བྱིས་པའི་དུས་ཤིག་ལ།ཨ་ཕས“མཚན་གྱི་རྨི་ལམ་རེ་རེ་ནི་ཁྱོད་ཀྱི་སྐྱེ་བ་འདིར་འཕྲད་སྲིད་པའི་མི་དང་དོན་རྣམས་ཡིན”ཞེས་བཤད་པར།ངས་གློ་བུར་ཨ་ཕའི་སྐད་ཆའི་ཡང་སྙིང་རྟོགས་ཤིང་དུས་དེ་ནས་བཟུང་ངས་རང་གི་མཚན་གྱི་རྨི་ལམ་རྣམས་ཟིན་བྲིས་སུ་བཏབ་ཅིང་ཉིན་རེ་རེའི་ས་སྲོད་ཀྱི་དུས་ལ་རང་ཉིད་མདང་གང་དུ་ཕྱིན་པ་དང་སུ་དང་འཕྲད་པ།དོན་ཅི་བྱུང་བ་སོགས་རེ་རེ་བཞིན་ཞིབ་ལྟ་བྱས་ཤིང་ནམ་ཞིག་གི་ཚེ་རྨི་ལམ་ཁྲོད་ཀྱི་ཁོ་ཚོ་དང་ཐུག་འཕྲད་བྱུང་པར་གྲ་སྒྲིག་བྱས་པ་ཡིན།
ཞོ་གྲོང་བརྡལ་ལ་ཐོན་ནས་ཟླ་གསུམ་གྱི་རིང་དུ།མི་བཅུ་བདུན་གྱིས་ང་ལ་ཚེ་རིང་ཞེས་བོས་ཤིང་ཡང་མི་བཅུ་བདུན་གྱིས་ང་ལ་རྟ་མགྲིན་ཞེས་བོས་བྱུང་།ངས་ངའི་མིང་ལ་ཚེ་རིང་དུ་མི་འབོད་ཟེར་ན་ཁོ་ཚོའི་དེ་ན་རྟ་མགྲིན་རེད་ཅེས་བཤད།ཡང་ངས་ང་རྟ་མགྲིན་ཀྱང་མིན་ཟེར་ན་ཁོ་ཚོའི་དེ་ན་ཚེ་རིང་ཡིན་ངེས་ཞེས་བཤད་རྗེས་མྱུར་བར་གང་ཕྱོགས་སུ་བུད་འགྲོ
ཟླ་མགོ་ལ། གོང་རིམ་གྱིས་ཡིག་ཆ་བཏང་སྟེ་ཟླ་མཇུག་ཏུ་གྲོང་བརྡལ་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་དུས་ལྟར་གསར་བརྗེ་བྱེད་དགོས་པའི་བཀའ་བཞགཞོ་གྲོང་བརྡལ་ལ་བརྡ་སྦྱོར་མངགས་པ་ནས་བཟུང་།ངས་ཉིན་རེར་ལས་ཤག་ཏུ་ཐོན་པའི་མི་རྣམས་ལས་མིང་ལ་ཚེ་རིང་དང་རྟ་མགྲིན་ཟེར་བའི་མི་ལ་རེ་སྒུག་བྱས་བསྡད་ཀྱང་དེ་གཉིས་ཐོན་མ་བྱུང་།དེ་ལྟར་ཟླ་མཇུག་ལ་སླེབས་ལ་ཉེ་བ་དང་ལས་གཞི་མྱུར་བར་ཚགས་ཆེད་ང་ཚོ་རུ་ནང་དུ་མི་འགྲོ་ཐབས་མེད་བྱུང་།
རླངས་འཁོར་གྱི་སྒེའུ་ལས་མཐོ་ཡང་གཟར་བོ་མིན་པའི་རི་སྒང་ཞིག་མིག་ལ་མངོན་བྱུང་པ་དང་།ཁ་ལོ་བས་བསྟུད་མར་དཀྱོགས་མཚམས་བཅོ་ལྔ་ཙམ་བརྒལ་རྗེས་རི་སྟེང་གི་ལམ་བདེ་མོ་ཞིག་ཏུ་བབས་པ་ན།བདག་གི་ལས་གྲོགས་བུད་མེད་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱུག་མེར་བྱས།ཁོ་མོ་ཚོས་བཤད་ན་འདི་ལྟ་བུའི་ལམ་བཙོག་ཅིག་ལ་ཐུག་མ་མྱོང་ཟེར། འོན་ཀྱང་། ང་ལ་མཚོན་ན།རི་སྒང་འདིའི་སྟེང་བརྒྱུད་པ་ནི་ཆུང་དུས་ཀྱི་ལོ་ཟླ་ལ་ཕྱིར་ལྟ་ཞིག་བྱས་པ་དང་གཉིས་སུ་མེད།དཔེར་ན། དཀྱོག་མཚམས་དང་པོ་བརྒལ་དུས།མགོ་ཞྭ་དཀར་པོ་གྱོན་པའི་མི་རྒན་དེས་བྱིས་པ་ཆུང་ཆུང་ཞིག་ལ་སིལ་ཏོག་བཙོང་བཞིན་པ་དང་བྱིས་པའི་གདོང་གི་རྣམ་འགྱུར་ལ་གཟིགས་ན།འབྲུ་སྒམ་ལས་གྲོ་འབྲུ་རས་ཁུག་གང་བརྐུས་ཏེ་སིལ་ཏོག་ལ་བརྗེ་བ་དང་མཚུངས་ཤིང་།ང་རང་རླངས་འཁོར་ཏུ་བསྡད་ཡོད་ནའང་སིལ་ཏོག་དེའི་བྲོ་བ་མྱང་ཐུབ་པ་འདྲ།དཀྱོགས་མཚམས་གཉིས་པ་བརྒལ་དུས།བྱིས་པ་སྐོར་ཅིག་གིས་ལྕགས་རྟ་འཁོར་བཀག་མེད་པ་ཞིག་བསྐོར་ཏེ་ང་ཚོར་ཕར་སོང་ཞེས་ལག་བརྡ་ཡང་ཡང་བཏང་བར་ཁ་ལོ་བས་མྱུར་མོར་འཁོར་བཀག་བསྡམས་ཤིང་བྱིས་པ་ཚོར་ངར་སྐད་ཡང་ཡང་བསྒྲགས།དེ་དུས་ཀྱི་བྱིས་དུས་ནི་ཤིན་ཏུ་ཉེན་ཁ་ཆེ་ནའང་ཉེན་ཁ་དེ་དག་ནམ་རྒྱུན་ང་ཚོ་དང་བཞར་ནས་བུད་འགྲོདཀྱོགས་མཚམས་གསུམ་པ་བརྒལ་དུས་ལམ་གྱི་སྣེ་གཉིས་སུ་ལྕགས་ཀྱི་ཆུ་སྦུག་ཆེན་པོ་ཞིག་འཐེན་པའི་སྟེང་བྱིས་པ་སྐོར་ཅིག་ལྷོད་ལྷོད་ངང་བསྡད་འདུག་པར་ཁ་ལོ་བ་དང་ལས་གྲོགས་བུད་མེད་ཚོས་ངར་སྐད་ཇི་ལྟར་སྒྲོགས་ཀྱང་ཁོ་ཚོ་ལ་རྣ་བ་མེད་པར་འདུག དཀྱོགས་མཚམས་བཞི་བ་་་་ དགུ་བ། ་་་་རེ་རེའི་མཚམས་སུ་ངས་བྱིས་པ་མང་པོ་ཞིག་གི་གཟུགས་བརྙན་མཐོང་བྱུང་ལ་ཁོ་ཚོའི་སྣ་མང་གི་རྩེད་འཇོ་ལས་རང་གི་བྱིས་དུས་ཀྱི་དྲན་པ་རྣམས་ཀྱང་སེམས་ཀྱི་མེ་ལོང་དུ་འཆར་འོང་།
རི་སྒང་གི་སྟེང་ལ་ཐོན་དུས།མིག་ལམ་དུ་སྣང་འོང་པ་ནི་སྡོམ་རྒྱ་ལྟ་བུའི་ལམ་ཕྲན་དང་། མེ་ལོང་ལྟ་བུའི་མཚོ་ཆུང།པང་ལེབ་ལྟ་བུའི་ཐང་ཆེན་གྱི་ལྗོངས་རྣམ་གཞན་ཞིག་རེད། དུས་དེར།འགོ་ཁྲིད་རྒྱ་མོས་མཛུབ་མོས་འཛུགས་ཏེ“དེ་དག་ལས་ལམ་རེ་དང་ཡུལ་ཕྱོགས་རེ་གདོམས། ”ཞེས་སྐད་བཞག གལ་སྲིད་རི་འདབས་ནས་རི་སྟེང་ལ་འཛེགས་པ་ནི་བྱིས་དུས་ཡིན་ན། རི་སྟེང་ལ་ཐོན་པ་དང་མཐོང་པ་དག་ནི་དར་མའི་དུས་རེད།བྱིས་པའི་དུས་སུ་གདམ་གསེས་མང་པོ་མེད་ལ།དར་མའི་དུས་ནི་གདམ་གསེས་ཀྱི་ཁྲོད་དུ་འཚང་དགོས་པ་འདྲ།ངས་དེ་རྣམས་ལས་མཚོ་ཆུང་དང་ཐང་ཆེན་ཞིག་ལ་དམིགས་བཙུགས་ཏེ་མདུན་དུ་བསྐྱོད།
ང་རང་སོང་སའི་མཚོ་ཆུང་འགྲམ་ངོགས་སུ་ལྕགས་ཀྱི་ཁང་ཆུང་ཞིག་འདུག་ཅིང་དེའི་སྟེང་བྱུགས་པའི་ལྕགས་རྩི་ཤིན་ཏུ་ཟད་པར་བལྟས་ན་དུས་ཚོད་རིང་པོ་འགོར་པ་ཤེས། དེ་དང་མཉམ་དུ།ལྕགས་ཁང་གི་དུ་ཁུང་ལས་དུ་བ་སྔོ་ལྷོག་གེར་འཕྱུར་པ་དང་བུད་མེད་ཅིག་གིས་སྒོ་ཡོལ་ཕྱེས་པ་ན།ངའི་བུད་མེད་དེ་ནི་གནས་གང་ཞིག་ཏུ་ཐུག་འཕྲད་ཡོད་པའི་དྲན་ཤེས་ཡོད་ཀྱང་རྨི་ལམ་དང་མངོན་སུམ་གང་ཡིན་གསལ་བོ་ཞིག་བཤད་རྒྱུ་མེད་སོང་།མོས་ང་རང་མཐོང་མ་ཐག “རྟ་མགྲིན” ཞེས་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཏེ་ངའི་མདུན་སར་སྙེག་ཡོང་། སྐབས་དེར།མོའི་ལྟག་རྒྱབ་ནས་མི་ཆེན་ཞིག་གིས་སྐད་གསེང་མཐོན་པོས“ཁོ་རྟ་མགྲིན་མ་རེད།”ཅེས་སྐད་བཤད།ཁོའི་གཟུགས་རིས་དང་ཞལ་ངོ་ངའི་མིག་ལམ་དུ་བརྒྱུད་མ་ཐགང་ལ་འཁྲུལ་སྣང་ཞིག་གམ་རྨི་ལམ་ལྟ་བུའི་ཚོར་བ་ཞིག་ལུས་ཡོངས་སུ་བརྒྱུད་བྱུང་།ངའི་སེམས་སུ་ང་ནི་མིག་མདུན་གྱི་མི་ཆེན་འདི་དང་མི་ཆེན་འདི་ནི་ང་རང་ཡིན་པའི་ཚོར་བ་དྲག་ཏུ་སྐྱེས།གནའ་འོག་ན་ཁ་ངོ་དང་གཟུགས་རུས་འདྲ་ཙམ་མང་ཡང་ངེད་གཉིས་བཞིན་ཡོངས་སུ་མཚུངས་པ་ཅན་ཡོད་དམ།ཡང་ན་ང་རང་བཙས་དུས་ནས་བུ་སྤུན་མཚེ་མ་ཞིག་ཡོད་སྲིད།་་་་་ སྐབས་འདིར།བསམ་ཚོར་མང་པོ་ཞིག་གིས་ངའི་བློ་ཡུལ་ཀྱི་ཐང་ཆེན་ན་ཀི་ལྡིར་བྱེད་བཞིན་ཡོད་ཀྱང་མདུན་གྱི་མི་ཆེན་འདི་ལ་དེ་འདྲའི་བསམ་ཚོར་མེད་པ་འདྲ།
ཁོས“ང་རང་གྲུ་ཆུང་འདི་ལ་ཁ་འབྲལ་མི་ཐུབ་པ་བཞིན་རྟ་མགྲིན་ཀྱང་ཁོའི་དབུགས་ལྒང་དང་ཁ་བྲལ་མི་ཐུབ།”ཅེས་བཤད་པ་ན་བུད་མེད་དེས་ང་ལ་ཞིབ་ལྟ་ནན་མོ་ཞིག་བྱས་རྗེས།“ཁྱོད་འདིར་ཅི་བྱེད་དུ་ཡོང་།”ཞེས་སྐད་དྲིས་བྱུང་། ངས་ཐོབ་ཐང་ལག་ཁྱེར་གསར་བརྗེ་བྱེད་དགོས་པའི་གནས་ཚུལ་བཤད།
“ཚེ་རིང་། ཁྱོད་ཀྱི་ཐོབ་ཐང་ལག་ཁྱེར་རྙིང་པ་དེ་ཁྱེར་ཤོག”ཅེས་བུད་མེད་ཀྱིས་མི་ཆེན་ལ་ཚེ་རིང་ཞེས་བོས་མ་ཐགངས་ད་གཟོད་ཞོ་གྲོང་བརྡལ་གྱི་མི་ཚོས་ང་ལ་ཅིའི་ཕྱིར་ཚེ་རིང་ཞེས་འབོད་དགོས་པར་ཤེས་སོང་།
“ཚེ་རིང་། ཐོབ་ཐང་ལག་ཁྱེར་གསར་བ་ལས་འགྲུབ་ན་ང་ཚོ་ཡུལ་ཕྱོགས་གཞན་ཞིག་ཏུ་འགྲོ”ཞེས་བུད་མེད་ཀྱིས་དེ་སྐད་སྨྲས་པར།ཚེ་རིང་གི་དཔྲལ་པའི་གཉེར་མདུད་ཇེ་མང་དུ་གྱུར་ཏེ“ང་རང་གྲུ་ཆུང་འདི་དང་ཁ་བྲལ་མི་ཐུབ།”ཅེས་བཤད་བྱུང་།ཡང་རེ་ཞིག་སོང་རྗེས། ཁོས“ཁྱོད་རང་འགྲོ་བསམ་ན་སོང་།ང་རང་གྲུ་ཆུང་འདི་ལ་ཁ་འབྲལ་མི་ཕོད། ངའི་རྨི་ལམ་ཁྲོད་ནམ་རྒྱུན་ཨ་ཕ་དང་ཨ་མྱེས།ད་རུང་ཨ་མྱེས་ཀྱི་ཨ་ཕ་ཡིན་ཟེར་བའི་མི་མང་པོ་ཞིག་རྨིས་བྱུང་། ཁོ་ཚོས་ང་ཤི་རག་ཏུ་མཚོ་དང་གྲུ་ཆུང་གཉིས་ལ་ཁ་བྲལ་མི་ཆོག་པའི་སྐད་ཡང་ཡང་སྨྲས་བྱུང་།”ཅེས་བཤད་པ་ན་ལོགས་ཀྱི་ལྕགས་ཁང་ལས་བྱིས་པ་ཞིག་གི་ངུ་སྐད་གྲགས་འོང་པར་བུད་མེད་ཀྱིས་ཅི་ཡང་མི་སྨྲ་བར་ལྕགས་ཁང་དུ་འཛུལ།
ངས་ཚེ་རིང་གི་ཐོབ་ཐང་ལག་ཁྱེར་ལས་ཚར་རྗེས། “ཕུ་བོ་ཚེ་རིང་། རྟ་མགྲིན་ཟེར་བ་དེས་ཀྱང་ཐོབ་ཐང་ལག་ཁྱེར་གསར་བ་ལས་དགོས། ཁོ་ད་ལྟ་གང་ན་འདུག ”ཅེས་དྲིས་པར།ཚེ་རིང་གིས་མཚོ་ཆུང་ནུབ་ཀྱི་ཐང་ཆེན་བསྟན་ཞིང་མཚོ་འགྲམ་གྱི་གྲུ་ཆུང་གི་འདོགས་ཐག་གྲོལ་ཏེ་ང་རང་ཕར་བསྐྱལ་བར་སྟ་གོན་བྱས།
