རྒྱང་རིང་ལ་ཕུལ།

རྒྱང་རིང ཐག་རིང་ཐག་རིང་གི
གནམ་ས་གཉིས་ཀྱི་སྦྲེལ་མཚམས་ལ་ཟེར་རམ
དུས་ཚོད་ཀྱི་གཙང་བོ་ཇི་ལྟར་འབབ་ཀྱང
བགྲུལ་བཞུད་ཀྱི་རྡོག་པ་གཏན་ནས་མཚམས་བཞག་མ་མྱོང་ན་ཡང
བསླེབ་མི་ཐུབ་པའི་ཁེར་རྐྱང་གི་གླིང་ཕྲན

རྒྱང་རིང ལོག་ཐབས་མེད་པའི་མཇུག་མཐའི་གནས་མལ
སེམས་ཀྱི་མེ་ལོང་ངོས་སུ་ཤར་བའི
མཐའ་མི་དཔོག་པའི་སྤྲུལ་བའི་གྲོང་ཁྱེར

རྒྱང་རིང བདག་མེད་ཀྱི་རྣམ་ཤེས་མང་པོ་འཚང་ཀ་ཤིག་ཤིག་གིས
ཁྱེད་ཀྱི་མིང་ནས་ཐེངས་དུ་མར་བོས
ཡིན་ན་ཡང སྲིད་པ་ཆགས་ནས་ད་ལ་ཐུག་བར་དུ
ཁྱེད་ཀྱིས་སུ་ལ་ཡང་ཨ་ལན་གཅིག་ཀྱང་སྟེར་མ་མྱོང

རྒྱང་རིང ཞོགས་པའི་མཚམས་སྤྲིན་གཤགས་པའི
འདབ་ཆགས་ཀྱི་འཕུར་སྐྱོད་མིག་ལ་མཛེས་ཀྱང
དགོང་གའི་ཉི་ནུབ་ཀྱི་ཁུགས་པ་བརྟོལ་བའི
རྟ་མཆོག་གི་རྨིག་སྒྲ་ཡིད་ལ་སིམ་ཡང
བར་ཐག་གིས་སྐྱེད་པའི་བརྩེ་དུང་གི་རྒྱ་སེ
མཛེས་སྡུག་གིས་མིག་ལ་འཚངས་ཀྱང
ང་རང་ཁྱེད་ཀྱི་བསླུ་བྲིད་ཁོ་ནར་གཡེང་ནས
འདི་དག་ཡོད་ཚད་གཏིང་བརྗེད་དུ་གྱུར་དགོས་བྱུང

རྒྱང་རིང རྫོགས་མཐའ་མེད་པའི་ཚེ་སྲོག་གི་གསང་བ

2023 3 17

སྐྱོ་གར།

ནར་སོན་རྗེས་ང་ཚོ་གཟབ་ནན་ཅན་དུ་གྱུར
རང་ཤེད་ཚ་པོའི་སྣང་བ་ཡོད་ཚད
རྩ་རྒྱུས་ལྷོད་པ་བཞིན་ཞི་འཇགས་སུ་གྱུར
ན་ཚོད་ཀྱིས་ཁུར་བའི་ལང་ཚོ
གཡང་ལ་ཕབ་པའི་རི་དྭགས་ཞིག་དང་འདྲ་བར
རྣམ་རིག་དང་སྤྱང་གྲུང་ལྡན་པའི་གཤིས་ཀ་དག
བབས་ཆགས་པའི་ཚུལ་འཆོས་ཀྱི་གདོང་ཁེབས་ཕག་ཏུ་ཡིབ

གཞན་དྲིང་མི་འཇོག་པའི་ཁེར་རྐྱང་གི་རྣམ་ཤེས་རྒོད་པོས
སྤམ་རྫུ་དང་གཡོ་འཁྲུལ་གྱི་སྤྲིན་ནག་ཕྱེད་གཤགས་སུ་བཏང་སྟེ
འཇིག་རྟེན་ལག་མཐིལ་དུ་བླངས་པའི་མིག་ཟུང་གཉིས
དཀར་ནག་འབྱེད་བྱེད་ཀྱི་མེ་ལོང་དུ་གྱུར་བ
ད་ལྟ མི་ཚེའི་སྒྲུང་དེབ་ངོས་ཀྱི
ཡིད་འཕྲོག་པའི་ཚིག་རིས་ཞིག་དང་འདྲ་བར
ཕྱི་དྲན་དང་འཆར་སྣང་ཁོ་ནར་དབང་ཚར

