འཇམ་མགོན་རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་རྩིས་ཆོག་ལེགས་བཤད་ཀུན་བཏུས་སུ་ཟླ་བ་སོ་སོའི་ཟླ་བཤད་སྐབས་སུ་བཀའ་བརྒྱུད་པའི་བླ་མ་རྣམས་གཙོ་བོར་མཛད་དེ་འདས་མཆོད་དུས་ཚིགས་ངོས་བཟུང་ནས་བཀོད་གནང་མཛད་པ་དག་འདིར་ཕྱོགས་གཅིག་ཏུ་བསྡུས་ནས་བཀོད་པ་ཡིན་ཞིང་། དེ་ཡང་རྣམ་ཐར་འདྲ་མིན་བཞེད་ཚུལ་མི་འདྲ་བ་དག་ལ་དཔྱད་པ་མ་བྱས་པར། འཇམ་མགོན་བླ་མའི་གསུང་སོར་བཞག་ཏུ་བཀོད་ཡོད་པས་གཟིགས་མཁན་རྣམ་པས་དེ་ལུགས་ཐུགས་ངེས་གནང་དགོས་རྒྱུ་ལས་དཔྱད་པའི་སྒོ་གཞན་ཡང་མང་དུ་ཡོད་པ་རྣམས་འགོག་པར་མི་བྱའོ། །

བོད་ཟླ་དང་པོ། 

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་མཆུ་ཟླ་བ་དུས་ཚིགས་དགུན་སྨད་ཀྱི་ཟླ་བ་སྔ་མ། གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་མཆོད་གཉན་ཡོད་ན་དར། བརྒྱད་ལ་མཐོང་བ་དོན་ལྡན། བཅུ་ལ་ངོམ་པ་རྣམ་རྒྱལ། བཅུ་བཞི་ལ་དྲུང་ཀུན་དགའ་རྣམ་རྒྱལ། རྗེ་མི་ལ་རས་པ། བཅོ་ལྔ་ལ་མངའ་བདག་མར་པ་ལོ་ཙཱ། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཉི་ཤུར་ཏྲེ་ཧོ་ཆོས་ཀྱི་དབང་པོ། ཉེར་བཞི་ལ་བདུད་འདུལ་རྡོ་རྗེ། ཉེར་བརྒྱད་ལ་དབང་ཕྱུག་རྡོ་རྗེ་བཅས་ཀྱི་དུས་ཆེན།

བོད་ཟླ་གཉིས་པ།

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་དབོ་ཟླ་བ་དུས་ཚིགས་དགུན་སྨད་ཀྱི་ཟླ་བ་ཕྱི་མ། ཉེར་གསུམ་གྲགས་པ་མཆོག་དབྱངས། ཉེར་ལྔར་ཀུན་མཁྱེན་བསྟན་པའི་ཉིན་བྱེད། རིག་འཛིན་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཉེར་བདུན་ཡེ་ཤེས་སྙིང་པོ། ཉེར་བརྒྱད་ལ་གསང་བདག་ཏཱར་ནཱ་ཐ། གནམ་སྟོང་ལ་རྗེ་རས་ཆུང་པ་མཁའ་སྤྱོད་གཤེགས་དུས་བཅས་ཀྱི་དུས་ཆེན།

བོད་ཟླ་གསུམ་པ། 

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ལོའི་དང་པོ་ནག་པ་ཟླ་བ། དུས་ཚིགས་དཔྱིད་སྔ་མ། བཅོ་ལྔ་ལ་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་མཆོད་ཤམྦྷ་ལར་དར། བཅུ་དགུ་ལ་ཞྭ་དམར་གྲགས་པ་སེང་གེའི་དུས་ཆེན་བཅས།

བོད་ཟླ་བཞི་པ། 

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ས་ག་ཟླ་བ། དུས་ཚིགས་དཔྱིད་ཕྱི་མ། བརྒྱད་ལ་རྒྱལ་བ་སྐུ་བལྟམས་པའི་དུས་མཆོད་སེར་སྐྱར་དར། རྒྱལ་སྲས་སྦོམ་བྲག་པ། བཅོ་ལྔར་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་དུས་མཆོད་གཉིས་རིམ་བཞིན་རྡོ་རྗེ་གདན་དང་། རྩྭ་ཅན་དུ་དར། ཉེར་ལྔར་ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་འཇིག་རྟེན་གསུམ་མགོན། འགྲོ་མགོན་རས་པ་ཆེན་པོའི་དུས་ཆེན་བཅས།

བོད་ཟླ་ལྔ་པ།

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་སྣྲོན་ཟླ་བ། དུས་ཚིགས་སོས་ཀའི་ཟླ་བ་སྔ་མ། བཞི་ལ་ཞྭ་དམར་ཆོས་དཔལ་ཡེ་ཤེས། བདུན་ལ་སྐྱབས་མགོན་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། བཅོ་ལྔར་གྲགས་པ་དོན་གྲུབ་བཅས་ཀྱི་དུས་ཆེན།

བོད་ཟླ་དྲུག་པ། 

ཟླ་བ་འདི་འཕགས་ཡུལ་བ་སྤྱིའི་ལུགས་ཀྱི་ཆུ་སྟོད་ཟླ་བ། དུས་ཚིགས་སོས་ཀའི་ཟླ་བ་ཕྱི་མ། བཞི་ལ་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་མཆོད་ཝཱ་ར་ཎ་སིར་འཛིན། བཅུ་བཞིར་རང་བྱུང་ཞབས། བཅོ་ལྔར་ཡེ་ཤེས་རྡོ་རྗེ། ཟླ་འོད་གཞོན་ནུ། བཅོམ་ལྡན་འདས་ལྷུམས་སུ་ཞུགས་པ། ཉེར་གཉིས་ལ་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་དུས་ཆེན་བཅས།

བོད་ཟླ་བདུན་པ། 

ཟླ་བ་འདིར་འཕགས་ཡུལ་སྤྱིའི་ལུགས་ཀྱི་གྲོ་བཞིན་ཟླ་བ། དུས་ཚིགས་དབྱར་སྔ་མ། ལྔ་ལ་དཔའ་བོ་ཆོས་དབང་ལྷུན་གྲུབ། བཅོ་ལྔར་ཀརྨ་པ་རོལ་པའི་རྡོ་རྗེ། ཉེར་གསུམ་དཀོན་མཆོག་ཡན་ལག །ཉེར་དགུར་མཁའ་སྤྱོད་དབང་མོའི་དུས་ཆེན་བཅས།

བོད་ཟླ་བརྒྱད་པ།

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ཁྲུམས་སྟོད་ཟླ་བ། དུས་ཚིགས་དབྱར་ཕྱི་མ། བཅོ་ལྔར་ཀརྨ་པ་དེ་བཞིན་གཤེགས་པ། ཉི་ཤུར་ཨོ་རྒྱན་པ། ཉེར་གསུམ་རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེའི་དུས་ཆེན་བཅས།

བོད་ཟླ་དགུ་པ། 

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་ཐ་སྐར་ཟླ་བ། དུས་ཚིགས་སྟོན་སྔ་མ། བཞི་ལ་གྲུབ་ཆེན་པཀྴི། དྲུག་ལ་དོལ་པོ་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། ཉེར་གཉིས་ལ་རྒྱལ་བ་ལྷ་ལས་བབས་པའི་དུས་མཆོད་གསལ་ལྡན་དུ་དར། ཉེར་བརྒྱད་ལ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དུས་ཆེན་བཅས།

བོད་ཟླ་བཅུ་པ། 

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་སྨིན་དྲུག་ཟླ་བ། དུས་ཚིགས་སྟོན་ཕྱི་མ། བཅུ་དྲུག་ལ་གཙུག་ལག་ཕྲེང་བ། ཉེར་བརྒྱད་གཙུག་ལག་རྒྱ་མཚོ། གནམ་སྟོང་བྱང་ཆུབ་རྡོ་རྗེ་བཅས་ཀྱི་དུས་ཆེན།

བོད་ཟླ་བཅུ་གཅིག་པ།

ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་མགོ་ཟླ་བ། དུས་ཚིགས་དགུན་སྟོད་ཀྱི་ཟླ་བ་སྔ་མ།  གཉིས་ལ་ཆོས་ཀྱི་དོན་གྲུབ། གསུམ་ལ་དུས་གསུམ་མཁྱེན་པ། ཉེར་ལྔར་སྤྱན་སྔ་ཆོས་ཀྱི་གྲགས་པའི་དུས་ཆེན་བཅས།

བོད་ཟླ་བཅུ་གཉིས་པ། 

  ཟླ་བ་འདི་འཕགས་ཡུལ་སྤྱིའི་ལུགས་ཀྱི་རྒྱལ་ཟླ་བ། དུས་ཚིགས་དགུན་སྟོད་ཀྱི་ཟླ་བ་ཕྱི་མ། བཅུ་བདུན་ལ་ལོ་ཆེན་རིན་ཆེན་བཟང་པོའི་དུས་ཆེན་བཅས།

དུས་ཚིགས་སོ་སོར་བླ་མའི་འདས་མཆོད་བགྱིས་པའི་བསོད་ནམས་མཐའ་ཡས་པ་ཡིན་ཏེ། འཇམ་མགོན་རྡོ་རྗེ་འཆང་གིས། འདུས་བྱས་ཀྱི་དགེ་བའི་ནང་ནས་བླ་མ་དགེ་བའི་བཤེས་གཉེན་ལ་འདས་མཆོད་བྱས་པ་ལས་ཕན་ཡོན་ཆེ་བ་མེད་ཅིང་། དེའང་ཐེག་པ་ཐུན་མོང་བའི་ལུགས་ཀྱི་ཕན་ཡོན་མདོར་བསྡུ་ན་དྲུག་སྟེ། སྤྱིར་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བ་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་ལ་བསྟེན་ནས་བསགས་པའི་མ་གུས་པ་བྱས་པ་ཐམས་ཅད་འཛད་པར་འགྱུར་བ་དང་། ཚོགས་མྱུར་དུ་རྫོགས་པར་འགྱུར་བ་དང་། ཚེ་རབས་ཐམས་ཅད་དུ་གདུལ་བྱར་འགྱུར་བ་དང་། ཁྱད་པར་དུ་སྐྱེ་བ་འདིའི་འོག་རོལ་དུ་མཇལ་བར་འགྱུར་བ་དང་། འཁོར་བ་ལས་མྱུར་དུ་ཐར་བར་འགྱུར་བའོ། །སྔགས་གསར་རྙིང་རྣམས་སུ་ནི་སངས་རྒྱས་ཐམས་ཅད་མཆོད་པ་ལས་ནི་བླ་མའི་བ་སྤུའི་ཁུང་བུ་གཅིག་ལ་ཏིལ་མར་གྱི་ཐིགས་པས་བྱུགས་པ་བསོད་ནམས་ཆེ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་སོ། །ཞེས་གསུངས་པས་སོ། །

ཞེས་པའང་དྲྭ་མིང་དུ་ཡུལ་ཤུལ་བར་གྲགས་ཤིང་རང་མིང་ཀར་ཚེར་འབོད་པའི་ཁ་མང་བ་དེས་༢༠༢༣་ལོའི་ཟླ་༣པའི་ཚེས་༢༧ཉིན་སྐྱེ་དགུ་མདོར་བྲིས་པ་དགེ།


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3390