མཚོ་ཆུང་གི་ངོས་སུ་གྲུ་ཆུང་བསྐྱོད་པའི་ཚེ་ན་ད་གཟོད་ཆུ་ཡི་གཉེར་རུས་ཙམ་མཐོང་ཐུབ་པ་ལས་མཚོ་ངོས་ནི་ཤིན་ཏུ་སྔོ་ལ་ཤིན་ཏུ་འཇགས།ངེད་གཉིས་ལ་ཁ་བརྡ་ཅི་ཡང་མེད་པར་མཚོ་ཆུང་གི་སྙིང་དབུས་སུ་སླེབས་དུས།གང་ནས་རྒྱུད་ཡོང་མི་ཤེས་པའི་སྒྲ་ཞིག་གིས“ཚེ་རིང་། སྒུག་དང་།”ཞེས་སྐད་གྲགས་བྱུང་།ངས་ཡར་མར་གང་ལ་བལྟས་ཀྱང་མི་ཞིག་མ་མཐོང་པས་ཧ་ལས་པའི་རྣམ་འགྱུར་གྱིས་ཕུ་བོ་ཚེ་རིང་ལ་བལྟས་པར།ཁོས་མགོ་བོ་ཡར་རྒྱས་ཏེ་ནམ་མཁའི་དབྱིངས་སུ་མཛུབ་མོ་བཙུགས་བྱུང་།ཉི་མའི་འོད་ཟེར་ཁྲོད་ན་གྲྭ་བཙུན་ཞིག་གིས་གཟན་གོས་དམར་པོ་བྱ་ཡི་གཤོག་པ་ལྟར་ལྡེམ་བཞིན་ངེད་གཉིས་སར་འཕུར་ཡོང་བཞིན་འདུག ཆུང་དུས་ཀྱི་གཏམ་རྒྱུད་ཅིག་ཁྲོད། གྲྭ་བ་རྣམས་ནངས་མོའི་ཚོགས་ལ་འགྲོ་དུས།ནམ་རྒྱུན་རང་གི་གཟན་གོས་བྱ་ཡི་གཤོག་པ་བཞིན་ལྡེམ་སྟེ་འཕུར་འགྲོ་ཞེས་བཤད་རྒྱུན་ཡོད་ཀྱང་དེ་རིང་གློ་རྡེག་ཏུ་འདི་འདྲ་ཞིག་མཐོང་པར་དངོས་གནས་ཧ་ལས་ཤིང་ཧང་སང་བར་གྱུར། གྲྭ་བཙུན་དེ་ལྡེམ་མྱུར་གྱིས་གྲུ་ཆུང་སྟེང་བབས་པ་ན། ངའི་སེམས་སུ་གྲྭ་བཙུན་འདི་སྔོན་མར་གནས་གང་ཞིག་ཏུ་མཇལ་མྱོང་ཡོད་པའི་བག་ཆགས་ཡོད་ལ།ཁོང་གི་ཞལ་ངོའང་ཡ་མཚན་པའི་རྣམ་འགྱུར་ཅིག་བྱུང་སྟེ་ང་ལ་སྐད་ཆ་འགའ་བཤད་གྲབས་བྱས་པར་ཕུ་བོ་ཚེ་རིང་གིས་གཞི་ནས་སྐད་གྲག་བྱུང་།
“བླ་མ་ཚང་བཞུགས་དུས། ཁྱེད་ལ་རྫུ་འཕྲུལ་གང་བྱུང་དུ་མ་མངོན་ཞེས་སྐད་བཞག་མེད་དམ།”ཞེས་ཕུ་བོ་ཚེ་རིང་གིས་ཅུང་གཟབ་ནན་གྱིས་བཤད།
“མཚོ་འགྲམ་དུ་སླེབས་དུས། ཁྱེད་ཀྱི་གྲུ་ཆུང་མཚོ་དབུས་ན་བསྐྱོད་བཞིན་མཆིས།ཁྱེད་དང་མྱུར་བར་མཇལ་འདོད་ཀྱིས་རྫུ་འཕྲུལ་ཞིག་བསྟན་པ་ཡིན ”ཞེས་གྲྭ་བཙུན་གྱིས་འཛུམ་དམུལ་དམུལ་ངང་བཤད།
ཕུ་བོ་ཚེ་རིང་གིས“ཁྱོད་གྲྭ་བཙུན་ཞིག་དབེན་གནས་སུ་མི་འདུག་པར་ནམ་རྒྱུན་འཁོར་བའི་ཟང་ཟིང་ལ་བྲེལ་ནས་ཅི་བྱ”ཞེས་བཤད་པར།
གྲྭ་བཙུན་གྱི་གདོང་གི་འཛུམ་མདངས་མ་ཡལ་བར“ང་གྲོང་ཆོག་ལ་སོང་ནའང་ཁྱེད་ལ་བཤད་རྒྱུ་མང་ག”ཞེས་བཤད།
“སུ་ཚང་ལ་སོང་། འདོན་པ་གཙོ་བོ་ཅི་ཞིག་བཏོན་པ་ཡིན། ”
་་་་་་་་་
