་པའི་སྒོ་དུ་མ་ནས་བསྟོད་པ་མཛད་ཡོད་པས་དོན་འདི་ཙམ་ལ་སེམས་ནའང་བསྟན་བཅོས་འདི་དག་སློབ་དཔོན་གཅིག་གིས་་བརྩམས་པའི་རྒྱུན་རིམ་མཐོང་ནུས་པ་དང་།དེ་ཙམ་དུ་མ་ཟད་བསྟོད་ཚོགས་ནང་དུ་བཞུགས་པའི་བསྔགས་འོས་བསྟོད་འོས་དང་། དེ་བཞིན་བསྟོད་པ་བརྒྱ་ལྔ་བཅུ་དང་བཅས་པ་མཛད་མཁན་ཡང་གོང་དག་མཛད་མཁན་དང་གང་ཟག་གཅིག་ཏུ་ངོས་བཟུང་དགོས་པར་སྣང་།
བསྟན་བཅོས་འདི་དག་ཁོང་ཉིད་ཕྱི་རོལ་པའི་སློབ་དཔོན་དུ་གྱུར་སྐབས་ནང་བསྟན་ལ་དགག་སྒྲུབ་དང་། སུན་བྱིན་བྱས་པ་ལ་མཐོལ་བཤགས་སུ་བརྩམས་པར་གྲགས་པ་དག་ཀྱང་བརྩམས་ཆོས་འདི་དག་དང་སྦྱོར་ན་ཧ་ཅང་འབྱོར་པ་ཞིག་ཀྱང་མཐོང་ཐུབ།
དེ་ལྟར་ནའང་ཀུན་མཁྱེན་བུ་ཡི་ཆོས་འབྱུང་ལས་“བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སངས་རྒྱས་ཀྱི་སྐྱེས་རབས་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་བམ་པོ་བཅུ་གསུམ་འཇམ་དཔལ་གོ་ཆའི་འགྱུར། དེའི་འགྲེལ་པ་རིགས་ཀྱིས་བྱིན་པ་ཆོས་གྲགས་ཀྱིས་མཛད་པ་ཤཱཀྱ་བློ་གྲོས་ཀྱི་འགྱུར། པཎྜི་ཏ་སེང་གེ་ཞབས་འབྲིང་གིས་མཛད་པ་སངས་རྒྱས་ཀྱི་སྐྱེས་རབས་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར། སློབ་དཔོན་སྙན་ངག་མཁན་དགེ་བའི་དབང་པོས་མཛད་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཤོང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར།སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཞོན་ནུ་གཙུག་ན་ནོར་བུའི་སྐྱེས་རབས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གྲགས་པ་རྒྱལ་མཚན་གྱི་འགྱུར། དཔལ་དགའ་བའི་ལྷས་མཛད་པའི་བྱང་ཆུབ་སེམས་དཔའ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཤོང་རྡོ་རྒྱལ་མཚན་གྱི་འགྱུར།སློབ་དཔོན་དཔའ་བོས་མཛད་པའི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་ཆོས་ཀྱི་གཎྜཱིའི་སྒྲ་བསྒྲགས་པ་བྱམས་པའི་དཔལ་གྱི་འགྱུར། