༈ཇོ་ལགས་གངས་ཀྱི་བགྲེས་པོ།
གཡུ།(ཉག་རོང་།)
ཤར་འགྲོ་ཤར་ནས་བསླེབས་བྱུང་།།
ནུབ་འགྲོ་ནུབ་ནས་ལོག་བྱུང་།།
ལྷོ་རུ་བཞུད་པའི་ཇོ་ལགས།།
ད་དུང་སླེབ་རྒྱུ་མི་འདུག །
གངས་ཀྱི་ཕར་རྒྱབ་ཚུར་རྒྱབ།།
བླ་མཚོའི་ཉིན་སྲིབ་གཉིས་ཀ །
སེམས་པའི་རྒྱང་ཐག་མིན་ན།།
གངས་རི་གཅིག་གི་སྔུན་རྒྱབ།།
བླ་མཚོ་གཅིག་གི་གཡས་གཡོན།།
ཡུལ་ལ་བསྐལ་དོན་མེད་ཀྱང་།།
གསལ་ལེར་མཐོང་བ་མི་འདུག །
དུས་ཚོད་རླུང་དང་བསྡེབས་ནས།།
ཕྱིར་ལོག་མེད་པར་ཆས་སོང་།།
ལོ་ཟླ་ཆུ་དང་གཤིབ་ནས།།
ཕྱི་མིག་འཐེན་ཏེ་བཞུད་སོང་།།
ཇོ་ལགས་གངས་ཀྱི་བགྲེས་པོ།།
ད་དུང་སླེབ་རྒྱུ་མི་འདུག །
དུས་ཀྱི་ཉམས་རྒུད་ན་བུན།།
རྫ་རི་མེད་ཀྱང་འཚུབས་ཀི །
རིགས་ཀྱི་འཕེལ་འགྲིབ་རླུང་པོ།།
དབྱར་ཟླ་ཡིན་ཡང་གཡུག་གི །
ཇོ་ལགས་གངས་ཀྱི་བགྲེས་པོ།།
ཕྱིར་ལ་ལོག་རྒྱུ་བྱུང་ན།།
ལོ་ཟླར་འགོར་ཡང་མི་སྐྱོན།།
ཚེ་ཕྱེད་ཡིན་ཡང་བསྒུག་ཆོག །
ཇོ་ལགས་གངས་ཀྱི་བགྲེས་པོ།།
གཏན་ནས་ཕྱིར་ལོག་མེད་ན།།
འདི་ཕྱི་གཉིས་ཀྱི་མཚམས་སུ།།
ནམ་ཞིག་རྒས་པར་གྱུར་ནས།།
སྐྲ་ལོ་ཚེ་ཡིས་གསེད་དེ།།
གཟུགས་བཞི་རྒུད་པས་གཙེས་ཀྱང་།།
ལུས་དང་རྣམ་ཤེས་བྲལ་ཡང་།།
ཞེན་ཆགས་འཁྲེང་བའི་ཨོ་ལོས།།
ཕྱི་མའི་སྲང་མདོ་དེ་ནས།།
རྣམ་ཤེས་བདེ་ས་མ་རེད།།
ནམ་ཞིག་ཕྱི་མའི་འཕྲང་ལ།།
གོམ་པ་རེ་རེ་སྤོས་དུས།།
ལུས་པོ་ཐལ་བར་འགྱུར་ཏེ།།
ལྷུ་རུས་མེ་རུ་བསྲེག་ཀྱང་།།
སྲོག་གི་རྒྱུ་བ་འགག་ཀྱང་།།
རྣམ་ཤེས་གཞན་དུ་མི་འགྲོ །
ཇོ་ལགས་ཕྱིར་ལ་ཕེབས་དུས།།
དམར་པོ་རི་ཡི་རྩེ་ནས།།
མིང་ནས་ལན་གསུམ་བོས་ཏེ།།
ལག་བརྡ་ལན་གསུམ་བྱོས་དང་།།
སེར་མ་རླུང་དང་གཤིབ་སྟེ།།
བར་སྐོར་གླིང་དུ་སླེབ་ཡོང་།།
༈གངས་འདབས་ཀྱི་ཐོལ་མགུར་ཐོར་བཏུས།
གཡུ། ཉག་རོང་།
རྣང་ཞིང་གྲུ་བཞིའི་མཁའ་མཐར།།
སྐར་ཚོགས་གཉིད་དུ་ཡུར་འདུག།
ཐོ་རངས་གནམ་མཐའ་གསལ་དུས།།
སྐར་མདའ་ཕྱོགས་བཞིར་འཐོར་འདུག།
སྟོན་གསུམ་བ་མོའི་རྗེས་ལ།།
ས་གཞི་ཙག་གིས་བསྡམས་བྱུང་།།