རིམ་བཞིན་ཕུ་བོ་ཚེ་རིང་དང་གྲྭ་བཙུན་གཉིས་ཀྱིས་འདོན་ཆོས་དང་ཆོ་ག་ཕྱག་ལེན་སྐོར་ནས་རྩད་ཞིབ་མང་པོ་བྱས་པར་ཕུ་བོ་ཚེ་རིང་ནི་གྲྭ་བཙུན་ལས་ལྡབ་འགྱུར་གྱིས་མཁས་པ་འདུག་ཏེ།སྔགས་ཀྱི་ཀློག་ཚུལ་དང་ཆོ་ག་ཕྱག་ལེན་སོགས་འདི་ལྟར་ཡིན་ཞེས་ཕུ་བོ་ཚེ་རིང་གིས་རྦད་ཐག་ཆོད་པ་རྣམས་གྲྭ་བཙུན་གྱིས་རས་ཁུག་སེར་བོ་ལས་ཆོས་དཔེ་རྣམས་གཅིག་རེ་གཅིག་རེ་བྱས་བཀླགས་དགོས་ཀྱང་མཐར་ཆོས་དཔེ་དུ་འཁོད་པའང་ཕུ་བོ་ཚེ་རིང་གིས་གསུང་བ་ལྟར་འདུག་གོ།
གྲྭ་བཙུན་གྱིས་ཆོས་དཔེ་ཕྱིར་རས་ཁུག་ཏུ་བསྡུས་ཤིང་མིག་ཟུང་ཁྲོད་ཡིད་སྨོན་དང་བཅས“ཚེ་རིང་།བླ་མ་ཚང་གི་རེ་སྨོན་བཞིན་དགོན་པར་ཕེབས་ན་མི་བཟང་ངམ”ཞེས་དྲིས་མ་ཐགཕུ་བོ་ཚེ་རིང་གིས་མིག་གཉིས་འགུལ་ཙམ་འགུལ་ཙམ་བྱས་ཤིང་གྲུ་ཤན་གཏོང་མཚམས་ཀྱང་བཞགམིག་ཟུང་མཚོ་ངོས་ཁྲོད་བསྲིངས་ཏེ་ཡུད་ཙམ་ལ་རེ་དོན་གང་ཞིག་ལ་བསམ་བློ་གཏོང་མཆིས་པར་གྲུ་ཆུང་མཚོ་འགྲམ་གྱི་བྱེ་ས་དང་འཕྲད་དེ་གློ་བུར་བསྐྱོད་མཚམས་བཞག་པས་ངེད་གསུམ་གཡས་ཁྱོར་གཡོན་ཁྱོར་ཅིག་བྱས་སོང་།
“ཆོས་དབྱིངས། ངས་སྔོན་མ་ནས་བཤད་མྱོང་།ང་གྲུ་ཆུང་འདི་དང་ཁ་བྲལ་ཐབས་མེད”ཅེས་ཕུ་བོ་ཚེ་རིང་གིས་གྲུ་ཤན་དམ་པོར་བསྡམས་ཤིང་ཕུར་ཚུགས་གྱིས་གྲྭ་བཙུན་ལ་བལྟས་བསྡད་པར།གྲྭ་བཙུན་གྱིས་སྐད་ཆ་འགའ་བཤད་གྲབས་ཡོད་ཀྱང་ཕུ་བོ་ཚེ་རིང་གི་རྣམ་འགྱུར་མཐོང་འཕྲལ་སྐད་ཆ་དེ་དག་ཕྱིར་མིད་སོང་།
ངས་ཁོ་གཉིས་ལ་གྱེས་བརྡ་བཞག་རྗེས།ཕུ་བོ་ཚེ་རིང་གིས་བསྟན་པའི་ཐང་ཆེན་དེ་རུ་མིང་ལ་རྟ་མགྲིན་ཟེར་ཞིང་ལག་ཏུ་དབུགས་ལྒང་ཞིག་བཟུང་པའི་མི་དེ་འཚོལ་དུ་སོང་།
ཉག་ག་ཞིག་བརྒལ་བའི་ཚེ། རྩྭ་ཐང་ཆེན་པོ་ཞིག་མིག་ལམ་དུ་མངོན་བྱུང་བ་དང་ཐང་དཀྱིལ་ན་ཁྲོན་པ་ཞིག་ཡོད་པའི་འགྲམ་དུ་མི་གཅིག་གིས་དབུགས་ལྒང་ཞིག་བཟུང་འདུག་པར་ངས་རྒྱང་ནས“རྟ་མགྲིན། ”ཞེས་བོས།
མི་དེས་ཁ་ཕྱིར་འཁོར་པ་དང་ཁོའི་ཞལ་ངོ་ངའི་མིག་ལམ་དུ་བརྒྱུད་མ་ཐགསྔོན་ཕུ་བོ་ཚེ་རིང་དང་འཕྲད་དུས་བྱུང་བའི་འཁྲུལ་སྣང་ངམ་རྨི་ལམ་ལྟ་བུའི་ཚོར་བ་དེ་ཡང་བསྐྱར་ལུས་ཡོངས་སུ་འཕགས་བྱུང་། ངོ་མ། ཞོ་གྲོང་བརྡལ་གྱི་མི་རྣམས་ཀྱིས་ང་ལ་ཚེ་རིང་དང་རྟ་མགྲིན་ཞེས་འབོད་པར་ཁག་མེད་འདུག འཇིག་རྟེན་ན་གཟུགས་རིས་དང་ཞལ་ངོ་འདྲ་ཙམ་མང་ཡང་ངེད་གསུམ་ལྟར་ཡོངས་སུ་མཚུངས་པ་ཅན་གང་ན་ཡོད།
“ཁྱོད་ཀྱི་གཟུགས་རིས་ཚེ་རིང་དང་མཚུངས། ”ཞེས་ཁོས་སྔོན་ནས་ཁ་གྲགས་བྱུང་།
“འོན་ཀྱང་། ཁྱོད་ཚེ་རིང་མ་རེད། ང་རང་དབུགས་ལྒང་འདི་དང་ཁ་བྲལ་མི་ཐུབ་པ་བཞིན།ཚེ་རིང་ཀྱང་ཁོའི་གྲུ་ཆུང་དང་ཁ་བྲལ་མི་ཐུབ”