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ་སྟོན་པའི་སྙན་དངགས་ཆེན་པོ་ཁམས་པ་དགེ་སློང་བློ་གྲོས་རྒྱལ་པོའི་འགྱུར་ཏེ་བརྒྱད་དོ།། ”ཞེས་འབྱུང་བ་འདི་ལ་བརྟག་ན་སྐྱེས་རབས་སོ་བཞི་པ་མཛད་མཁན་གྱི་སློབ་དཔོན་དཔའ་བོ་དང་། སྐྱེས་པའི་རབས་ཀྱི་ཆོས་ཀྱི་་གཎྜཱིའི་སྒྲ་བསྒྲགས་པ་མཛད་མཁན་གྱི་སློབ་དཔོན་དཔའ་བོ་དང་།
སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་དངགས་མཛད་མཁན་གྱི་སློབ་དཔོན་རྟ་དབྱངས་ནི་གང་ཟག་སོ་སོ་རུ་འཆད་ཀྱིས་ཨེ་ཡོད་ན་སྙམ་པ་ཞིག་འབྱུང་ལ།གཞན་དུ་ན་འདི་ཉིད་བརྩམས་པའི་རྒྱུན་རིམ་ཞིག་རེད་ཅེས་བཤད་དགོས་ནའང་དཀའ་བར་སྣང་། འདི་བཤད་པའི་སྐད་ཆ་འདི་དག་ནི་གུས་པས་བསམ་གཞིགས་དང་འབྲེལ་བོད་གངས་ཅན་གྱི་མཁས་གྲུབ་དག་ལ་སྔོན་ཆད་གྲགས་པའི་གཏམ་གཙོ་བོ་བྱས་ནས་བཤད་པ་ཡིན་ལ། དེང་གིས་ཞིབ་འཇུག་པས་བཤད་ཚུལ་གཞན་དག་ནི་ཡོད་སྐད་འདུག་ལ།དེ་དག་ཀྱང་ཡིན་མིན་གྱི་མཚམས་ཡང་དག་པར་ཐག་ཆོད་པ་ཞིག་ནི་སུ་ལའང་མེད་པར་འདྲ་ལ། གཅིག་ཏུ་ན་དགེ་ཆོས་ཀྱིས་གསུངས་པ་བཞིན་“ལོ་ཉིས་སྟོང་ལོན་པའི་རྒད་པ་འདྲ་ཡོད་ན་དྲི་བར་ཟད་མོད་གཞན་སུ་ཞིག་གི་ཤེས་པར་ནུས་”བརྗོད་པ་བཞིན་དུ་ཟད། གཞན་སློབ་དཔོན་རྟ་དབྱངས་དང་འབྲེལ་བའི་རྩོམ་ཆོས་གལ་ཆེན་ཞིག་ནི་རྒྱ་གར་ཆོས་འབྱུང་ནང་དུ་ཡོད་པ་དེ་དང་། དེ་ལས་ཀྱང་འཐུས་སྒོ་ཚང་བ་ཞིག་ནི་ཉེ་དུས་རྒྱ་ཡི་བཀྲ་བྷོས་བརྩམས་པའི་སློབ་དཔོན་རྟ་དབྱངས་དང་བོད་ཀྱི་རྩོམ་རིག་ཅེས་པ་དེ་གཉིས་སློབ་དཔོན་རྟ་དབྱངས་དང་འབྲེལ་བའི་རྩོམ་ཆོས་གལ་ཆེན་དུ་མཐོང་ལ། གཞན་ཡུལ་གྱར་དུ་བཞུགས་པ་ཞིག་གིས་སློབ་དཔོན་རྟ་དབྱངས་ཀྱི་སྐུ་ཚེ་རྣམ་ཐར་དང་འབྲེལ་བ་ཞིག་དང་། རྒྱ་ནག་པོའི་ཡུལ་གྱིས་མཁས་པ་ཞིག་བརྩམས་པའི་སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་བསྡུས་པ་ཞིག་ཀྱང་ཡོད་སྐད་འདུག་པས་དོན་གཉེར་ཅན་དག་གིས་དེ་དག་ལ་གཟིགས་ནས་འུ་ཅག་གི་རིགས་གཞུང་དང་འབྲེལ་ལམ་ཆེ་བའི་སློབ་དཔོན་ཁོང་གི་ལོ་རྒྱུས་འཚོལ་དགོས་པ་ནི་དོན་སྙིང་ཡོད་པ་ཞིག་མཐོང་ཞེས་བརྗོད་པ་དང་བར་གྱི་གཏམ་དེ་གཉིས་པའོ། །
