གྷོས དྷུ མོ་པཱ་ཟང(Guy de Maupassant 1850-1893)གིས་བརྩམས།
སྙན་བཟང་གཡུང་དྲུང་ཚེ་རིང་གིས་ཧྥ་ཡིག་ལས་བསྒྱུར།
ཕེ་རེ་སི(Paris)ནི་བཀག་སྐྱིལ་བྱས་པས། ལྟོགས་ནས་འཁང་ར་བྱེད་ཀྱི་འདུག ཁང་ཀླད་ཀྱི་ཁང་བྱིའུ་ཇེ་ཉུང་དུ་ཕྱིན་པ་དང་། ས་འོག་གི་ཆུ་ལམ་ནང་གི་བྱི་བ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། མི་རྣམས་ཀྱིས་ཅི་ཞིག་ཟ་ཐུབ་ན་དེ་ཟ།
ཟླ་དང་པོའི་དྭངས་གཙང་གི་ཞོགས་པ་ཞིག་ལ། ཁོང་གི་སེམས་ཧ་ཅང་སྐྱོ་བར་གྱུར་ནས་ཕྱི་རོལ་གྱི་ལམ་ཆེན(Boulevard)བརྒྱུད་དེ་འཆམ་འཆམ་དུ་སོང་། ལག་པ་གཉིས་དོར་མའི་ནང་དུ་བཅུག་ཡོད་ལ། ཕོ་བ་སྟོང་པ་ཡིན། སྐུ་ཞབས་མའོ་ཝེས་ཟོ( Morissot)ཡི་ལས་རིགས་ནི་ཆུ་ཚོད་བཟོ་མཁན་ཞིག་ཡིན་ཅིང་། གནས་སྐབས་སུ་ལས་ཀ་མེད། ཁོང་གི་གྲོགས་པོ་ཡིན་པའི་ལས་གྲོགས་ཤིག་གི་མདུན་ནས་གློ་བུར་དུ་འགྲོ་མཚམས་བཞག དེ་ནི་སྐུ་ཞབས་ཟོབ་བ་རྗུ( Sauvage)རེད། ཆུ་ངོགས་ལ་རྒྱུས་མངའ་ཅན་ཞིག་རེད།
དམག་འཁྲུག་མ་ལངས་གོང་གི་གཟའ་ཉི་མའི་ཞོགས་པ་རེ་རེའི་སྐྱ་རེངས་ཀྱི་དུས་སུ། སྐུ་ཞབས་མའོ་ཝེས་ཟོ་ཡི་ལག་པ་གཅིག་གིས་སྨྱུག་མའི་དབྱུག་པ་ཞིག་བཟུང་སྟེ། གཤའ་དཀར་གྱི་སྒམ་ཆུང་ཞིག་རྒྱབ་ཏུ་འཁུར་ནས་ཐོན་གྱི་ཡོད། ཁོ་ཨར་རྗང་ཊོའི(Argenteuil)མེ་འཁོར་ལ་བསྡད་དེ་ཁོ་ལིམ་བྷུ( Colombes)ནས་འབབ་ཀྱི་ཡོད། དེ་ནས་རྐང་ཐང་གིས་མཱ་ཝང་ཊི་གླིང་ཕྲན(l’île Marante)ལ་ཐོན། ཁོང་གིས་རྨི་ལམ་དུ་འཁོར་བའི་ཡུལ་དེར་སླེབས་མ་ཐག ཁོང་གིས་ཉ་འཛིན་མགོ་བརྩམས་ཏེ་ས་མ་རུབ་བར་དུ་སྡོད་པར་བྱེད།
གཟའ་ཉི་མ་རེ་རེར། ཁོ་གནས་འདི་ནས་གཟུགས་ཐུང་ཞིང་རྒྱགས་པ་དང་། སྤྲོ་སྣང་ལྡན་པའི་སྐུ་ཞབས་ཟོབ་བ་རྗུ་དང་ཕྲད། ཁོ་ནི་ཎོ་ཐོག་དྷམ དྷུ ལོ་ཝེས་ཌུའི(Rue Notre-Dame-de-Lorette)སྲང་ལམ་གྱི་འཚེམ་བཟོ་བ་ཞིག་ཡིན་ལ། སྤྲོ་སེམས་ཆེ་བའི་ཉ་པ་ཞིག་ཀྱང་ཡིན། ཁོ་གཉིས་ཀྱིས་རྒྱུན་དུ་ཉིན་ཕྱེད་ལ་དཔུང་པ་མཉམ་གཤིབ་ཀྱིས་ཉ་དབྱུག(ligne de pèche )བཟུང་བ་དང་། རྐང་པ་ཆུ་ནང་དུ་དཔྱངས་པར་བརྟེན་ནས། ཁོ་གཉིས་ཀྱི་བར་ལ་མཛའ་བརྩེ་ཟབ་མོ་ཞིག་བྱུང་།
ཁོ་གཉིས་ཀྱིས་སྐབས་རེར་ཉིན་ཤས་རིང་ཕན་ཚུན་ལ་སྐད་ཆ་མི་བཤད། མཚམས་རེར་ཁ་བརྡ་བྱེད། འོན་ཀྱང་། ཁོ་གཉིས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་ནའང་བརྩེ་འདང་ཡོད་ལ། ཁོང་གཉིས་ཀྱི་དགའ་ཕྱོགས་དང་བསམ་བློ་གཏོང་སྟངས་འདྲ་སེ་ཡོད།