བྱ་ཁྱུ་ལྷོ་རུ་འཕུར་ན།།
ང་རང་ག་པར་ཆས་དགོས།།
གློ་རྟ་བདག་གིར་བྱས་ཏེ།
ས་མཐའི་ས་མཐའ་བརྒལ་འདོད།
རྒྱང་རིང་ཡུལ་གྱི་མི་ལ།
ཞལ་མཇལ་བྱུང་ན་བསམ་བྱུང་།
དྲན་ནས་བཟོད་ཐབས་མ་བྱུང་།།
དྲན་བཞིན་ལམ་ལ་ཆས་ཡོད།།
བྲལ་འདོད་ཞེ་ལ་མེད་ཀྱང་།།
འཚོ་སའི་གནས་ཡུལ་མི་གཅིག།
འཚོ་བའི་རེ་ཐག་ཆད་ན།།
ཁག་འགེལ་བྱེད་ས་མི་འདུག།
མཚན་མོ་བརྒྱ་ཕྲག་སྟོང་ཕྲག།
ཁ་ཁུ་སིམ་པོར་བསྐྱལ་ཡོད།།
སྣང་བ་སྣ་རྩེར་རྒྱུ་བའི།།
རི་དྭགས་རྔོན་པར་དོགས་འདྲའི།།
གཞོན་ཆུང་མེ་ཏོག་གློ་ཁ།།
མིག་གི་བཅུད་དུ་འཁྲུངས་འདུག།
ཚེ་ཡི་དངུལ་དཀར་མེ་ལོང་།།
གས་ཆགས་བྱུང་བ་མེད་ན།།
སྐྱེ་བ་འདི་ཡི་ལུས་ལ།།
གཅིག་པུར་སྐྱོ་དགོས་མི་འདུག།
ཟླ་འོད་མཚོ་ལ་ལྷུང་ན།།
བར་ཆད་རླུང་གིས་མ་སྒུལ།།
མི་སེམས་མི་ལ་ཤོར་ན།།
མི་ཁའི་ཚེར་མས་མ་བྲབ།།
ཐེངས་གཅིག་མཇལ་རྒྱུ་བྱུང་ཡང་།།
ཐེངས་གཅིག་འཕྲད་པའི་རྗེས་ནས།།
སེམས་ཀྱིས་གཏིང་ནས་བོར་ན།།
རྟིང་མའི་སྨོན་འདུན་ཨེ་ཡོང་།།
དབུ་མནའ་ཞལ་གྱིས་བཞེས་ཏེ།།
དམ་ཚིག་གཏིང་ནས་བོར་ན།།
ལྷ་ཚོགས་ཐུགས་དང་འགལ་འགྲོ།
མི་སེམས་ཚལ་བུར་འཐོར་འགྲོ།
སེམས་སོང་མི་མོའི་ཐུགས་ལ།།
དམ་ཚིག་ཞེ་གཅོད་མེད་ན།།
ད་རེས་སྲིད་པའི་གྲོང་ནས།།
རྨི་ལམ་མཉམ་དུ་གཏོང་འདོད།།
བདུད་རྩི་ཆུ་མིག་དྭངས་མོའི།།
ཞལ་ཁེབས་དར་གྱིས་གཡོག་ན།།
ཆུ་ཕྲན་བརྒྱ་ཕྲག་སྟོང་ཕྲག།
འཐུང་འདོད་ཞེ་ལ་མི་འདུག།
རང་དབང་ནམ་མཁའི་ཁ་ཞེང་།།
འཚོ་བའི་ནང་ལ་ཡོད་ན།།
བར་ཐག་ཅི་ཙམ་རིང་ཡང་།།
སྐད་ཅིག་གཅིག་གི་ཡུན་རེད།།
མི་རྟག་འཇའ་ཡི་རི་མོ།།
བྲིས་ན་བཀྲག་མདངས་འཚེར་ལེ།།
མ་བྲིས་ཞེ་རུ་ལྷུང་བ།།
སྙིང་སྡུག་ཁ་འབྲས་འདྲ་བྱུང་།།
ཡིད་སེམས་སྐྱོ་བའི་གཙེས་ཏེ།།
འཚོ་བའི་གནས་མལ་གྲང་ན།།
སྙན་ངག་ཚིག་གིས་སྡེབ་ཀྱིས།།
སེམས་སུ་མེ་སྒོང་རྒྱོབ་དང་།།
ཁ་ཆད་སུས་ཀྱང་མ་སྣོག།
འཚོ་བའི་ནང་ལ་ཞོག་ན།།
སེམས་པའི་གས་སྲུབས་རེ་རེ།།
རྩ་ཉག་རེ་རེས་འཚེམ་ཆོག།