མངོན་སུམ་འཛེམ་མེད་དུ་སྤྱི་ཚོགས་ཀྱི་འདམ་རྫབ་ནང་དུ
འགྲེ་ལོག་ཐེངས་ཤིག་བརྒྱབ་རྗེས
ངས་རང་ཉིད་ངོ་མི་ཤེས་པ་ཐག་གཅོད་བྱ་ཐུབ་སྙམ
གོ་རིམ་འདི་ཁྱེད་ཀྱིས་བརྒྱུད་ཚར་རམ

ཁྱེད་ཀྱིས་རང་གི་དྭངས་གཙང་གི་རྣམ་ཤེས་དང
ཁ་དོན་ཚིག་ལ་གནས་པའི་སྐྱེས་པ་ཕོ་ཞིག་གི་སྒམ་ཚུགས
མཛངས་ལ་བློ་འགྱུ་བ་དང
དཔའ་ལ་བསྲན་ཚུགས་པའི་གཤིས་ཀ་དེ་དག
འཕྲུལ་ཆས་ཀྱི་ལྷུ་ལག་བརྗེས་པ་བཞིན
གདོས་བཅས་ཤ་ཁྲག་གི་ཕུང་པོའི་ཁུངས་གསེང་ནས་བཏོན་ཏེ
ཐག་རིང་ཐག་རིང་དུ་དོར་ཚར་རམ

ལོ་ན་ཆུང་དུས་ང་ཚོ་གཏམ་རྒྱུད་ལ་ཉན་རྒྱུར་དགའ་མོད
ད་ལྟ་ང་ཚོ་ཡང་གཏམ་རྒྱུད་རེ་རེའི་བརྗོད་སྙིང་དུ་གྱུར
འགྱུར་བ་མེད་པའི་བརྩེ་སེམས
དཔང་མཐོ་བའི་ང་རྒྱལ་དང་ཁ་ཕོ
རང་གི་ངོ་གདོང་ཐང་ལ་མི་འཕེན་པའི་ལ་རྒྱ
ཚེ་སྲོག་ལས་ཀྱང་དམ་ཚིག་བརྩི་བའི་ཁྲེལ་གཞུང
སྙིང་ལ་རུས་པ་སྐྱེ་བའི་གདོང་བ་སྨུག་པོ
ད་ལྟ དེ་དག་ཡོད་ཚད་མཇུག་རྫོགས་སོང

ད་ནི་ང་ཚོར་ཅི་ཡང་ཡོད་ལ
ད་ནི་ང་ཚོར་ཅི་ཡང་མེད་དོ
འཁྲབ་ཡོལ་གྱི་སྒོ་གཏན་རྗེས
ང་ཚོས་རང་གི་བྲང་ཁོག་སྟོང་བའི་ནང་དུ
ལག་སྙོབ་རེ་བྱེད་ཀྱིན་བསྡད་ཡོད
སྐྱོ་གར་འདི་ནམ་ཞིག་ལ་མཇུག་རྫོགས་ཨང

2023 2 13

རྩ་དོན།

 

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
ཕྱི་རོལ་གྱི་ཆར་ཤ་ལ་འཇགས་པ་མེད་ཅིང
མུ་མཐའ་མེད་པའི་མཁའ་དབྱིངས་སུ་འཕུར་བའི
རང་དབང་གི་རྒོད་པོའི་གཤོག་རྩེ་སྤྲིན་ལ་ཐོགས

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
རྣམ་ཤེས་མེད་པའི་བེམ་གོག་མང་པོ
གསོན་པོ་ནང་བཞིན་སྨྱོ་ཧམ་ཆེན་པོས
སྲང་ལམ་གྱི་གཡས་གཡོན་ཀུན་ནས་འདུར་རྒྱུགས་བྱས

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
ཐག་རིང་དུ་ལོག་པའི་མགྲོན་པོ་ཕྱིར་མ་བསླེབ
བོར་སོང་བའི་ཁྱིམ་ཚེས་ཀྱི་བྱིས་པ་ད་དུང་མ་རྙེད
མཐའ་མཇུག་གི་རྫི་བོ་ཚེས་གསུམ་ཚེ་རིང་ཡང་གར་སོང་ཆ་མེད་དུ་གྱུར