དཔྱིད་ཀྱི་དཔལ་མོ་སླེབས་དུས། ཞོགས་པའི་དུས་ཚོད་བཅུ་པ་ཙམ་ལ། ཉི་མ་གཞོན་ནུས་འཇམ་ཐིང་ངེར་གནས་པའི་གཙང་པོའི་ངོས་སུ་ན་བུན་འཕྱོ་ལྡིང་བྱེད་དུ་འཇུག་ཅིང་། སྤྲོ་སེམས་འཁོལ་བའི་ཉ་པ་གཉིས་ཀྱི་སྒལ་བར་ག་ལེར་དྲོད་སྣང་སྟེར་སྐབས། སྐབས་རེར་ཟོབ་བ་རྗུས་ཁོའི་ཁྱིམ་མཚེས་གྲོགས་པོར་བཤད་རྒྱུར། ‘‘གནམ་རྒན་མ། གནམ་གཤིས་སྐྱིད་པོ་འདུག་ཨང་།’’ ཕ་རོལ་པོས་ལན་འདེབས་རྒྱུར། ‘‘འདི་ལས་སྐྱིད་ཅིག་མི་འདུག’’ཟེར། སྐད་ཆ་འདི་དག་གིས་ཁོ་གཉིས་ཀྱིས་ཕན་ཚུན་གྱི་བསམ་ཚུལ་དང་མྱོང་བ་རྟོགས་ཐུབ།
སྟོན་གྱི་ས་སྲོས་ཀྱི་དུས་སུ། ཉི་མས་ནུབ་ཕྱོགས་ཀྱི་མཁའ་དབྱིངས་ནས་དམར་མདངས་བཀྲ་བའི་འོད་ཟེར་སྤྲོ་ཞིང་། ལི་ཁྲི་མདོག་ཅན་གྱི་མཚམས་སྤྲིན་གྱིས་གཙང་པོ་དང་གནམ་ས་འདྲེས་མཚམས་དམར་པོར་བསྒྱུར་པ་དང་། གྲོགས་པོ་གཉིས་ཀྱང་ཁ་དོག་མེ་དང་འདྲ་བར་དམར་པོར་བསྒྱུར། ལྗོན་ཤིང་དག་གི་ཁ་དོག་སེར་པོར་གྱུར་ཅིང་། གྲང་རླུང་ཞིག་དལ་གྱིས་ལྡང་བར་བྱེད། སྐུ་ཞབས་ཟོབ་བ་རྗུས་འཛུམ་མདངས་ཕྱུང་ནས་མའོ་ཝེས་ཟོ་ལ་བཤད་རྒྱུར། ‘‘ཇི་འདྲའི་བརྗིད་ཉམས་ཆེ་བའི་རྣམ་པ་ཞིག་ཨང་།’’ཟེར། མའོ་ཝེས་ཟོ་ཡིས་ངོ་མཚར་དང་བཅས། མིག་གི་མདའ་མོ་ཆུ་ངོས་ཀྱི་གཡེང་ཤིང(Flotteur )དང་ཁ་མ་བྲལ་བར། ‘‘ལམ་ཆེན་གྱི་ཡུལ་དེ་ལས་ས་འདི་སྐྱིད་པོ་འདུག་གཱ མ་རེད་དམ།’’ཟེར།
ཁོ་གཉིས་ཕན་ཚུན་འཕྲད་ནས་ངོ་རྟགས་ཆོད་མ་ཐག་ཤུགས་ཆེན་པོས་ལག་འཇུ་བྱས་ཤིང་། གནས་སྟངས་ལ་འགྱུར་ལྡོག་ཐེབས་པའི་ཁོར་ཡུག་ཅིག་གི་འོག་ཏུ་ངོ་ཐུག་པས་སེམས་འགུལ་ཆེན་པོ་ཐེབས། སྐུ་ཞབས་ཟོབ་བ་རྗུས་དབུགས་རིང་ཞིག་ཕྱུང་སྟེ་ཤབ་ཤུབ་ཀྱིས‘‘ཁ་སང་དེ་རིང་ནི་སེམས་སྡུག་དགོས་པའི་དུས་སྐབས་ཤིག་རེད།’’ཟེར། མའོ་ཝེས་ཟོ་ཡི་སེམས་སྐྱོ་བས་མགོ་བོ་གཡུག་བཞིན“གནམ་གཤིས་ཡག་པོ་འདུག དེ་རིང་ནི་ད་ལོའི་ནམ་ཟླ་སྐྱིད་པའི་ཉི་མ་དང་པོ་རེད།”ཅེས་བཤད།
ནམ་མཁའ་ནི་སྔོ་ཞིང་། འོད་ཀྱིས་བརྒྱན་འདུག
ཁོ་གཉིས་ལ་རེ་སྨོན་དང་སྐྱོ་སྣང་སྐྱེ་བཞིན་དཔུང་པ་མཉམ་གཤིབ་ངང་མདུན་དུ་བསྐྱོད། མའོ་ཝེས་ཟོ་ཡིས‘‘ཉ་འཛིན་འདོད་དམ། ངེད་གཉིས་ལ་དེ་སྔ་མཛེས་སྡུག་ལྡན་པའི་དུས་སྐབས་ཤིག་བྱུང་མྱོང་།”ཟེར།
སྐུ་ཞབས་ཟོ་བ་རྗུས“ངེད་གཉིས་ནམ་ཞིག་ལ་ཕྱིར་ཉ་འཛིན་དུ་འགྲོ་རྒྱུ་ཡིན”ཞེས་དྲིས།
ཁོ་གཉིས་འཚིག་ཇ་ཁང་ཞིག་ཏུ་སོང་ནས་མཉམ་དུ་ཨ་སན་ཌི( Absinthe)ཆང་ཕོར་གང་འཐུང་། དེ་ནས་མུ་མཐུད་དུ་མི་འགྲོ་སའི་ལམ་དེད་ནས་འཆམ་འཆམ་དུ་སོང་།
མའོ་ཝེས་ཟོ་ཡིས་གློ་བུར་དུ་འགྲོ་མཚམས་བཞག་སྟེ། ‘‘ངེད་གཉིས་ཀྱིས་ད་དུང་ཆང་ཕོར་གང་འཐུང་ན་ག་འདྲ་འདུག”ཅེས་བཤད། སྐུ་ཞབས་ཟོབ་བ་རྗུས་མོས་མཐུན་ཡོད་པའི་སྒོ་ནས“ཁྱོད་ཀྱིས་བཤད་པ་ལྟར་བྱེད།’’ཅེས་ལན་བཏབ། ཁོ་གཉིས་ཆང་ཁང་གཞན་ཞིག་གི་ནང་དུ་ཕྱིན། ཁོ་གཉིས་ཕྱིར་ཐོན་སྐབས་སྨྱུང་གནས་སྲུང་བའི་མི་རྣམས་དང་འདྲ་བར་ཐམ་མེ་ཐོམ་མེར་གྱུར། དེ་ནི་ཁོ་གཉིས་ཀྱི་ཕོ་བའི་ནང་དུ་ཆང་བཅུད་ཀྱིས་ཁེངས་ཡོད་པས་རེད། ནམ་ཟླ་དྲོ་ཞིང་འཇམ། བསིལ་རླུང་གིས་ཁོ་གཉིས་ཀྱི་གདོང་ལ་བྱིལ་བྱིལ་བཏང་། རླུང་བུ་འཇམ་པོས་སྐུ་ཞབས་ཟོབ་བ་རྗུ་སྔར་ལས་ཀྱང་ར་བཟི་རུ་བཅུག ཁོང་གིས་འགྲོ་མཚམས་བཞག་སྟེ། ‘‘གལ་ཏེ་ངེད་གཉིས་དེ་ལ་སོང་ན’’ཟེར།
– ‘‘གང་དུ་འགྲོ།’’
– ‘‘ཉ་འཛིན་དུ་འགྲོ།’’
– ‘‘ཉ་འཛིན་དུ་གང་ལ་འགྲོ།’’
– ‘‘ངེད་གཉིས་ཀྱི་གླིང་ཕྲན་དུ་འགྲོ། ཁོ་ལིམ་བྷུའི་ཉེ་འགྲམ་དུ་ཧྥ་རན་སིའི་སོ་ལྟ་ཁང་ཡོད་པ་དང་། ངས་མདའ་དཔོན་དྷུ་མོའུ་ལན(Dumoulin )ངོ་ཤེས་ཀྱི་ཡོད། ཁོ་ཚོས་ངེད་གཉིས་ལས་སླ་པོར་འགྲོ་རུ་འཇུག་གི་རེད།’’
མའོ་ཝེས་ཟོ་འགྲོ་འདོད་ཀྱིས་ལུས་འདར་སོང་། “ཧ་ཅང་ཡག་པོ་འདུག ང་མོས་མཐུན་ཡོད།” དེ་རྗེས་ཁོ་གཉིས་སོ་སོར་གྱེས་ཏེ་ཡོ་ཆས་ལེན་དུ་ཆས།
ཆུ་ཚོད་གཅིག་གི་རྗེས་སུ། ཁོ་གཉིས་དཔུང་པ་མཉམ་གཤིབ་ཀྱིས་ལམ་ཆེན་ཐོག་བསྐྱོད། དེ་ནས་མདའ་དཔོན་སྡོད་སའི་སྤྲོ་ཁང་དུ་སོང་། ཁོང་གིས་འཛུམ་ཞིག་བསྟན་ནས་རེ་བ་དང་ལེན་བྱས་པས། ཁོ་གཉིས་ཀྱིས་གསང་གྲངས་ཁྱེར་ནས་ལམ་ལ་ཆས།
ཅང་མ་འགོར་བར། ཁོ་གཉིས་མདུན་ཕྱོགས་ཀྱི་སོ་ལྟ་ཁང་དང་བྲལ་ཏེ། ས་སྟོང་དུ་ལུས་པའི་ཁོ་ལིམ་བྷུའི་ནས་ཟེ་ནུའི(Sein)གཙང་པོའི་འགྲམ་གྱི་རྒུན་འབྲུམ་གྱི་ཞིང་ཁ་ཆུང་ཆུང་ཞིག་ཡོད་པ་དེའི་ཕྱི་རོལ་ཏུ་སླེབས། ཕལ་ཆེར་ཆུ་ཚོད་བཅུ་གཅིག་རེད།
མདུན་ཕྱོགས་ཀྱི་ཨག་རྗང་ཊོལ་གྲོང་ཚོའི་ནང་དུ་ཕལ་ཆེར་མི་གཅིག་ཀྱང་མེད་པའི་སྣང་བ་སྟེར། ཨོ་གྷུ་མོན(Orgemont)དང་སན་ཎོ་བ(Sannois )གཉིས་ཀྱི་མཐོ་ཚད་ཀྱིས་ཡུལ་ལྗོངས་ཡོངས་ཀྱི་ཁ་ལོ་བསྒྱུར་ཡོད། ནཱང་ཌལ་ཝུའི(Nanterre)བར་དུ་བསྲིངས་པའི་གཞུང་ཐང་ཆེན་པོ་དེའི་ནང་དུ་མི་གཅིག་ཀྱང་མེད། གང་ས་གང་དུ་ཁམ་བུའི་སྡོང་པོ་དང་། ས་གཞི་སྐྱ་ཐིང་ངེར་ཡོད།
སྐུ་ཞབས་ཟོ་བ་རྗུས་རི་རྩེར་མཛུབ་མོ་བཙུགས་ཏེ་ཤབ་ཤུབ་ཀྱིས་བཤད་དོན། ‘‘ཕུ་ཝེ་སན(Prussien)གྱི་མི་དེ་དག་ཕ་གིའི་སྒང་ན་འདུག’’ཟེར། མི་མེད་ལུང་སྟོང་དུ་ཡོད་པའི་གྲོགས་པོ་གཉིས་ཀྱི་སེམས་རེ་དོགས་ཀྱིས་སྦྲིད་པར་བྱས།
‘‘ཕུ་ཝེ་སན་གྱི་མི་ཨེ།’’ ཁོ་གཉིས་ཀྱིས་ཁོ་ཚོ་གཏན་ནས་མཐོང་མ་མྱོང་མོད། འོན་ཀྱང་ཟླ་ཤས་རིང་ཁོ་ཚོས་ཕེ་རི་སིའི་མཐའ་བསྐོར་ནས་ཧྥ་རན་སི་རྩ་གཏོར་དང་། འཕྲོག་བཅོམ། དམར་གསོད། བཀྲེས་ལྟོགས་ཀྱིས་མནར་དུ་བཅུག་པ་དེ་ཤེས་ཡོད། དེར་མ་ཟད། ཁོ་གཉིས་ཀྱིས་དམག་འཁྲུག་གི་རྒྱལ་ཁ་ཐོབ་པའི་ཕུ་ཝེ་སན་གྱི་རྒྱལ་ཁབ་དང་དེའི་ཆ་རྒྱུས་མེད་པའི་མི་རིགས་དེར་བཅངས་པའི་འཁོན་འཛིན་གྱི་ནང་དུ་རྨོངས་དད་ཀྱི་འཇིགས་སྣང་ཞིག་ཀྱང་བསྣན་ཡོད།