“ཁྱོད་འདིར་ཅི་བྱེད་དུ་འོང་།”ཞེས་ང་རང་རྒྱང་ན་རྣམ་ཤེས་བོར་བ་ལྟར་འདུག་དུས་ཁོས་བསྟུད་མར་སྐད་ཆ་འདི་དག་བཤད་འོངས།
“རྟ་མགྲིན།ང་སྲིད་གཞུང་གི་ལས་བགོས་ལྟར་འདིར་ཁྱེད་ཀྱི་ཐོབ་ཐང་ལག་ཁྱེར་གསར་བར་བརྗེ་དུ་ཡོང་བ་ཡིན”ཞེས་ངས་མིག་ཟུང་ཕུར་ཙམ་བྱེད་བཞིན་ཁོའི་གམ་དུ་སོང་།
“ཐོབ་ཐང་ལག་ཁྱེར། ?ང་ལ་ཐོབ་ཐང་ལག་ཁྱེར་ཀྱིས་ཅི་བྱ”ཞེས་དྲིས་བྱུང་།
“ཐོབ་ཐང་ལག་ཁྱེར་ཡོད་ན། ཁྱེད་ཀྱི་མིང་དང་ཨང་རྟགས།ཕ་ཡུལ་སོགས་གསལ་བོར་ཡིན་པས་ཡུལ་ཕྱོགས་གང་དུ་སོང་ཡང་ཤིན་ཏུ་སྟབས་བདེ་ཡིན”ཞེས་བཤད་མ་ཐགརྟ་མགྲིན་གྱི་གད་མོའི་དགོད་སྒྲས་གནམ་ས་གས་ལ་བྱས་ཤིང་ཞལ་ལ་འཕྱ་ཉམས་ཤིག་ཤར་ཏེ
“ང་ས་ཆ་གང་དུ་སོང་ཡང་དབུགས་ལྒང་འདི་ཡོད་པས་ཆོགངའི་མིང་ལ་ཅི་ཟེར་བ་ཡང་ངའི་འཇིག་རྟེན་གྱི་མི་ཀུན་གྱིས་རྟོགས་པས་ཁྱེད་ཀྱི་བཤད་པའི་ཐོབ་ཐང་ལག་ཁྱེར་ཟེར་བ་དེ་དངོས་གནས་མི་མཁོ”ཞེས་ལག་པ་འཕྲད་དུ་གཡུགས་བྱུང་།ཡང་རེ་ཞིག་སོང་པ་དང་ཁོས་ནམ་མཁའི་སྤྲིན་པར་བལྟས་ཏེ་དེ་གའི་ཁྲོན་པའི་ནང་སྐད་གསེང་མཐོན་པོས“ད་ནི་མི་འགྱང་བར་ང་ཚོ་ཤར་ཕྱོགས་རྒྱ་མཚོ་ཆེན་མོར་འཕུར”ཅེས་བཤད་འཕྲལ་ང་ལ་ཡ་མཚན་ཞིག་སྐྱེས་ཏེ་ཁྲོན་པ་དེའི་ནང་ཞིབ་ཏུ་བལྟས་ཀྱང་ནག་རོག་གེ་ཞིག་ལས་ཅི་ཡང་མཐོང་རྒྱུ་མ་བྱུང་།ངས་ཨ་མཚར་དང་བཅས“ ཁྲོན་པ་འདིའི་ནང་ཅི་ཞིག་འདུག”ཅེས་དྲིས་པར།
རྟ་མགྲིན་གྱིས“གཡུ་འབྲུག་སྔོན་མོ”ཞེས་བཤད།
“གཡུ་འབྲུག?”
“ཁྱེད་ཀྱི་ཨ་མས་ཁྱོད་ལ་གཡུ་འབྲུག་ཅིག་ཁྲོན་པའི་ནང་དགུན་ཉལ་བྱས་པའི་གཏམ་རྒྱུད་བཤད་མ་མྱོང་ངམ།”
ཁོས་དེ་ལྟར་བཤད་འཕྲལ་ངས་ཆུང་དུས་ཀྱི་གནའ་གཏམ་ཞིག་དྲན་འོངས།གནའ་སྔ་མོ་ཞིག་ལ། ལུག་རྫིའམ་ཞིང་བ་ཞིག་ཁྲོན་པའི་ནང་ལྷུང་སྟེ་ཕྱིར་འབུད་མ་ཐུབ།ཁྲོན་པ་དེའི་ནང་གཡུ་འབྲུག་ཅིག་དགུན་ཉལ་བྱས་ཡོད་པ་དང་ལུག་རྫིའམ་ཞིང་བ་དེས་གཡུ་འབྲུག་གི་འགྲམ་ཆུའི་ལྦུ་བ་མར་ཁུ་ཡིན་པ་ཤེས་ཏེ་ཉིན་ལྟར་ཁ་ཟས་སུ་བྱས་ཤིང་གཡུ་འབྲུག་གནམ་མཁར་ལྡིང་བའི་དུས་ལ་དེའི་རྔ་མར་འཇུས་ཏེ་ཁྲོན་པའི་ཕྱིར་བུད་པའི་གནའ་གཏམ་དེ་དྲན་ཡོང་།
“ཁྱེད་ཀྱིས་གཏམ་རྒྱུད་དེ་བརྗེད་མེད་པ་འདྲ”ཞེས་ཁོས་ངའི་ཡུན་ཏུ་ཁ་མི་གྲག་པ་མཐོང་སྟེ་དེ་ལྟར་བཤད།
“འབྲུག་ཟེར་བ་ནི་མི་རྣམས་ཀྱིས་རྟོག་བཟོ་བྱས་པའི་ཁྱད་མཚར་གྱི་སྲོག་ཆགས་ཤིག་ཡིན་པ་ལས་དངོས་ཡོད་འཇིག་རྟེན་ཁྲོད་ཡོད་མི་སྲིད”