ཇག་རྟའི་ཡོབ་ལུང་ནང་གི།
ཉི་མ་རི་ནས་ཡིབ་ཀྱང་།།
རྟ་སྒའི་སྔ་རུ་ཕྱི་རུ།།
ཉི་ཟླ་འཛོམས་པ་འདྲ་བྱུང་།།
ཁ་ཤོམ་ལྦུ་བ་སོབ་སོབ།།
དུག་ལྔ་མེ་སྟག་མཆེད་མཆེད།།
ཚོར་འདུ་རྦ་རླབས་འཕྱུར་འདྲ།།
འུ་ཚོ་གཞོན་པས་ཡིན་རེད།།
ཆགས་སྡང་ཚིག་རྩེར་དྲངས་པ།།
སྣང་བ་བྱེའུ་ཁྱུ་ལྡིང་ལྡིང་།།
འདི་ནི་ལས་ཀྱིས་བསྐོས་ཐང་།།
སུ་ལ་ཁག་འགེལ་མེད་ཡ།།
མདོར་ན་སྐྱེ་འཆི་གཉིས་རེད།།
ཚུལ་འཆོས་གནང་དོན་མི་འདུག།
ཡང་ན་འདས་རྟགས་ཐུབ་ལེ།།
དུ་མིན་གསོན་རྟགས་ཡོད་ལེ།།
ས་ཐོབ་སངས་རྒྱས་མ་ཡིན།།
སྔགས་འཆང་གྲུབ་ཐོབ་མིན་ལགས།།
ཕྱི་ཚུལ་གྲྭ་གཟུགས་ཙམ་ལས།།
ཚུལ་ལྡན་སྤྱོད་པ་ང་མེད།།
བསྟན་བཤིག་ཚ་པོ་ཞིག་གིས།།
མ་བཅོས་ཚུགས་ཀ་ཕུད་དེ།།
ཆགས་སྡང་ཤོག་ངོར་བྲིས་ན།།
ཞེ་ཁྲེལ་རང་ལ་མ་གནང་།།
གཞོན་པའི་སྣང་བ་ཡིན་པས།།
འཆར་ཡན་རྣམ་རྟོག་རྒོད་པས།།
རང་དབང་རྩིག་ལྡེབས་ངོས་སུ།།
སེམས་ཀྱི་རི་མོ་འབྲི་ཡ།།
སྤྲིན་གྱི་བང་རིམ་བརྩེགས་པའི།།
དབྱར་གྱི་ཆར་ཤ་འདྲ་ལེ།།
ང་ཚོ་གཞོན་པའི་སྣང་བར།།
རྟག་བརྟན་ཐེར་ཟིག་ཅི་ཡོད།།
༢༠༢༢ ༡༠ ༡༩ ཉིན་གྲུབ།
༈ངག་གི་འཕར་ལྡིང་།
ངས་བསམ་ན་སྲིད་པའི་ཐང་ཆེན་གྱི་མེ་ཕུང་།།
མདངས་ཡལ་དང་མ་ཡལ་དགུན་དུས་ཀྱི་ནམ་ཟླ།།
རྟ་གསེག་ཞོན་ཁ་དུད་སྣ་དུས་ཀྱི་ལས་འདི།།
སེམས་སྨུག་པའི་རི་མོ་སྟོན་ཙམ་ལས་མི་གདའ།།
ངས་བསམ་ན་དུས་མཐའི་མེ་ལོང་གི་ནམ་མཁའ།།
ལར་ཕྱིས་ཀྱང་མ་ཕྱིས་སྙིང་བོ་ཞིག་དབེན་ཏེ།།
དོན་ཉམས་རྟོག་གློག་གྱུ་བར་སྣང་གི་བྱེའུ་ཁྱུ།།
གཤོག་ཟུང་ཟད་ཀུམ་ཀུམ་ཚེར་ཕུང་གི་རོ་རེད།།
ངས་བསམ་ན་ང་རྒྱལ་རལ་གྲི་ཡི་སོ་ཁ།།
སྙིང་ཚིམ་པའི་བརྡར་གཙུབ་བྱེད་དགོས་ཤིག་མེད་དེ།།
རླུང་སྤུ་གྲིའི་ངར་ཁ་དབང་མེད་དུ་རྒྱུ་དུས།།
ལུས་ལྷག་རླུང་འགེབས་པའི་ཁྲབ་རྨོག་ནི་མི་ཉན།།
ངས་བསམ་ན་ཇུས་གཏོགས་བར་ཆད་ཀྱི་འཁོས་ཀ།
ཕྱོགས་གཏོགས་ཀྱི་བོགས་འདོན་གནང་བ་ཞིག་མི་དགོས།།
སེམས་ཏིང་འཛིན་སྒོམ་པའི་རུས་ཀྲང་གི་སྐྱིལ་ཀྲུང་།།