མའོ་ཝེས་ཟོ་ཡིས་ངག་དིག་བཞིན་ན་རེ། “གལ་ཏེ་ང་ཚོ་ཁོ་ཚོའི་ཁྲོད་ཀྱི་མི་གང་རུང་ཞིག་ལ་འཕྲད་ན།”ཟེར།
སྐུ་ཞབས་ཟོབ་བ་རྗུས་ཕེ་རི་སི་པའི(Parisienne ) བློ་བདེ་བག་ཕེབས་ཀྱི་སེམས་ཁམས་དེ་བསྟན་ནས‘‘ངེད་གཉིས་ཀྱིས་ཁོ་ཚོར་ཉ་ཁ་ཤས་སྟེར།’’ཞེས་ལན་བཏབ།
འོན་ཀྱང་། ཁོ་གཉིས་ཞིང་གྲོང་བརྒྱུད་དེ་འགྲོ་བར་ཐེ་ཚོམ་སྐྱེས། གང་ཡིན་ཞེ་ན། མཐའ་སྐོར་གྱི་ལྷིང་འཇགས་ཀྱིས་ཁོ་གཉིས་ལ་སྐྲག་སྣང་བསླངས་པས་རེད།
མཐའ་མར། སྐུ་ཞབས་ཟོབ་བ་རྗུས་བློ་ཁོག་ཆེན་པོས་བཤད་རྒྱུར། ‘‘ཤོག་དང་། ངེད་གཉིས་འགྲོ། ཡིན་ནའང་། གཟབ་གཟབ་བྱེད་དགོས།’’ ཁོ་གཉིས་རྒུན་འབྲུམ་གྱི་ཞིང་ཁ་ཞིག་ཏུ་སླེབས་སྐབས། རྐེད་པ་སྒུར། གོག་ནུར་བྱས། ཤིང་ཚལ་གྱི་རྒྱབ་ཏུ་ཡིབ་བཞིན་མིག་དང་རྣ་བ་ཚང་མས་དོགས་ཟོན་བྱས་ཏེ་ཕྱིན།
ཁོ་གཉིས་གཙང་འགྲམ་དུ་མ་སླེབས་གོང་། ད་དུང་སྐྱ་ཐིང་ཐིང་གི་ས་ཆ་ཞིག་བརྒྱུད་དགོས། ཁོ་གཉིས་རྒྱུག་མགོ་བརྩམས། གཙང་པོའི་འགྲམ་དུ་ཐོན་མ་ཐག་འདམ་རྩྭའི་གསེང་ནས་ཡིབ་ནས་བསྡད།
མའོ་ཝེས་ཟོ་ཡིས་རྣ་བ་ས་ལ་བརླན་ནས་ཡུལ་དེའི་མཐའ་འཁོར་དུ་གོམ་སྒྲ་ཡོད་མེད་ལ་ཉན། ཁོས་ཅི་ཡང་མ་ཐོས། ཁོ་གཉིས་གཅིག་པུ་རེད། ཁོ་གཉིས་ལས་མི་སུ་གཅིག་ཀྱང་མེད།
ཁོ་གཉིས་ཀྱིས་སེམས་ལྷོད་ལྷོད་བྱས་ནས་ཉ་འཛིན་མགོ་བརྩམས། མདུན་ཕྱོགས་ཀྱི་མི་མེད་པའི་མཱ་ཝང་ཊི་གླིང་ཕྲན་གྱིས་དེའི་ཕར་རྒྱབ་ཀྱི་གཙང་ངོགས་གབ་འདུག སྔར་གླིང་ཕྲན་དུ་ཡོད་པའི་ཟ་ཁང་ཆུང་ཆུང་དེ་སྒོ་བརྒྱབ་འདུག ཕལ་ཆེར་ལོ་འགའ་ལ་སྣང་མེད་དུ་བསྐྱུར་ཡོད་པ་འདྲ།
ཟོབ་བ་རྗུས་ཉ་དང་པོ་བཟུང་བ་དང་། མའོ་ཝེས་ཟོ་ཡིས་ཉ་གཉིས་པ་འཛིན་ཐུབ་པ་བྱུང་། ཡུད་ཙམ་ཡུད་ཙམ་གྱི་རྗེས་སུ། ཁོ་གཉིས་ཀྱིས་ཉ་སྐུད་ཡར་འཐེན་ཐེངས་རེར་དངུལ་མདོག་གི་ཉ་ཆུང་ཆུང་རེ་རེ་ཉ་སྐུད་ཀྱི་སྣེ་མོ་ན་འཁྱུག་འགུལ་བྱེད་བཞིན་ཡོད་པས། དངོས་གནས་ངོ་མཚར་ལྡན་པའི་ཉ་འཛིན་ཐེངས་ཤིག་ཡིན།
ཁོ་གཉིས་ཀྱིས་དལ་མོའི་ངང་ཉ་དེ་དག་ཧ་ཅང་དམ་པའི་དྲ་བའི་ཁུག་མའི་ནང་དུ་བཅུག་སྟེ། ཁུག་མ་དེ་རྐང་པའི་འགྲམ་གྱི་ཆུ་ནང་དུ་དཔྱངས།
ཁོ་གཉིས་ཀྱི་སེམས་ལ་རོ་མངར་ལྡན་པའི་སྤྲོ་སྣང་ཞིག་སིམ་བྱུང་། སྤྲོ་སྣང་འདི་ནི་མི་རྣམས་ཀྱིས་སྙིང་ནས་བརྩེ་བ་ཞིག་དུས་ཡུན་རིང་པོ་ཞིག་གི་རྗེས་སུ་སླར་ཡང་ཐོབ་པ་དང་དབྱེར་མ་མཆིས།
ཉི་འོད་ཁོ་གཉིས་ཀྱི་ཕྲག་སྟེང་ལ་འཕྲོ་བར་བྱེད། ཁོ་གཉིས་ཀྱིས་ཅི་ཡང་མི་ཐོས་ལ། ཅི་ཞིག་དྲན་པའང་མི་ཤེས། འཛམ་གླིང་སྟེང་གི་ཡོད་ཚད་སྣང་མེད་དུ་བསྐྱུར་ཏེ་ཉ་འཛིན་བཞིན་ཡོད།