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
ཡི་གེ་འདུ་བྱེད་ཀྱི་གསེང་དུ་ཡིབ་པའི
དུས་ཚོད་འདིའི་བདེན་ཚིག་དག་ཇེ་ཆུང་ནས་ཇེ་ཆུང་གྱུར
སྲོག་གི་དབང་བོ་བྲལ་བའི
དུས་ཚོད་འདིའི་རྩྭ་མི་ཤིང་མི་དག་ཇེ་ཆེ་ནས་ཇེ་ཆེར་གྱུར

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
རྣོ་ལྕགས་ཀྱིས་བརྡུངས་པའི་རལ་གྲིར་བཙའ་ཆགས
ཤེས་རབ་ཀྱིས་བཙས་པའི་བུས་པ་མང་པོ་བདག་མེད་དུ་ལུས
དཔའ་བོའི་མཚན་སྙན་ཐོབ་པའི་མི་རབས་དེ་ཡང་མཇུག་བསྡུས

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
ལྕགས་ཚེར་དང་གློག་སྐུད་ཀྱི་དྲ་བས་སྦྲེལ་བའི
རྩྭ་ཐང་ས་རྒོད་དུ་གྱུར
ཕྱིར་མིག་ཁྲོད་དུ་ལྷག་པའི
འཚེར་ཤུལ་ལག་མཐིལ་འདྲ་བ་དེར
ཁྭ་སྐྱག་ཀྱིས་ཨག་སྐད་ལྷང་ལྷང་སྒྲོག

དེ་ཙམ་གྱིས་ཡིད་ཐང་ཆད་རྒྱུ་མི་འདུག་མོད
གངས་འདབས་ཀྱི་སྐྱེད་ཚལ་སྲུང་བའི་གཞོན་ནུ་དེས་ཀྱང
རང་གི་འགན་ཁུར་ཡོད་ཚད་བརྗེད་དེ
ཉིན་དང་མཚན་ལ་ཆང་རག་མཆོད་པས
ད་ལྟ ར་བཟི་བར་གྱུར

2023 3 16

བར་ཐག

ཡིད་ཀྱི་གདུང་བ་འཕེལ་བའི་དུས
སེམས་ངོ་སྟོན་ས་ཞིག་ཀྱང་མི་རྙེད
རང་སེམས་རང་གིས་གསོས་པའི་དུས་ཚོད་ཀྱི་ནང་དུ
འཇིག་རྟེན་ནི་རླུང་གིས་སྤུར་བའི་འགྱིག་ཤོག་སྟོང་བ་ཞིག་དང་འདྲ་བར
ངེས་གཏན་དང་ཁ་ཕྱོགས་མེད་པར་ལུས

སྐབས་དེར་རང་ཉིད་དང་བཅས་པའི་མི་ཚོགས
སྙིང་པོ་བོར་བའི་གླུ་གཞས་ཀྱི་འགྲོས་དང་སྡོང
དེ་ནི་འུ་ཐུག་པའི་ལམ་ཁ་ཞིག་ཡིན་པ་སུས་ཀྱང་ཤེས་མོད
འོན་ཀྱང རླུང་བུ་ལྡང་མཚམས་མ་བཞག
རླུང་བུ་ལྡང་མཚམས་བཞག་ཀྱང
ང་ཚོ་སྐྱོབ་མཁན་སུ་ཞིག་ཡོད

འཁྲུལ་སྣང་གིས་བཟོས་པའི་གཟེབ་དྲྭ་དེ
འབུ་སྡོམ་བཞིན་ལུས་སྟེང་དུ་འབྱར་བས
གློ་བུར་བའི་ཚོར་བ་ཕྲ་མོ་དག་ཀྱང
གཏན་ཚིགས་ཀྱིས་ཞུན་བརྡར་ཡང་ཡང་མི་བྱེད་ཀ་མེད་བྱུང

རེ་སྒུག་གི་དུས་ཚོད་ཐིག་ཕྲེང་ནོར་བ་བཞིན
དམིགས་ཡུལ་ལ་བསླེབ་ཐུབ་མེད་པ་འདི་ཡིས
ང་ཡི་ད་ལྟ་བའི་འཚོ་བའི་ནང་གི
ཡིད་ཀྱི་སྤྲོ་བ་མ་ལུས་སྐད་ཅིག་ལ་བསྣུབས་སོང