རྟོགས་བརྗོད་འདི་དང་འབྲེལ་བའི་མདོ་སྡེ་གཞན་དག
གཞན་ཡང་མཛེས་དགའ་བོ་གཏམ་བརྒྱུད་དང་འབྲེལ་བའི་སངས་རྒྱས་ཀྱི་བཀའ་ཡི་དབང་དུ་བྱས་ན་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་དང་། དགའ་བོ་ལ་མངལ་ལ་འཇུག་པ་བསྟན་པ་དང་།དེ་བཞིན་འདུལ་བ་ཕྲན་ཚེགས་སོགས་ལས་འབྱུང་ལ། འདི་དག་ལས་མཛེས་དགའ་དང་ཁོའི་དགའ་མ་གཉིས་གཏམ་རྒྱུད་གྱི་༼ཀྱི༽རང་བཞིན་ཅན་གྱི་བྱེད་ཐབས་སྤྱད་ནས་བཀའ་བསྡུ་བར་མཛད་ཡོད་ལ།
བཀའ་ཆོས་དེ་དག་གི་བརྗོད་བྱ་ནི་བར་དོའི་ཡིད་ལུས་ནས་རིམ་བཞིན་མངལ་དུ་འཇུག་པ་དང་གནས་པ།སྐྱེ་བ་དང་འཕེལ་བའི་རང་བཞིན་དང་། རྣམ་ཤེས་དང་སྐྱེ་འཆིའི་ངོ་བོ་དང་། དེ་བཞིན་ཞེན་ཆགས་དང་། མི་བརྟན་པའི་བརྩེ་བའི་ངོ་བོ་ནི་ཅི་ཞིག་ཡིན་པ་དང་། ལས་འབྲས་དང་། ཚེ་རབས་སྔ་ཕྱི་དང་། འཁོར་བའི་སྡུག་བསྔལ་སོགས་བསྟན་པའི་མདོ་གལ་ཆེན་དག་ཡིན་པས་དགའ་བོ་དང་འབྲེལ་བའི་མདོ་སྡེ་དག་ནི་ཐུན་མོང་ལས་འབྲས་དང་། ཚེ་རབས་སྔ་ཕྱི་དང་། རྒྱུ་འབྲས་ཀྱི་བདེན་པ་ལ་ཡིད་ཆེས་སྐྱེ་བྱེད་ཀྱི་གཞི་གལ་ཆེན་ཉིད་མི་སྣའི་སྣང་བརྙན་གྱི་གཏམ་བརྒྱུད་ཀྱི་གོ་རིམ་དང་འབྲེལ་ནས་བཀའ་བསྡུས་པ་འདིས་གདུལ་བྱ་ཐུན་མོང་གི་ངོ་ལ་དེ་བཞིན་བཤེགས་པའི་ཡོན་ཏན་ཁྱད་པར་ཅན་རྟོགས་བྱེད་ཀྱི་མདོ་གལ་ཆེན་དག་ཏུ་གྱུར་ཡོད་པ་དང་། ལྷག་ཏུ་ལྟ་གྲུབ་སྨྲ་བ་དང་། རིགས་གཞུང་ཉམས་ཞིབ་པ་ལ་མཚོན་ནའང་དགའ་བོ་དང་འབྲེལ་བའི་བཀའ་ཆོས་དག་ནི་འགྲོ་བ་མི་ཡི་རིག་པའི་གཞུང་ལུགས་ལས་སེམས་དང་ཚེ་སྲོག་དང་། གྲུབ་པ་ལུས་ཀྱི་གྲུབ་སྟངས་སོགས་དང་འབྲེལ་ནས་དཔྱད་ན་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེ་བཞིན་སྤྱིར་བཀའ་བསྟན་ནང་དུ་ནང་དོན་གཏིང་ཟབ་ལ་ཡིད་རབ་ཏུ་བསྒྱུར་ནུས་པའི་བརྩམས་ཆོས་དཔེ་ཟླ་བྲལ་བ་དེང་གིས་འབོད་ཚུལ་ལྟར་ན་བཀའ་བསྟན་ལས་བྱུང་བའི་རྩོམ་རིག་རང་བཞིན་ཅན་གྱི་བརྩམས་ཆོས་ཤིན་ཏུ་མང་པོ་བཞུགས་ཡོད་པ་དང་། དེ་དག་ཀྱང་འགའ་ཞིག་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་དང་། ཡིད་ཀྱི་འགྱུ་བ་མཚོན་པའི་སྙན་ངག་གི་ལམ་ནས་དྲངས་ཡོད་པ་སོགས་མང་མོད། དེ་ལས་འུ་ཅག་ཕལ་བའི་སྣང་ངོ་དང་ཁ་ཐག་ཆེས་ཉེ་བ་ནི་མཛེས་དགའ་དང་འབྲེལ་བའི་བརྩམས་ཆོས་འདི་དག་ཡིན་པར་སྣང་ཏེ།
དེའི་གཏམ་བརྒྱུད་རང་བཞིན་ལས་ཕལ་བའི་སྣང་ངོ་ཡི་འཚོ་བའི་དགའ་སྐྱོ་དང་འབྲེལ་བའི་མཛེས་དགའ་དང་། ཁོའི་ཆུང་མ་གཉིས་ཀྱི་དགའ་བརྩེ་དུང་གསུམ་གྱི་ཚོར་བ་རྣོ་པོ་དེའི་བརྒྱུད་རིམ་ལས་སྙན་ངག་པ་ཞིག་ལ་མཚོན་ན་སེམས་ཀྱི་ཉེ་ས་རུ་བསྐྱལ་ནས་སྙན་ངག་གི་ལམ་ནས་བརྗོད་ཐུབ་པ་དང་། དེའི་གཏམ་བརྒྱུད་རང་བཞིན་ཡང་ཕལ་བའི་འཇིག་རྟེན་གྱི་མི་ཡིས་ཉན་འདོད་ཀྱི་འདུ་ཤེས་བསྐྱེད་དུ་བཅུག་ཐུབ་པས་མཛེས་དགའ་དང་འབྲེལ་བའི་གཏམ་བརྒྱུད་དག་ནི་འཚོ་བ་དང་ཁ་ཐག་ཆེས་ཉེ་བའི་བརྩམས་ཆོས་ཤིག་ཏུ་ངོས་བཟུང་དགོས་པས་སྣང་། དེ་ཡིས་དབང་ལས་རྒྱ་གར་གྱི་སྙན་ངག་པ་ཆེན་པོ་དགེ་དབང་གིས་རྟོགས་བརྗོད་དཔག་བསམ་ཁྲི་ཤིང་དུ་ཡང་མཛེས་དགའ་བོའི་རྟོགས་བརྗོད་ཅེས་པ་ལེའུ་གཅིག་ཏུ་མཛད་ཡོད་པ་དང་། དེ་བཞིན་འདིར་གོང་ནས་གླེང་བཞིན་པའི་སློབ་དཔོན་དཔའ་བོས་མཛད་པའི་མཛེས་དགའི་རྟོགས་བརྗོད་ཀྱང་དེ་ལྟར་ཡོངས་ཁྱབ་ཅན་གྱི་རྟོགས་བརྗོད་གཅིག་ཏུ་གྱུར་ཡོད་པས་གཅུང་དགའ་བོ་ནི་དེ་བཞིན་བཤེགས་པའི་ཆེད་དུ་བྱ་བའི་གདུལ་བྱ་དམིགས་བསལ་ཞིག་ཏུ་གྱུར་བས་དེ་བརྒྱུད་ནས་འུ་ཅག་ལའང་རྒྱུ་འབྲས་ཀྱི་བློ་མིག་འབྱེད་པའི་མི་སྣ་གལ་ཆེན་ཞིག་དང་། སྟོན་པའི་རྣམ་ཐར་གྱི་མཚོན་དོན་གལ་ཆེན་དུ་ཡང་གྱུར་ནས་ཡོད། ཅེས་བརྗོད་པ་ནི་མཐའ་མའི་གཏམ་སྟེ་གསུམ་པའོ།། །།
ཞེས་པ་འདི་ནི་རིག་པའི་གནས་ལ་དོན་གཉེར་ཙམ་ཡོད་པའི་བློ་མགོན་པོ་ནས་སྤྱི་ལོ2023-2-23་སྦྱར་བ་དགེའོ།། །།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3482
དཔྱད་མཆན་སྤེལ།