འོན་ཀྱང་། གློ་བུར་དུ་ས་གཞི་ཆེན་པོའི་འོག་ནས་འོངས་པ་ལྟ་བུའི་སྒྲ་ཞིག་ལྡི་རི་རི་གྲགས་པ་དང་། ཡུལ་ལུང་འདར་བར་བྱས། མེ་སྒྱོགས་ཀྱི་སྒྲ་སླར་ཡང་གྲག་མགོ་ཚུགས།
མའོ་ཝེས་ཟོ་ཁ་ཕྱིར་འཁོར་སྐབས། གཙང་འགྲམ་གྱི་གཡོན་ཕྱོགས་ཀྱི་མཐོ་ས་ན་ཡོད་པའི་བཱ་ལེ་ཝན་རི་བོ་ནག་རོག་གེར་ཡོད་པ་མཐོང་ཞིང་། རི་རྩེ་ནས་དུ་སྨུག་དཀར་པོ་ཞིག་འཕྱུར་ཡོང་། དེ་ནི་ད་སོ་མ་མེ་སྒྱོགས་འཕངས་པ་ལས་བྱུང་བའི་ས་རྡུལ་རེད།
དེ་མ་ཐག་ཡང་བསྐྱར་བཙན་རྗོང་གི་རི་རྩེ་ནས་དུ་བ་ཞིག་འཕྱུར། ཡུད་ཙམ་འགོར་རྗེས། ཡང་བསྐྱར་འབར་གས་གསར་པ་ཞིག་གི་འགད་སྒྲ་གྲགས།
དེ་ནས་མེ་སྒྱོགས་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས། སྐར་མ་གཅིག་རེའི་ནང་དུ་རི་བོ་དེས་མི་ཤི་བའི་རོ་སྐྱུགས་ཤིང་། དུ་སྤྲིན་དཀར་པོ་ལྷིང་འཇགས་ཀྱི་མཁའ་དབྱིངས་སུ་གཏོར། དུ་སྤྲིན་དེ་རི་བོའི་སྟེང་ནས་སྤྲིན་དཀར་དུ་འགྱུར་བར་བྱེད།
སྐུ་ཞབས་ཟོབ་བ་རྗུས་དཔུང་བ་གསིག་གསིག་བྱེད་བཞིན‘‘ལྟོས་དང་། ཁོ་ཚོས་སླར་ཡང་དམག་འཁྲུག་མགོ་བཙུགས་སོང་།’’ཞེས་བཤད།
མའོ་ཝེས་ཟོ་ཡིས་དོགས་སྣང་དང་བཅས་རེས་གཡེང་རེས་ཐིམ་གྱི་གཡེང་ཤིང་ལ་བལྟས་ཤིང་། ནམ་རྒྱུན་ཞི་དུལ་ངང་སྡོད་པའི་མི་འདིས་མེ་མདའ་རྒྱག་མཁན་གྱི་སྨྱོན་པ་དེ་ཚོར་ཁོང་ཁྲོས་མི་བཟོད་པར་གྱུར། ཁོང་གིས་ཤབ་ཤུབ་ངང“ཁོ་ཚོས་ཕན་ཚུན་དམར་གསོད་བྱེད་པ་ནི་ངོ་མ་གླེན་རྟགས་རེད།”ཟེར།
སྐུ་ཞབས་ཟོབ་བ་རྗུས“ཁོ་ཚོ་སྲོག་ཆགས་ལས་ཀྱང་སྡུག”ཅེས་ལན་བཏབ།
མའོ་ཝེས་ཟོ་ཡིས་དངུལ་ཉ་ཞིག་བཟུང་རྗེས། “བསམ་བློ་ཞིག་ཐོངས་དང་། སྲིད་གཞུང་ཞིག་ཡོད་ཚེ་སྔ་ཕྱི་བར་གསུམ་དུ་དམག་འཁྲུག་ཡོད་ཡོད་པ་རེད”ཅེས་བཤད།
སྐུ་ཞབས་ཟོབ་བ་རྗུས་ཁོང་གི་ཁ་བཀག་སྟེ“སྤྱི་མཐུན་རྒྱལ་ཁབ་ཀྱིས་དམག་འཁྲུག་རྒྱག་གི་མ་རེད། ་་་ ་་་”ཅེས་བཤད།
མའོ་ཝེས་ཟོ་ཡིས་ཀྱང་ཁོང་གི་བཤད་མཚམས་བཅད་དེ་ན་རེ། “རྒྱལ་པོའི་དབང་སྒྱུར་འོག་ཏུ་ང་ཚོར་ཕྱི་ན་དམག་འཁྲུག་ཡོད། སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཏུ་ང་ཚོར་ནང་ན་དམག་འཁྲུག་ཡོད་པ་རེད།”ཟེར།
ཁོ་གཉིས་ཀྱིས་ཁ་རོག་གེར་ཆབ་སྲིད་ཀྱི་གནད་དོན་ལ་གླེང་མོལ་བྱེད་མགོ་བརྩམས་ཤིང་། ཞི་དུལ་ཅན་གྱི་མི་འདི་གཉིས་ཀྱིས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་དག་ལ་དབྱེ་ཞིབ་བྱས་ཏེ། ཧྥ་རན་སིར་དུས་ནམ་ཡང་རང་དབང་ཡོང་མི་སྲིད་པ་གཅིག་མཐུན་གྱིས་ངོས་འཛིན་བྱས། བཱ་ལེ་ཝན་རི་བོའི་སྟེང་གི་མཚམས་མི་ཆད་པའི་གྲགས་པའི་སྒྱོགས་མདེལ་གྱིས་ཧྥ་རན་སིའི་ཁང་པ་གཏོར་ཞིང་། མིའི་ཚེ་སྲོག་ཉམས་དམས་སུ་གཏོང་། མི་ལ་མནར་གཅོད་གཏོང་བཞིན་རྨི་ལམ་མང་པོ་ཞིག་མཇུག་རྫོགས་པར་བྱེད། ཕ་གིའི་རྒྱལ་ཁབ་ཕུ་ཝེ་སན་དུ་ཡོད་པའི་བཟའ་ཟླ་དང་། བུ་མོ། ཨ་མ་བཅས་ཀྱི་སེམས་ནང་དུའང་སྡུག་བསྔལ་ཚད་མེད་བཟོ་བཞིན་ཡོད།