སྐྱོ་བ་མཐའ་དག་ལྕགས་ཀྲིན་ཞིག་གི་ནང་དུ་བླུགས་ནས
སྙིགས་ཟོམ་དུ་དོར་བའི་བར་སྐབས་དེར
ནང་སེམས་ཀྱི་ཆེས་སྙི་ས་དེ་གསལ་ལེར་མཐོང་བར་རེ་སྒུག་བྱས་མོད
འོན་ཀྱང ཕན་ཚུན་གྱི་བར་དུ་བཅད་པའི་སང་རས་སྲབ་མོ་འདི
ཡང་ན་སྡོང་ཤུན་ཙམ་ཞིག་ལས་མེད་པའི་རྫུ་བག་ཆུང་ངུ་འདིར
ང་ཇི་ལྟར་བྱས་ཀྱང་གཡོལ་ཐབས་མི་འདུག

2023 2 18

མ་ལ་ཡའི་ནགས་ཚལ།

འཛིན་གྲྭ་གཅིག་པའི་སློབ་གྲོགས་རྣམས་ལ་ཕུལ།

བརྩེ་སེམས་ཀྱི་ལག་པ་དྲོན་མོས་ཕན་ཚུན་ལ་ཡང་ཡང་འཇུས་པས
ང་ཚོའི་བར་དུ་རླུང་བུ་ཡང་མོ་ཞིག་ཀྱང་མི་ཤོང་བ་འདྲ
ཁེར་རྐྱང་གི་དུས་སུ་ང་ཚོས་རང་རང་གི་སེམས་ངོགས་གཞན་ལ་བསྟན་ཞིང
སེམས་པའི་དྲོད་སྐྱིབ་ཀྱིས་ཡུལ་གདུང་གི་འཁྱགས་རོམ་བཞུ་ཐབས་བྱས

དུས་ཚོད་ཀྱིས་བསུབ་མི་ཐུབ་པའི་ཤེས་རབ་ཀྱི་མེ་ལྕེ
དྲན་ཤེས་ཀྱི་སྒོ་མོ་མཐའ་དག་ནས་ངེས་འབྱུང་གི་གསུང་ངད་ལྡིང
དུག་གསུམ་གྱི་གཤིན་ས་སྐམ་པོར
བཟོད་སྒོམ་དང་ཆོག་ཤེས་ཀྱི་བརླན་གཤེར་བྲན

བྱམས་བརྩེའི་ཆུ་ཤེལ་ལས་འཕྲོས་པའི
སྙིང་རྗེ་ཡི་གཟི་འོད་ཉག་མ་དེ་དག
ཡང་ན་དྭངས་གཙང་གི་མིག་མཐར་འཁྱིལ་བའི
ཆུ་ཐིགས་ཀྱི་ཕྲེང་བ་རྡོག་པོ་རེ་གཉིས
མ་སེམས་ཅན་གྱི་དོན་དུ་སྔ་མོ་ནས་ས་གཞིའི་བྲང་གཞུང་དུ་གཏོར

གཏིང་འཛིན་གྱི་གཡེར་དྲིལ་ཁོ་ནར་ཆགས་ནས
རང་གི་སྐྱེ་ཁུངས་ཀྱང་རྩ་བ་ནས་བརྗེད་ཚར་ན་ཡང
བསམ་གཏན་གྱི་མལ་ས་གང་ཞིག་ནས
ཁུ་སིམ་མེར་ཤོག་ལྷེ་འགའ་ཕར་སྒྱུར་ཚུར་སྒྱུར་བྱས་ཏེ
འཁྲུལ་སྣང་གི་གཟུགས་རིས་སྣ་ཚོགས་གྱང་ལྡེབས་ངོས་སུ་བྲིས

དེ་ལྟར་ཡུན་རིང་སོང་ན་ཡང
དེ་ལྟར་ཡུན་རིང་འགྲོ་དགོས་པའི་ལམ་གྱི་འགྲུལ་བ
འཁོར་བ་ནི་དགའ་སྡུག་གཉིས་སྐྱ་འཐབ་པའི
མི་རྟག་པ་མཚོན་བྱེད་ཀྱི་རི་མོ་ཞིག་ཡིན་པ་རྟོགས་རྗེས
དྲན་རྟོག་གི་ཡུལ་ལྗོངས་སུ་བསྐྱོད་པའི
ཆགས་སྡང་གི་རྟ་ཁ་འཐེན་ཙམ་བྱེད་དགོས་བྱུང


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3408