མ་རེད།
མི་ནི་ཆུ་སྟེང་ཟགས་པའི་ལོ་མ་སྟེ།།
རྡུལ་དང་རླུང་གིས་འཐག་ན་སྐྱོ་བ་འཕེལ།།
ང་རང་སྟོན་མཇུག་ཟླ་བའི་འོད་ལ་འཁྲེངས།།
ཞོར་དུ་གཙང་པོའི་འགྲམ་དང་རླབས་ལ་དགའ།།
དྲོས་ན་ངག་གི་གླུ་དང་རོལ་མོ་དཀྲོལ།།
གྲང་ན་རྡོ་བ་བཞིན་དུ་སྒང་སྟེ་ལུས།།
ང་རང་རྒྱ་མཚོའི་ཟུར་གྱི་གྲོང་ལ་དགའ།།
རླབས་ཀྱི་མེ་ཏོག་རེ་རེའི་ཚུལ་ལ་དུངས།།
ཤིན་ཏུ་ལྐོག་གྱུར་རྨི་ལམ་རེ་རེས་ཀྱང་།།
ཆེད་དུ་རྒྱང་རིང་རྒྱ་མཚོའི་འཁྲིས་སུ་ཁྲིད།།
འཇའ་ཚོན་དེད་ཀྱིན་སོང་ནས་གདུང་བ་འཕེལ།།
སྒྱུ་མི་རི་དྭགས་བྲོས་ན་ཅི་ཡིས་འཛིན།།
དར་དང་རྒུད་པའི་གཏམ་རྒྱུད་རེ་རེ་ནི།།
སོས་ཀའི་གནམ་ངོ་ཇི་བཞིན་འཕེལ་ཞིང་འགྲིབ།།
ཁྱེད་གཤིས་རི་བོ་ཇི་བཞིན་བརྟན་འགྱུར་ན།།
ང་ཡིས་ལག་པ་སྲིང་སྟེ་སྤྲིན་པ་འཐུ།།
ང་རང་གྲིབ་མའི་ནང་གི་གཟུགས་བརྙན་ཏེ།།
ཅི་ཡང་མི་ནུས་རླུང་དང་བསྡོང་སྟེ་འགྲོ།།
རྨི་ལམ་ནང་གི་འདྲ་སྐུ།
སྣང་བ་ཆུ་དང་འདྲེས་པའི་གྲོང་ཚོ་ཞིག་ཏུ།
གངས་རིའི་སྤྱན་ཟུང་འདྲ་བའི་སྒྲུང་ཞིག་ཨེ་འབྲི།།
ཡོད་ཚད་ཚོན་གྱིས་བསྒྱུར་བའི་དུས་རབས་འདི་ནས།།
རང་སེམས་འཇོག་སའི་གླིང་ག་གཙང་མར་ཨེ་བཟོ།།
སེམས་ལ་ངལ་བ་འཕེལ་དུས་ཤིང་སྡོང་འོག་ཏུ།།
སྒྲུང་གཏམ་སྙན་མོ་བཀླག་ཏེ་རྒྱང་ལ་བལྟ་ཆོག།
སྣང་བ་དཀར་གཙང་ཡིན་པའི་མི་རབས་ཤིག་ལ།།
ཞེ་འདང་ཆང་གཞས་བཏེགས་ཏེ་ཉེ་བར་བཅར་འགྲོ།།
རྨི་ལམ་ལྐོག་ནས་སྲུང་བའི་གཞོན་པའི་སྡེ་ལ།།
སྣང་ཁམས་ལེ་མོང་མཚོན་པའི་སྙན་ངག་ངས་འབྲི།།
ལ་གཞས་རླུང་གིས་སྤུར་བའི་འབྲོག་སྡེ་ཞིག་ལ།།
སེམས་སོང་ཁྱེད་ཉིད་འདྲ་བའི་སྐུ་ཞིག་ངས་བཞེངས།།
ཕ་ཡུལ་འཁྱག་ཀྱང་མི་འདར་ལྷ་ཡིས་སྲུང་ཡོད།།
ཆར་འཇམ་ཆུ་དང་འདྲེས་འདྲ་གཞོན་པའི་བརྩེ་དུང་།།
ཐིག་དང་རི་མོའི་ལམ་ནས་འདེབས་མཁན་མ་བྱུང་།།
སོ་སོའི་གྱེས་གདུང་མཚོན་པའི་གླུ་ཆུང་མི་འདུག།
གངས་རི་གཅིག་པུ་མ་འགྱུར་ཕྱིར་ལ་གཟིགས་འདུག།
ཆུ་མོ་གཅིག་པུ་མ་རྒས་གཞས་དང་འདྲེས་འདུག།
ཆུ་ཕྲན་སྟོང་གཅིག་འདུས་པའི་ཟམ་པའི་འོག་ཏུ།།
བདག་གི་རྨི་ལམ་སྲུང་བའི་ཉ་དེ་སུ་ཡིན།།
2022/4/4
ཁྱོད་ཀྱི་སྒོ་དྲུང་།
གཏན་དུ་ཁྱེད་ཀྱི་ཤིང་སྒོ་ལེབ་མོའི་དྲུང་།།
བྱ་ཞིག་འབབ་ཏེ་རྒུམ་འབུ་འཐུ་བཞིན་འདུག།
ང་ཡང་ཁྱེད་ཉིད་མཐོང་ཆེད་ལམ་ཕྲན་འགའ།།
བརྒལ་ཏེ་གནས་དེར་ལན་མང་སོང་བ་ཡིན།།
འདི་ནས་བལྟས་ཀྱང་ཕ་མཐའ་མི་མངོན་པའི།།