སྐུ་ཞབས་ཟོབ་བ་རྗུས“འདི་ནི་མི་ཚེ་རེད”ཅེས་བཤད།
མའོ་ཝེས་ཟོ་ཡིས་དགོད་བཞིན་དུ་ལན་འདེབས་དོན། “གསལ་པོར་བཤད་ན་འཆི་བ་རང་རེད།’’ཟེར།
འོན་ཀྱང་། ཁོ་གཉིས་ཀྱིས་གློ་བུར་དུ་ལྟག་རྒྱབ་ནས་གོམ་སྒྲ་ཐོས་པས་དངངས་སྐྲག་གིས་འདར་གསིག་རྒྱག་དགོས་བྱུང་། ཁོ་གཉིས་ཁ་ཕྱིར་འཁོར་བ་ན། རྒྱབ་ཏུ་མི་བཞི་ལངས་འདུག་པ་དང་། གཟུགས་སྟོབས་ཆེ་ཞིང་ཁ་སྤུ་རིང་པོ་བཞག་པའི་མི་བཞི་ཡི་ལག་ཏུ་མཚོན་ཆ་ཐོགས་ཤིང་། སྒྲིག་ཆས་གྱོན་ཡོད་པ་དང་། ཞྭ་རིང་གྱོན་མཁན་དེ་དག་གིས་མེ་མདའ་ཁོང་གཉིས་ཀྱི་གདོང་ལ་བཙུགས་ཡོད་པ་མཐོང་།
ཁོ་གཉིས་ཀྱི་ལག་ནས་ཉ་སྐུད་ཤོར་ནས་གཙང་པོའི་ནང་དུ་ཐིམ་མགོ་བརྩམས།
སྐར་ཆ་ཁ་ཤས་ཀྱི་ནང་དུ། ཁོ་གཉིས་བཟུང་སྟེ་གྲུ་ཞིག་གི་ནང་དུ་གཡུགས། དེ་ནས་མཱ་ཝང་ཊི་གླིང་ཕྲན་དུ་ཁྲིད། ཁོ་གཉིས་ཀྱི་སེམས་ལ་མི་གཅིག་ཀྱང་མེད་སྙམ་པའི་གླིང་ཕྲན་འདིའི་ཁང་པ་ཞིག་གི་རྒྱབ་ཏུ་རྗར་མན་གྱི་དམག་མི་ཉི་ཤུ་ཙམ་ཞིག་ཡོད་པ་མཐོང་།
ལུས་ན་སྤུ་མང་པོ་སྐྱེས་པའི་མི་གཟུགས་སྟོབས་ཆེན་པོ་ཞིག་རྐུབ་སྟེགས་ཤིག་གི་སྟེང་བསྡད་ནས་རྫ་ཆས་རིགས་ལས་བཟོས་པའི་རྭ་ཙེ་ཞིག་བཟུང་སྟེ་ཐ་མག་འཐེན་གྱིན་འདུག ཧྥ་རན་སིའི་སྐད་ཐོགས་པ་མེད་པར་རྒྱག་དོན། “ཡ། སྐུ་ཞབས་རྣམ་པ་གཉིས། ཁྱོད་གཉིས་ཀྱིས་ཉ་མང་པོ་འཛིན་ཐུབ་ཡོད་དམ།”ཟེར།
སྐབས་དེར། དམག་མི་ཞིག་གིས་ཉ་ཡིས་བཀང་བའི་དྲ་བའི་ཁུག་མ་དེ་དམག་དཔོན་གྱི་རྐང་པའི་འགྲམ་དུ་བཞག ཁོས་སེམས་ཆུང་གིས་ཁུག་མ་དེ་ཁྱེར་ཡོང་བ་རེད། ཕུ་ཝེ་སན་གྱི་མི་དེས་འཛུམ་ཞིག་བསྟན་ནས་བཤད་དོན། ‘‘ཧེ། ཧེ།། ཉ་བཟུང་བ་མི་ཆོག་རྒྱུ་མི་འདུག འོན་ཀྱང་འདི་ནི་དོན་དག་གཞན་ཞིག་རེད། ངས་བཤད་པ་ལ་ཉོན། སྐྲག་མི་དགོས’’ཟེར།
‘‘ངས་བལྟས་ན་ཁྱོད་གཉིས་ནི་ངའི་བྱ་སྤྱོད་ལ་མྱུལ་ཞིབ་བྱེད་པར་མངགས་པའི་གསང་མྱུལ་བ་གཉིས་ཡིན་པས། ངས་ཁྱོད་གཉིས་འཛིན་བཟུང་བྱེད་རྒྱུ་ཡིན་ལ། གསོད་རྒྱུ་ཡིན། ཁྱོད་གཉིས་ཀྱིས་ཉ་འཛིན་ཁུལ་བྱེད་དོན་ནི་སྔར་ལས་ལྷག་པའི་སྒོ་ནས་རང་གི་འཆར་གཞི་སྦས་སྐུང་བྱེད་ཆེད་རེད། ཁྱོད་གཉིས་ངའི་ལག་པར་ཤོར་བ་རེད། སྡུག་གྱོང་རེད། ད་ནི་དམག་འཁྲུག་གི་དུས་རེད།”
“ཡིན་ནའང་། ཁྱོད་གཉིས་མདུན་ཕྱོགས་ཀྱི་སོ་ལྟ་ས་ཚིགས་བརྒྱུད་ནས་སླེབས་ཡོད་ན། ཁྱོད་གཉིས་ལ་གསང་གྲངས་ཤིག་ཏན་ཏན་ཡོད་ངེས་རེད། གསང་གྲངས་དེ་ང་ལ་བསྟན་ཚེ་། ངས་ཁྱོད་གཉིས་ལ་བསམ་ཤེས་བྱེད་ཀྱི་ཡིན།”