ངས་དེ་ལྟར་ལན་གདབ་པར་ཁོང་གི་ཞལ་ལ་ཡར་སྔོན་བྱུང་བའི་འཕྱ་ཉམས་དེ་ཤར་ཞིང་མིག་གཉིས་འགུལ་ཙམ་འགུལ་ཙམ་བྱེད་བཞིན“མི་ཟེར་བ་འདི་ངོ་མ་ཡ་མཚན་ཞིག་རེད།ཨ་མའི་པང་དུ་ཉལ་དུས། ཁོང་གིས་ཨ་མའི་བཤད་པའི་གཏམ་རྒྱུད་ཡོད་ཚད་བདེན་པར་འདོད་ལ།རང་ཉིད་ལ་མལ་སྟན་ཞིག་དབང་བ་ནས་བཟུང་། ཡང་གཏམ་རྒྱུད་དེ་དག་རྫུན་དུ་བསམས།”ཞེས་བཤད།
ཡང་ངས“ང་ཚོས་མཐོང་ཐུབ་པའི་སྲོག་ཆགས་གང་ཞིག་མཁའ་ལམ་ནས་ལྡིང་སྐོར་བྱེད་ཐུབ་ན་དེ་ལ་གཤོག་པ་ཐོགས་དགོས”ཞེས་སྨྲས་པར།ཁོས་མགོ་བོ་འཕྲད་དུ་གཡུག་ཞོར“མི་ལ་དབང་ཤེས་ལས་ཤེས་པ་གཞན་དག་མེད་དམ”ཞེས་ལྡོག་འདྲི་བྱས་བྱུང་།ངས་ཕྱིར་ཨ་ལན་ཅི་ཞིག་འདེབས་དགོས་མ་ཤེས།
ཡང་ཁོས་ངའི་ཁ་མི་གྲག་པ་མཐོང་སྟེ“ད་ནི་ཁྱེད་རང་ཕྱིར་ལོག་ན་བཟང་།ང་ལ་ཁྱེད་ཀྱིས་བཤད་པའི་ཐོབ་ཐང་ལག་ཁྱེར་དེ་དངོས་གནས་མི་མཁོ།ང་ལ་དབུགས་ལྒང་འདི་ཡོད་པས་ཆོགགཡུ་འབྲུག་སྔོན་མོ་མཁའ་ལ་ལྡིང་དུས་ངེད་གཉིས་མཉམ་དུ་ཤར་གྱི་རྒྱ་མཚོ་ཆེན་མོར་བསྐྱོད་དགོས”ཞེས་བཤད། ངས་རྟ་མགྲིན་ལ་ཤར་གྱི་རྒྱ་མཚོ་ཆེན་མོར་བསྐྱོད་དགོས་ན།ལྷག་ཏུ་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་ཚུལ་ལབ་ཀྱང་ཁོས“གནའ་གཏམ་གང་ཞིག་གི་ཁྲོད་དུ་ཐོབ་ཐང་ལག་ཁྱེར་མེད་པས་གནའ་གཏམ་ལ་མཇུག་འབྲས་མེད་སོང”ཞེས་བཤད་པར་ང་རང་ངག་ལྐུགས་པར་གྱུར།
ས་སྲོད་ཀྱི་དུས་ལ། ཕྱིར་མལ་ཤག་ཏུ་ལོག་རྗེས་ངས་རྨི་ལམ་གྱི་ཟིན་བྲིས་ལས་ཚེ་རིང་དང་བུད་མེད་དེ།གྲྭ་བཙུན་ཆོས་དབྱིངས། རྟ་མགྲིནད་རུང་ཁོང་གིས་ལབ་པའི་གཡུ་འབྲུག་སྔོན་མོ་སོགས་ཟིན་བྲིས་ཁྲོད་འཁོད་ཡོད་མིན་བཙལ་ཡང་ཁོ་ཚོའི་གྲིབ་ཙམ་ཡང་རྙེད་མ་བྱུང་།གལ་སྲིད་ཁོ་ཚོ་ནི་ངའི་རྨི་ལམ་ཁྲོད་རྨིས་པ་མ་ཡིན་ན་ང་ལ་འདི་འདྲའི་བག་ཆགས་ཤིག་གང་ནས་བྱུང་ངམ།ངས་དེ་ལྟར་འདང་རྒྱག་ཞོར་མལ་ཁྲི་ལས་གནམ་གཅལ་ལ་བལྟས་བསྡད་པར།གནམ་གཅལ་གྱི་རྩིག་ངོས་དཀར་པོ་ནི་ཚེ་རིང་བསྡོད་སའི་མཚོ་ཆུང་དུ་གྱུར་ཅིང་འགྲམ་ངོགས་ཀྱི་ལྕགས་ཁང་ལས་བུད་མེད་དེས་བྱིས་པ་ངུ་སྐད་ཤོར་པ་གཅིག་པང་འོང་ནས“ཚེ་རིང་། རང་གི་བུ་ཆུང་གི་ཁ་རྩེད་དང”ཞེས་ང་སར་སྙེག་འོང་། ངས“ང་ཚེ་རིང་མིན།”ཞེས་བཤད་བཞིན་ཕྱིར་བསྣུར་བྱས་པར།ངའི་ལག་ཏུ་གྲུ་ཤན་བཟུང་འདུག་ཅིང་གྲུ་ཆུང་དེའང་མཚོ་ཐོག་ཏུ་བསྐྱོད་བཞིན་མཆིས།མཚོ་ངོས་ནི་སྔར་བཞིན་ཤིན་ཏུ་སྔོ་ལ་ཤིན་ཏུ་འཇགས། དུས་དེར།མཚོ་འགྲམ་ན་གྲྭ་བཙུན་ཆོས་དབྱིངས་དང་གྲྭ་བ་སྐོར་ཅིག་གིས་ཁ་བཏགས་བཟུང་སྟེ་ང་ལ་བསུ་མ་བྱེད་བཞིན་འདུགངས་རྒྱང་ནས“ང་ཚེ་རིང་མིན། ”ཞེས་བཤད་བཞིན་གྲུ་ཆུང་ཕྱིར་འདེགས་པར་ངའི་ལག་གི་གྲུ་ཤན་རྟ་མགྲིན་གྱི་དབུགས་ལྒང་དུ་གྱུར་ཅིང་།མཚོ་ཆུང་ནི་ཐང་ཆེན་དུ་གྱུར་ཏེ་སྒྲ་ཆེན་ཞིག་བྱུང་པ་དང་མཉམ་དུ་གཡུ་འབྲུག་སྔོན་མོ་ཞིག་ཁྲོན་པ་ནས་མཁའ་རུ་འཕུར་བ་ལ་དངོས་གནས་གཤོག་པ་ཐོགས་མི་འདུག
དེས“རྟ་མགྲིན།ངེད་གཉིས་ཤར་གྱི་རྒྱ་མཚོ་ཆེན་མོར་འཕུར་ཡ། ”ཞེས་མི་སྐད་བཤད་བྱུང་།
ངས“ང་རྟ་མགྲིན་མིན། ”ཞེས་བཤད་འཕྲལ།ང་རང་མཚོ་ཆུང་དབུས་སུ་འདུག་པ་དང་མདུན་ན་བུད་མེད་ཀྱིས“ཚེ་རིང་། ཚུར་ཤོག་དང”ཞེས་བཤད་ཀྱིན་འདུག་ལ།ལྟག་རྒྱབ་ན་གྲྭ་བཙུན་ཆོས་དབྱིངས་སོགས་ཀྱིས་ང་ལ་འདིར་ཤོག་ཅེས་ལག་བརྡ་གཏོང་གིན་འདུག
ངས་སྐད་ཤུགས་ཆེན་པོས“ང་ཚེ་རིང་མིན་ལ་རྟ་མགྲིན་ཀྱང་མིན”ཞེས་སྐད་ཤོར་མ་ཐགང་རང་སྔོན་གྱི་རི་སྒང་སྟེང་འདུག་པ་དང་ང་ཚོ་བསྡད་འོངས་པའི་རླངས་འཁོར་ལས་འགོ་ཁྲིད་རྒྱ་མོ་ཚུར་ཡོང་བཞིན“ཕྱིར་ལོག་བྱུང་ངམ”ཞེས་དྲིས་བྱུང་།ངས་གནས་ཚུལ་རྣམས་མོ་ལ་ཇི་བཞིན་དུ་བཤད་པར་མོས“ཚེ་རིང་དང་རྟ་མགྲིན་ལས་ཁྱེད་ཀྱིས་ངེས་པར་ཏུ་གཅིག་འདེམས་དགོས”ཞེས་བཤད།
སྨུག་ཀློང་ཞིག་འཐིབས་པ་དང་མཉམ་དུ་བྱིས་པའི་ངུ་སྐད་གྲགས་པ་ན་བུད་མེད་དེ་ངའི་གམ་དུ་ཐོན་བྱུང་ལ།གྲྭ་བཙུན་རྣམས་ཀྱང་ཐོན་བྱུང་། གཡུ་འབྲུག་སྔོན་མོ་ཡང་ཐོན་བྱུང་།ཁོ་ཚོའི་མིག་ཟུང་དང་རྣམ་འགྱུར་ཁྲོད་ང་ལ་གྲུ་ཆུང་དང་དབུགས་ལྒང་ལས་གཅིག་འདེམས་དགོས་ཞེས་པའི་བརྡ་བསྟན་འདུག ང་རང་རླངས་འཁོར་ཏུ་བསྡད་དེ་ཁ་ལོ་བར་མྱུར་ཏུ་ཕྱིར་ལོག་དགོས་པའི་རེ་ཞུ་ཞུས་ཀྱང་།ཁ་ལོ་བས “རི་སྟེང་ལ་ཐོན་ཚེ་ཕྱིར་ལོག་ཐབས་བྲལ”ཞེས་སྨྲས་བྱུང་། རིམ་བཞིན། ཁོ་ཚོས“ཚེ་རིང་། ”“རྟ་མགྲིན།”་་་ཞེས་ངའི་མཐའ་རུ་བསྐོར་བར་ངའི་འུར་སྐད་ཅིག་རྒྱབ་པ་ན་མིག་ལམ་དུ་སླར་ཡང་གནམ་གཅལ་གྱི་རྩིག་ངོས་དཀར་པོ་མངོན་བྱུང་པས་མ་གཞི་དེ་ནི་རྨི་ལམ་ཞིག་རེད།
ང་རང་མལ་ཁྲི་ལས་ཙོག་པུར་བསྡད་དེ་དབུགས་རྒྱུན་རིང་པོ་ཞིག་བླངས་རྗེས། རང་གི་གོམས་ལོབ་ལྟར་རྨི་ལམ་དེ་ཟིན་བྲིས་སུ་འདེབས་མགོ་བརྩམ་པ་ན། རྣ་ལམ་དུ་སླར་ཡང་ཨ་ཕས་བཤད་པའི་སྐད་ཆ་དེ་ཐོས་བྱུང་།
“མཚན་གྱི་རྨི་ལམ་རེ་རེ་ནི་ཁྱོད་ཀྱི་སྐྱེ་བ་འདིར་འཕྲད་སྲིད་པའི་མི་དང་དོན་རྣམས་ཡིན”
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3429
དཔྱད་མཆན་སྤེལ།