སྔོན་བོད་དུ་རྒྱ་གར་གྱི་པཎྜི་ཏ་ཇི་སྙེད་ཅིག་བྱོན་པའི་ནང་ཆེས་བཀའ་དྲིན་ཆེ་ཞིང་བརྗེད་དུ་མེད་པའི་པཎྜི་ཏ་བཞི་ཡོད་དེ། མཁན་ཆེན་ཞི་བ་འཚོ་དང་། ཀཱ་མ་ལ་ཤཱི་ལ། ཇོ་བོ་རྗེ། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་རྣམས་སོ།། དང་པོ་གཉིས་ནི་སྔ་དར་སྐབས་བྱོན་པ་རེད་ལ། ཕྱི་མ་གཉིས་ནི་ཕྱི་དར་སྐབས་བྱོན་པ་ཡིན།
དང་པོ་ནི། མཁན་སློབ་ཆོས་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་མཁན་པོ་ཞི་བ་འཚོ་ཡིན་ལ། ཁོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྦ་གསལ་སྣང་མངགས་ཏེ་བོད་དུ་གདན་དྲངས་ཤིང་། བཙན་པོ་དང་ཞལ་མཇལ་ནས་ཕོ་བྲང་རླུང་ཚུབས་སུ་ཁ་ཆེ་ཨཱ་ནནྟས་ལོ་ཙཱ་བགྱིས་ཏེ་དགེ་བ་བཅུ་དང༌། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་བཤད།
བསམ་ཡས་གཙུག་ལག་ཁང་བཞེངས་པའི་བཀོད་པ་མཛད་པ་དང་། སད་མི་མི་བདུན་རབ་ཏུ་བྱུང་ནས་བོད་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས། བོད་དུ་དབུ་ཚད་སེངྒེ་མཇིང་བསྣོལ་གྱི་འཆད་ཉན་གྱི་སྒོ་ཕྱེ། སྡེ་སྣོད་གསུམ་འཆད་ཉན་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ། སྔ་ཕྱིར་བོད་དུ་ལོ་བཅུ་ལྷག་ཙམ་བཞུགས་ཏེ་གཤེགས། མདོར་ན་མཁན་པོ་འདི་ཉིད་ཀྱིས་བོད་ཡུལ་དུ་དང་པོར་བསྟན་པའི་སྲོལ་བཏོད། བར་དུ་དར་ཞིང་རྒྱས་པར་མཛད། ཐ་མར་བསྟན་པ་དེ་ཉིད་སྐྱོང་བའི་སྤྲུལ་པ་ཡང་ནས་ཡང་དུ་བསྟན་པ་ནམ་གནས་ཀྱི་བར་དུ་རྒྱུན་མི་འཆད་དེ། ཇོ་བོ་ཆེན་པོས་བོད་དུ་བསྟན་པ་འཛུགས་པའི་མཁན་ཆེན་ཉིད་དང་། མཁན་རྒྱུད་དང་། མ་འོངས་བསྟན་པ་གནས་པ་དེ་སྲིད་དུ་མཁན་རྒྱུད་ལ་སྤྲུལ་པ་བྱོན་པ་དེ་ཀུན་ཇོ་བོ་ཉིད་དང་ངོ་བོ་གཅིག་པར་གསུངས་པ་བཞིན་ནོ། །
གཉིས་པ། ཞི་འཚོའི་སློབ་མ་ཀཱ་མ་ལ་ཤཱི་ལ་ཁོང་ཡིན་ཞིང་། མཁན་པོ་ཞི་བ་འཚོའི་ཞལ་ཆེམས་ལྟར། བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས་ཤིང་། ཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་གླེང་གནང་སྟེ་ཧཱ་ཤང་ཚར་བཅད། བསམ་ཡས་ཆོས་རྩོད་ཀྱི་རྗེས་སུ་ལོ་ཁ་ཤས་བོད་དུ་བཞུགས་རིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལྟ་བ་དང༌། སྒོམ་པ། འབྲས་བུ་གསུམ་གྱི་སྐོར་ལ་དྲི་བ་ཞུས་པའི་ལན་དུ་སྒོམ་རིམ་དང་པོ། བར་པ། ཐ་མ་བཅས་ཆེད་རྩོམ་མཛད་དེ་འབྲས་བུ་གསུངས་པའི་ཞོར་ལ་ཧཱ་ཤང་མ་ཧཱ་ཡ་ནའི་ལྟ་ཚུལ་ལ་དགག་པ་མཛད་དོ།
གསུམ་པ་ནི། ཇོ་བོ་རྗེ་ཞེས་ཡོངས་སུ་གྲགས་པའི་པཎྜི་ཏ་ཁོང་ཡིན་ལ།
རབ་བྱུང་དང་པོའི་ཆུ་ཕོ་རྟ་ཕྱི་ལོ་༡༠༤༢ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གནང་ལྟར་བྱང་ཆུབ་འོད་ཀྱིས་རྒྱ་བརྩོན་འགྲུས་སེང་གེ་བཏང་སྟེ། བོད་དུ་གདན་དྲངས་ཤིང་། མངའ་རིས་སུ་ལོ་གསུམ་དང་དབུས་གཙང་དུ་ལོ་དགུ་བཅས་ཁྱོན་ལོ་བཅུ་གཉིས་རིང་བཞུགས་ཤིང་། ཆོས་དང་ཆོས་མ་ཡིན་པའི་གནད་ལེགས་པར་ཕྱེས་ཏེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་མཛད་ཅིང་ཇོ་བོ་བཀའ་གདམས་པ་ཞེས་ཚེ་འདིར་སྣང་གི་བྱ་བ་ཡོངས་སུ་བཏང་སྟེ། ཕྱི་མའི་ཐར་བ་ཁོ་ནར་དོན་དུ་གཉེར་མཁན་གྱི་དམ་པའི་སྐྱེས་བུ་བརྒྱུད་པ་བར་མ་ཆད་པར་བྱུང་བ་དེ་འོ།།
བཞི་པ། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲི་ཡིན་ལ། རབ་བྱུང་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༢༠༤ ལ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་གྲོ་མོ་བརྒྱུད་ནས་བོད་དུ་གདན་དྲངས། མཉམ་དུ་ཕེབས་པའི་སློབ་མ་པཎྜི་ཏ་ཆུང་བ་ཡང་དགུ་ཙམ་ཡོད་ཅིང༌། མངའ་རིས། གཙང༌། དབུས། ལྷོ་ཁ་སོགས་ས་གནས་མང་པོར་ཆོས་གསུངས་ཏེ་འབུལ་བ་མང་པོ་བྱུང་བ་ཐམས་ཅད་ལོ་ཙཱ་བས་བྱམས་ཆེན་གྱི་སྐུ་རྟེན་བཞེངས་པའི་ཆ་རྐྱེན་དུ་གནང༌། བོད་དུ་ལོ་བཅུའི་རིང་བཞུགས་ཏེ། གཅིག ནང་བསྟན་ཆོས་ལུགས་ཀྱི་མདོ་ཕྱོགས་མཚན་ཉིད་ཐེག་པའི་སྐོར་གྱི་བཤད་པ་གནང་ཏེ་སློབ་མ་མཁན་པ་མང་པོ་སྐྱེད་སྲིང་བྱས། གཉིས། སོ་ཐར་གྱི་སྡོམ་རྒྱུན་དར་སྤེལ་གནང་། གསུམ། ཟམ་མོ་སྔགས་ཀྱི་ཐེག་པ་དར་རྒྱས་ཀྱི་སླད་དུ་བཀའ་དྲིན་བསྐྱངས་བ་འོ།། རབ་བྱུང་བཞི་པའི་མེ་ཡོས་ཕྱི་ལོ་ ༡༢༠༧ ལ་བོད་ཟླ་གསུམ་པའི་ཚེས་ལྔ་ཉིན་སངས་རྒྱས་འདས་ལོའི་བསྟན་རྩིས་མཛད། དགུང་ལོ་གྱ་བརྒྱད་པ་རབ་བྱུང་བཞི་པའི་ཤིང་ཁྱི་ཕྱི་ལོ་ ༡༢༡༤ ལ་བོད་ནས་ཁ་ཆེའི་ཡུལ་དུ་ཕྱིར་ཕེབས་གནང་སྟེ། ཡུལ་དེར་བར་སྐབས་ནང་བསྟན་ཆོས་ལུགས་ཉམས་རྒུད་སོང་བ་རྣམས་སླར་གསོ་དང༌། ཅུང་ཟད་ཡོད་པ་རྣམས་དར་སྤེལ་མཛད་དེ་དགུང་ལོ་གོ་དགུ་པ་རབ་བྱུང་བཞི་པའི་ཤིང་བྱ་ཕྱི་ལོ་ ༡༢༢༥ ལ་ཡུལ་དེར་མྱ་ངན་ལས་འདས། པཎྜི་ཏ་དང་པོ་གསུམ་གྱིས་ནི་སྐུ་ཚེའི་མཛད་པ་ཡོངས་སུ་བོད་ཡུལ་འདིར་བཏང་ཞིང། མཐར་གཟུགས་སྐུའི་བཀོད་པ་ཡང་རང་ཅག་གི་ཡུལ་འདིར་བསྡུས་སོ།། ཡིད་ཕམ་པ་ཞིག་ལ་སྔ་དར་སྐབས་ཀྱི་དམ་པ་གང་དེ་གཉིས་ནི་སྐུ་ཚེའི་མཐའ་ཡོངས་སུ་མ་ཕྱིན་པར། བློ་བུར་བའི་རྐྱེན་གྱིས་དགོངས་པ་རྫོགས་པ་ཡིན་ནོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3394
དཔྱད་མཆན་སྤེལ།