ཚོད་ཚོད་ལ་སྨུག་པ་འཐིབ་ན། ཕ་ཡུལ་གྱི་ཆུང་གྲོགས་ཚོ་ཡིད་ལ་འགོག་མེད་དུ་དྲན། ད་ལྟ་ང་ཚོ་ནར་སོན་བཞིན་རྨི་ལམ་ཞིག་གི་ཁ་དོག་རྨིས། ང་རང་ཁོར་ཡུག་གཞན་པར་ཞུགས་ནས་མི་ཚེའི་ཕྱེད་ཀ་འདི་ལྟར་རྫོགས་སོང་། སྔོན་ཆད། ང་ལ་ཕུགས་བསམ་ཟེར་བའི་ཐ་སྙད་སྙིང་རྗེ་མོ་ཞིག་བརྗེད་རྒྱུ་མེད། སྐབས་དེར་ང་རང་གི་སྡོད་ཤག་ཏུ་རང་ཉིད་ལ་དབང་བའི་དཔེ་སྒྲོམ་སྟབས་བདེ་ཞིག་དང་རང་ཉིད་དགའ་སའི་དཔེ་ཆ་མང་པོ་ཞིག་ཡོད་པ་དང་། ཕྱི་རོལ་དུ་འཁྱམ་ཚེ་རྒྱབ་ཁུག་ཏུ་དཔེ་ཆ་འགའི་ལམ་རོགས་ཡོད་ན། ངའི་འཚོ་བ་དེ་མི་གཞན་དང་མི་འདྲ་བར་བདེ་སྐྱིད་ཅིག་ཡིན་འདོད། ཁེར་རྐྱང་གི་གྲིབ་མའི་ནང་དུ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན་ནས་དཔེ་ཀློག་ཅུང་ཙམ་རེ་ཐུབ་ན་དེ་ནི་མི་ཚེ་འདིའི་ནོམ་པ་གལ་ཆེན་དེ་ཡིན་པར་འདོད་མྱོང་།
ད་བར་ཕྱིར་འདང་བྱས་ན་སྒྱུ་འཕྲུལ་སྒང་གི་འགྲུལ་བ་དག་ལ་མིག་ཟུང་ཅེར་ནས་རས་གཟན་ནར་མོ་རླུང་གིས་འགུལ་བཞིན་ཕ་ཡུལ་གྱི་སྙན་ངག་པ་རུས་ཀོག་ངེད་གཉིས་འདྲ་པར་མང་ཙམ་ལེན་ཞོར་དུ་མ་འོངས་པའི་ལོ་རྒྱུས་འདི་ཡིན་ཟེར་ནས་ཧབ་ཆ་དགུང་གི་ཚོར་ཡོང་བ་ཞིག་བྱས་པའངས་དྲན། ཕྱིས་སུ་ཁོར་ཡུག་མི་འདྲ་བ་མང་ཙམ་བརྒལ་རྗེས། ང་རང་གི་སེམས་སུ་བརྗེད་མི་ཐུབ་པ་ཞིག་བྱུང་བ་ནི། ན་ཚོད་ཀྱི་སྤྲད་པའི་ལང་ཚོ་དང་སྙིང་སྟོབས་གཉིས་ཡོད་པ་དེ་ཡིན། ཡང་ན་ངའི་སྡོད་ཤག་གི་གྱང་ངོས་སུ་རི་མོ་སྣ་ཚོགས་འབྲི་བ་དང་དེབ་དེ་དག་གི་ནང་དུ་མིག་ཟུང་ལྷུང་མྱོང་བ་དེ་ཡིན། ཞོགས་པ་རེར་གཉིད་ལས་སད་དུས། དྲ་ལམ་གྱི་རྩོམ་བརྡ་འཚོལ་བ་དང་མདུན་ཅོག་སྟེང་གི་ཤོག་ལྷེ་ཕར་སློག་ཚུལ་སློག་གི་སྒྲ་ལ་ཉན་པ་ཡིན། དེ་ནི་ང་དང་ཕུགས་བསམ་བར་གྱི་འབྲེལ་བ་ཞིག་ལ་ངོས་བཟུང་ཆོག་པར་སྙམ།
སྐབས་རེར། ང་ལ་རོགས་པ་ཚོའི་ཁྱོད་ལ་སེམས་ཁམས་དམིགས་བསལ་བ་ཞིག་འདུག་བཤད་ཚེ། ངས་གཟན་སྣེ་སྐེ་ལ་དཀྲིས་ནས་མིག་ཤེལ་ནང་ནས་གཟབ་གནན་གྱིས་ཐག་རིང་གི་སྤྲིན་དཀར་དང་རི་བོ་ལ་ལྟ་བཞིན་འཁྲུལ་སྣང་དཔག་མེད་པ་བསྩལ་ཡོང་། འཇིག་རྟེན་ནི་འདི་ལྟ་བུའི་ངོ་མཚར་བ་ཞིག་རེད། ལོ་ན་ཇེ་ཆེར་སོང་