གྲོགས་པོ་གཉིས་ཀྱི་ངོ་གདོང་སྐྱ་བོར་གྱུར་ནས་ལག་པ་འདར་གསིག་རྒྱག་བཞིན་ཁ་རོག་གེར་བསྡད།
དམག་དཔོན་གྱིས་མུ་མཐུད་དུ་བཤད་རྒྱུར། ‘‘མི་སུས་ཀྱང་ཤེས་མི་སྲིད། ཁྱོད་གཉིས་ཀྱི་སེམས་ལྷོད་ལ་བབས་ནས་རང་ཁྱིམ་དུ་ལོག་ཆོག གསང་བ་འདི་ཁྱོད་གཉིས་དང་འགྲོགས་ནས་མེད་པར་འགྱུར། གལ་ཏེ་ཁྱོད་གཉིས་ཀྱིས་དང་ལེན་མ་བྱས་ན། ཁྱོད་གཉིས་མྱུར་དུ་འཆི་རྒྱུ་རེད། གདམ་ག་བྱོས།’’ཟེར།
ཁོ་གཉིས་ཡར་ལངས་ནས་འགུལ་ཙམ་ཡང་མི་བྱེད་པར་ཚིག་གཅིག་ཀྱང་མ་བཤད།
ཕུ་ཝེ་སན་གྱི་མི་དེས་སྔར་བཞིན་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་ལག་པ་གཙང་པའི་ཕྱོགས་སུ་བརྐྱངས་ནས་མུ་མཐུད་དུ་བཤད་དོན། ‘‘བསམ་བློ་ཞིག་ཐོངས་དང་། ངས་བསམ་ན་སྐར་མ་ལྔའི་ནང་དུ་ཁྱོད་གཉིས་ཆུ་ཞབས་སུ་ཐིམ་རྒྱུ་རེད། སྐར་མ་ལྔ། ཁྱོད་གཉིས་ལ་ཕ་མ་ཡོད་པ་མ་རེད་དམ།’’ཟེར།
བཱ་ལེ་ཝན་རི་བོ་ན་སྔར་བཞིན་མེ་སྒྱོགས་ཀྱི་ལྡིར་སྒྲ་གྲགས།
ཉ་པ་གཉིས་སྔར་བཞིན་ཡར་ལངས་ནས་སྐད་ཆ་མ་བཤད། རྗར་མན་པས་རྗར་སྐད་ཀྱི་ལམ་ནས་བཀའ་ཕབ། དེ་ནས་ཁོས་རྐུབ་སྟེགས་བརྗེས་ནས་བཙོན་པ་གཉིས་དང་བར་ཐག་རིང་ཙམ་བྱས། མི་བཅུ་གཉིས་གོམ་པ་ཉི་ཤུ་མཚམས་སུ་སླེབས་ནས་ཡར་ལངས་པ་དང་། ཁོ་ཚོའི་རྐང་པའི་འགྲམ་དུ་མེ་མདའི་ཞབས་ས་ལ་བཙུགས་ནས་བཞག་འདུག
དམག་དཔོན་དེས་མུ་མཐུད་དུ‘‘ངས་ཁྱོད་གཉིས་ལ་སྐར་མ་གཅིག་སྟེར། དེ་ལས་སྐར་ཆ་གཉིས་ཀྱང་མི་སྟེར།’’ཟེར།
དེ་ནས་ཁོ་ཨུ་ཚུགས་ཀྱིས་ཡར་ལངས་ཏེ། ཧྥ་རན་སི་པ་གཉིས་ཀྱི་ཉེ་སར་སླེབས་ཏེ། སྐུ་ཞབས་མའོ་ཝེས་ཟོ་ཡི་ཕྲག་པ་ནས་འཇུས་ཏེ་བར་ཐག་ཅུང་ཙམ་རིང་སར་ཁྲིད་དེ། སྐད་དམའ་མོས་བཤད་རྒྱུར། ‘‘མགྱོགས་པོར་ཤོད། གསང་གྲངས་དེ་ཅི་ཞིག་རེད། ཁྱོད་ཀྱི་གྲོགས་པོས་ཤེས་མི་སྲིད། ངས་ཁོང་ཁྲོ་ཞི་ཁུལ་བྱས་ཏེ་གུ་ཡངས་བཏང་ཆོག’’
སྐུ་ཞབས་མའོ་ཝེས་ཟོ་ཡི་ཁ་ནང་ནས་ཚིག་གཅིག་ཀྱང་མ་ཐོན།
ཕུ་ཝེ་སན་གྱི་མི་དེས་སྐུ་ཞབས་ཟོབ་བ་རྗུ་ལའང་བྱེད་སྟངས་གཅིག་མཚུངས་སྤྱད་ནས་དྲི་བ་བཏོན།
ཁོས་ཀྱང་ལན་མ་བཏབ།
ཁོ་གཉིས་ཡང་བསྐྱར་དཔུང་པ་མཉམ་གཤིབ་ངང་ལངས།
དམག་དཔོན་གྱིས་བཀོད་འདོམས་བྱེད་མགོ་བརྩམས། དམག་མི་རྣམས་ཀྱིས་མཚོན་ཆ་ཡར་བཀྱགས།
དེ་ནས་མའོ་ཝེས་ཟོ་ཡི་མིག་མདངས་གློ་བུར་དུ་གོམ་པ་ཁ་ཤས་ཀྱི་སར་ཡོད་པའི་རྩྭ་གསེང་གི་ཉ་ཡིས་བཀང་བའི་དྲ་བ་དེའི་སྟེང་ལ་ཤོར།
ཉི་འོད་ད་དུང་ཡང་འདར་འགུལ་བྱེད་པའི་ཉ་དེ་དག་གི་སྟེང་ལ་ཕོག་པས་འོད་ཀྲིག་ཀྲིག་བྱེད། ཁོང་གི་སེམས་ལྗིད་ཏིག་གེར་སོང་། ཁོས་འབད་པ་བྱས་ནས་རང་ཉིད་ཚོད་འཛིན་བྱས་མོད། འོན་ཀྱང་ཁོའི་མིག་ནང་དུ་མིག་ཆུས་ཁེངས།