རྒོངས་མཚམས་སྤྲིན་མཐིལ་གྱི་ལག་བརྡ་ཡིས་ཅི་བྱ།།
༢༠༢༢ ༡༠ ༡༧
༈སྙན་ངག་མཁའ་ལྡིང་མ།
མིག་རྩ་ཁྲག་གིས་བསྐོར་བ་དེ།།
སོ་ཕྲེང་མུ་ཏིག་འཐོར་བ་དེ།།
ཚོན་ཟད་བཀྲགས་མདངས་ཤོར་བ་དེ།།
སེམས་སུ་མེ་ཆུ་འཕྲད་པ་དེ།།
སྐད་ཆ་རླུང་དང་བསྡེབས་པ་དེ།།
ས་གཞིར་སྨག་གིས་བཏུམ་པ་དེ།།
ཞེན་ཆགས་རྦ་རླབས་འཕྱུར་བ་དེ།།
གཡོ་ཟོལ་མེད་པའི་རྒས་པ་ཡིན།།
སྙིང་རྗེ་ཆུང་བའི་གཤེན་མི་ཡིན།།
རལ་གྲི་ཕྱར་བའི་སྙིང་ཟན་ཡིན།།
སྙིང་ཁྲག་འཐུང་བའི་བདུད་ཕོ་ཡིན།།
ཤ་ཚིལ་ཟ་བའི་བདུད་མོ་ཡིན།།
རྣག་ཁྲག་འཐུང་བའི་བར་སྲིད་ཡིན།།
ཁྱོ་ག་གྲོངས་བའི་ཡུགས་མོ་ཡིན།།
ཁྲེས་པོ་དུག་གི་སྡོང་པོ་དེ།།
སྨིན་མཚམས་འོ་ཟི་འཁྲིགས་པ་དེ།།
མདུང་མོ་ཁྲག་གིས་ཚོས་པ་དེ།།
མཁའ་འགྲོ་སྟོང་གི་ཟུང་ཁྲག་ཡིན།།
དཔའ་ལུང་འབར་བའི་མེ་སྟག་ཡིན།།
སྒྱུ་སྐར་དབུས་ཀྱི་ཉ་གང་ཡིན།།
ཞག་སྒྲོན་འོད་ཀྱི་ཕྱེ་ལེབ་ཡིན།།
རི་སུལ་ཉུལ་བའི་ལ་གཞས་ཡིན།།
སྡེ་བརྒྱད་འོག་གི་ཅང་ཤེས་ཡིན།།
སྲོད་ཀྱི་ལབ་རྩེའི་ལྡིང་ཆ་ཡིན།།
དར་རྒུད་རྒྱ་མཚོའི་ཟིལ་བ་དེ།།
དགའ་སྡུག་ཉིན་སྲིབ་ཡུ་མོ་དེ།།
ཐུན་མཚམས་ཆོ་ངེ་བཏོན་པ་དེ།།
རྣམ་ཤེས་བོར་བའི་མི་རབས་ཡིན།།
ཕ་མ་མེད་པའི་དྭ་ལུ་ཡིན།།
གཏུམ་དྲག་ཆེ་བའི་སེང་གེ་ཡིན།།
གཡོ་རྒྱུ་ཆེ་བའི་ཝ་སྤྱང་ཡིན།།
གཞན་རྩོམ་རྐུ་བའི་ཁྲམ་པ་ཡིན།།
གཅོང་སྐད་འདོན་པའི་ཁ་ཏྭ་ཡིན།།
ཁ་སྟབས་བསགས་སྦྱང་རྡོ་བ་དེ།།
གྲིབ་མས་ཁྲིད་པའི་རི་དྭགས་དེ།།
སྙིང་རྗེ་ཤ་ཁྱིས་འདེད་པ་དེ།།
གསོན་སྙིང་སྒུལ་བའི་བྱམས་པ་ཡིན།།
རང་བློ་དཀར་བའི་སྒོ་ཁྱི་ཡིན།།
གྱང་ངོར་ཤར་བའི་ལྷ་མོ་ཡིན།།
མི་རྟག་སྟོན་པའི་ཚེས་རིས་ཡིན།།
སྲོད་ཀྱི་ན་བུན་འཁྱུགས་འགྲོས་ཡིན།།
སྔོན་འགྲོ་མེད་པའི་དམ་བཅའ་ཡིན།།
ཤ་འཁོན་མེད་པའི་ཤེའུ་ཡིན།།
“ལས་ཀྱི་ལན་ཆགས་དཀར་ནག་ཡིན།།
ལས་འབྲས་སྐ་རགས་མདུད་ཁ་ཡིན།།”
༢༠༢༡ ༡༠ ༢༦
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3466
དཔྱད་མཆན་སྤེལ།