སྟེ་ང་རང་རིམ་གྱིས་ཆོས་ཉིད་ཀྱི་དེད་དེ་མིག་མཐའི་གཉེར་རིས་དང་ངོ་གདོང་གི་རི་མོ་དག་མངོན་ཡོང་དུས། ངས་གཞི་ནས་ང་རང་འབོར་བཞིན་ཡོད་པ་རྟོགས་སོང་ལ། བརྩོན་ལེན་བྱེད་འོས་པའི་དུས་ཚོད་ནང་དུ་རྒྱབ་ཁུག་འཁུར་རྒྱུ་གཏན་ནས་བརྗེད་མེད། ད་ལྟ་གཏི་མུག་གི་སྒེའུ་ཁུང་ནང་དུ་འཐིམ་ནས་དཔེ་དེབ་འདི་དག་ལག་མཐིལ་དུ་བླངས་ནས་སྔོ་ཆད་ལྟ་བུའི་མཛུམ་མདངས་སྟོན་མ་ཐུབ་པར་ཡུན་རིང་འགོར་འདུག
དང་ཐོག་ངས་ཆ་ཡོད་ཆ་མེད་ཀྱི་འཇིག་རྟེན་འདིར་ཁ་བརྡ་གློད་རོགས་དཔེ་ཆ་མ་གཏོགས་གཞན་གང་ཡང་མི་མཁོ་སྙམ་པ་ནི་སེམས་ཀྱི་དྲོད་ཁོལ་ཞིག་ཡིན། སླར་ཡང་རླུང་བུ་ལྡང་བྱུང་། ལུས་སེམས་གཉིས་ཀར་ལྡང་བའི་རླུང་ནི་ཕྱིར་དྲན་གྱི་ངོས་སུ་དངོས་བྱུང་གི་གློག་བརྙན་བཞིན་གསལ་བོར་འཆར་ཡོང་། ངས་རང་གི་ནང་སེམས་ཀྱི་ནགས་ཚལ་ནང་དུ་ཡིད་འོང་གི་ཕ་ཡུལ་དྲན། ཕ་ཡུལ་ནི་ཆར་རྗེས་ཀྱི་འཇའ་ཚོན་དབུས་སུ་བགྲེས་རྒུད་མེད་པའི་རི་མོ་ལྟར་མི་སེམས་ལ་ཞིང་ཁམས་བཞེངས་ཆོག གསལ་ལ་མི་གསལ་བའི་གཏམ་རྒྱུད་ཅིག་བློས་བསླངས་ཕྱེས་ཙ་ན། ཨ་ཕྱི་ལ་བྲིས་པའི་སྙན་ངག་འདི་ཡང་བསྐྱར་ཀློག་འདོད་སྐྱེས། ད་ལྟ་ཕྱིར་འདང་བརྒྱབ་ན། ཕ་ཡུལ་དུ་ཁ་གྱེས་ནས་ལོ་ཉི་ཤུ་འགོར་ལ་ཉེ་བའི་སྐབས་འདིར། ངས་གྲོང་ཁྱེར་གྱི་ཉི་འོད་ནང་དུ་ཞོགས་པ་མང་ཙམ་སྐྱེལ། ཕ་ཡུལ་དྲན་པའི་ཕྱིར་དྲན་ཀློང་དུ་དོན་གྲུབ་རྒྱལ་གྱི་《རྩྭ་ཐང་དྲན་གླུ》ཡིད་ལ་འགོག་མེད་དུ་དྲན།
སྐྱེ་བ་འདིར་ང་རང་ལྷིང་འཇགས་ལ་དགའ་བའི་མི་ཞིག་ཡིན་མོད། ད་ལྟའི་མགོ་མཇུག་མི་ཚང་བའི་ཡིད་གདུང་གི་སྨུག་པའི་ནང་དུ་རང་ཉིད་ལ་བྱ་བཞག་འདི་ཡིན་ཟེར་བ་ངོམས་ཆོག་པ་གང་ཡང་སྟོན་རྒྱུ་མེད་པས་སེམས་ཁྲལ་གྱི་ནང་སེམས་འཁྱག་པ་གྱུར། དེ་བས་འཇིག་རྟེན་འདིར་སྐྱེས་པ་ནས་ང་རང་རྒྱུ་མཚན་མེད་པར་གསོན་ནས་འདུག བར་སྐབས་ཤིག་ནས་ང་རང་དགའ་ཕྱོགས་མེད་པའི་མི་ཞིག་ཏུ་གྱུར་སོང་། ད་ནི་གླུ་གཞས་ཤིག་ལ་ཉན་ནས་སྐྱིད་པོ་བྱེད་ཞོར་གཟའ་འཁོར་གཅིག་འདི་ལྟར་རྫོགས་སོང་ནི་རེད།
༢༠༢༣.༤.༦
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3471
དཔྱད་མཆན་སྤེལ།