ཁོང་གིས་ངག་དིག་བཞིན‘‘བདེ་མོ་བྱོས། སྐུ་ཞབས་ཟོབ་བ་རྗུ།’’ཞེས་བཤད།
ཟོ་བ་རྗུས‘‘བདེ་མོ་བྱོས། སྐུ་ཞབས་མའོ་ཝས་ཟོ།’’ཞེས་བཤད།
ཁོ་གཉིས་ཀྱིས་ལག་འཇུ་བྱས་ཤིང་། དངངས་སྐྲག་གིས་ལུས་ཡོངས་རྗོགས་འདར།
དམག་དཔོན་གྱིས་སྐད་ཤུགས་ཆེན་པོས‘‘མེ་མདའ་རྒྱོབས།’’ཞེས་བཤད།
མེ་མདའ་བཅུ་གཉིས་མཉམ་གཅིག་ཏུ་གྲགས།
སྐུ་ཞབས་ཟོབ་བ་རྗུ་ཐང་ལ་འགྱེལ་སོང་། གཟུགས་ཅུང་ཙམ་རིང་བའི་མའོ་ཝེས་ཟོའང་ཡོམ་འགུལ་ཞིག་བྱས་ཏེ་ཁོང་གི་གྲོགས་པོའི་གམ་དུ་འགྱེལ་བ་དང་། ངོ་གདོང་གནམ་ལ་འཁོར་སོང་། ཁོང་གི་བྲང་ཁོག་ལས་བརྡོལ་བའི་ཁྲག་དམར་སྟོད་གོས་ཀྱི་གས་སྲུབས་ནས་བཞུར་ཡོང་།
རྗར་མན་པས་ཡང་བསྐྱར་བཀའ་རྒྱ་བསྒྲགས་སོང་།
དམག་མི་རྣམས་རེ་ཞིག་སོ་སོར་གྱེས། དེ་ནས་རྡོ་དང་ཐག་པ་བཟུང་ནས་ཕྱིར་སླེབས་ཏེ། ཤི་བོ་གཉིས་ཀྱི་རྐང་པ་བསྡམས། དེ་ནས་ཁོ་ཚོས་གྲོགས་པོ་གཉིས་ཀྱི་བེམ་པོ་གཙང་འགྲམ་དུ་ཁྱེར།
བཱ་ལེ་ཝན་རི་བོ་ན་སྔར་བཞིན་མེ་སྒྱོགས་ཀྱི་ལྡིར་སྒྲ་རྒྱུན་མི་ཆད་པར་གྲགས་ཤིང་། ད་ལྟ་སྨུག་སྤྲིན་གྱིས་ཡོངས་སུ་བསྒྲིབས་འདུག
དམག་མི་གཉིས་ཀྱིས་མའོ་ཝེས་ཟོ་ཡི་མགོ་དང་རྐང་པ་ནས་བཟུང་བ་དང་། དམག་མི་གཞན་པ་གཉིས་ཀྱིས་སྐུ་ཞབས་ཟོབ་བ་རྗུ་ཡང་དེ་ལྟར་བྱས། ལག་པའི་ཤེད་ཤུགས་ཀྱིས་བེམ་པོ་གཡོས་ཏེ་རྒྱང་རིང་དུ་གཡུགས་རྗེས། བེམ་པོ་གཉིས་མགོ་བཀུག་ནས་ཆུ་ནང་དུ་ཡར་ལངས་མ་ཐག རྡོ་ཡིས་ཆུ་ཞབས་སུ་འཐེན། མཚོ་ངོས་སུ་རླབས་རིས་འདར་ཞིང་ཝུ་བ་འཕྱུར། ཡུད་ཙམ་གྱི་རྗེས་སུ་ལྷིང་འཇགས་སུ་གྱུར། རླབས་རིས་ཆུང་ཆུང་དེ་དག་གཙང་པོའི་མཐའ་རུ་ལྟེབ་ནས་སླེབས་ཡོང་།
གཙང་ངོས་སུ་ཟུངས་ཁྲག་ཅུང་ཙམ་སྣང་བར་གྱུར།
དམག་དཔོན་སྔར་བཞིན་ལྷོད་ལ་བབས་ཏེ། སྐད་མགོ་དམའ་མོས་བཤད་རྒྱུར། “ད་ནི་ཉ་དེ་དག་གི་མགོར་བབས་ཡོད།”ཟེར།
དེ་རྗེས། ཁོ་ཁང་པའི་ནང་དུ་ལོག
ཁོས་གློ་བུར་དུ་ཉ་ཡིས་བཀང་བའི་དྲ་བ་དེ་མཐོང་བ་དང་། ལག་ཏུ་བཟུང་ནས་བལྟས། དེ་ནས་གད་མོ་དགོད་བཞིན། ‘‘བེལ་ཧུམ( Wilhem )’’ཞེས་བོས།
པང་གདན་དཀར་པོ་གྱོན་པའི་དམག་མི་ཞིག་བརྒྱུགས་ནས་ཡོང་།
ཕུ་ཝེ་སན་གྱི་མི་དེས་ད་སོ་མ་མེ་མདའ་བརྒྱབ་སྟེ་བསད་མ་ཐག་པའི་གྲོགས་པོ་གཉིས་ཀྱིས་བཟུང་བའི་ཉ་ཡིས་བཀང་བའི་དྲ་བའི་ཁུག་མ་དེ་གཡུགས་ཏེ། ‘‘ཉ་ཆུང་ཆུང་འདི་ཚོ་གསོན་པའི་སྐབས་དང་བསྟུན་ནས་འཕྲལ་མར་བསྲེགས་ནས་ཟོས་ན་ཧ་ཅང་ཞིམ་པོ་ཡོད།”ཟེར།
དེ་རྗེས། ཁོང་གིས་ར་ཙེ་བཟུང་སྟེ་དུ་བ་འཐེན་མགོ་བརྩམས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3397
དཔྱད་མཆན་སྤེལ།