སྤྲིན་པ་དཀར་བོང་བོང་གི་མར་ཞབས་སུ།།
ཁྱེད་ཉིད་ཙོག་སྟེ་རྟེན་འབྱུང་མེ་ཏོག་ལ།།
ཡིད་ཀྱི་བྱིལ་བྱིལ་གཏོང་བའི་ཚུགས་ཀ་ཡག།
གྲོང་པའི་མཐའ་ཡི་དཔྱངས་ཟམ་ཁེར་རྐྱང་སྟེང་།།
བདག་ཉིད་འགྲེང་སྟེ་དེར་ཕྱོགས་ཡང་ཡང་བལྟས།།
འདབ་ཆགས་ཕལ་ཆེར་ལྷོ་དང་ཤར་ཕྱོགས་ཀྱི།།
འཕུར་ཏེ་ནགས་ཚལ་ངོས་སུ་ག་ལེར་འཐིམས།།
གང་ཚེ་ཡུན་གྱིས་བལྟས་ཀྱང་འཇིག་རྟེན་ནི།།
མེ་ལོང་སྟོང་པ་ཞིག་དང་ཅིས་ཀྱང་མཚུངས།།
རྗེས་ཕྱོགས་ཕལ་ཆེར་དེར་ཕྱོགས་མི་ཡོང་སྟེ།།
གནས་དེའི་གནམ་ས་ཤིན་ཏུ་དོགས་སྣང་བྱུང་།།
བདག་གིས་རྟག་ཏུ་གཙང་པོའི་ཟུར་ཞིག་ནས།།
རླུང་གི་སིལ་སིལ་སྒུལ་བའི་ཤིང་ལོ་ལ།།
ཚོར་བའི་མེ་ཕུང་སྒང་སྟེ་སྐོར་བྲོ་འཁྲབ།།
བྱ་ཚོགས་འཕུར་ཤུལ་ས་སྟོང་བདག་གིར་བྱས།།
ཐ་སྙད་ཀྱི་རྙི།
ངས་ཁྱོད་ཀྱི་གམ་འགྲོས་ལ་ཅེར་ཏེ
ཐ་སྙད་ཀྱི་ཞགས་པ་ཞིག་རྟོག་བཟོ་བྱས
ངས་ཐ་སྙད་ཀྱི་ར་སྐོར་ནང་དུ
ཁྱེད་རང་ལན་མང་དེད་ཅིང
ཁྱེད་ཀྱི་སྐྱེངས་པའི་ཉམས་དང
གཟུར་ནས་འགྲོ་བའི་ཚུལ་ལ་བལྟས
ཕ་ཡུལ་གྱི་ཟླ་བ
སྤྲིན་མང་ས་ནས ནམ་ཡང
ཁྱེད་ནི་ཟླ་བ་སྟེ
སྤྲིན་པའི་བར་ནས
ངས་ཁྱེད་ཀྱི་འགྲོ་འདུག་ལ་ཉམས་འཇོག་ཐེངས་མང་བཟོས
ཁྱེད་ནི
རླུང་གིས་རྡེག་པའི་མེ་ཏོག་གི་འདབ་མ་ཇི་བཞིན
ལན་རེ་སྒུར་ནས
བསིལ་རླུང་དང་སྤྲིན་དཀར་ལའང་སྐད་ཆ་བཤད
ཕར་འཁོར་ནས
ཅི་ཞིག་བཤད་འདོད་པའི་ཚུལ་ལ་ཡང་ཡང་བལྟས་རྗེས
ངས་ཐ་སྙད་ཀྱི་ཞགས་པ་བཟུང་སྟེ
ཁྱེད་ཀྱི་མཐའ་འཁོར་ནས རྒྱང་རིང་གི་ནམ་མཁར་བལྟས
ཁྱེད་རང་ངའི་མིག་ལམ་དུ་མངོན་པ་ནི
བར་སྣང་ནས་སྐར་མདའ་ཞིག་མར་ལྷུང་བ་དང་ཅི་འདྲིའི་མཚུངས་ཨང
ཁྱེད་ནི་ཤིན་ཏུ་ཉེ་བའི་ཐ་སྙད་ཀྱི་གཟེབ་ཏུ་བཅུགས་ཀྱང
ནམ་ཡང་འཛིན་དུ་མེད་པའི་རྒྱང་རིང་གི་རླུང་བུ་ཞིག་སྟེ
ལན་རེ་འཁྲིས་ནས་ལྡང་ཞིང ནམ་རྒྱུན་རྒྱང་ནས་གཡོ
བར་ཐག
ལག་པ་གནམ་ལ་ཁྱོགས་དང
སྤྲིན་པའི་སྟེང་གི་ཆར་ཟིམ་དེ་དག
ཁྱེད་ཀྱི་མགུལ་རྒྱན་ལོ་ན་ངས་ལེན་ཆོག
གལ་ཏེ་ཁྱེད་ཀྱི་ལག་ཟུང་ནང་གི་རི་མོ་དེ་དག
ས་ཁྲ་ཡིན་ན
ང་རང་ཞིབ་འཇུག་པ་ཞིག་བཟོ་ཆོག
གལ་ཏེ
ཁྱེད་ཀྱི་སྨིན་མ་དེ་གཉིས་ནགས་ཚལ་ཡིན་ན
ང་རང་རི་དྭགས་དང་བྱེའུ་ཆུང་ཡིན་ཆོག
གལ་ཏེ
ཁྱེད་ཀྱི་མིག་ཟུང་གཉིས་པོ
གླིང་ཕྲན་གཉིས་ཡིན་ན
ང་རང་དེ་རུ་འཚོ་གཞིས་ཆགས་པའི་སྤྱིར་བཏང་གི་མི་ཞིག་ཡིན་ཆོག
གལ་ཏེ
ཁྱེད་ཀྱི་ལག་མཐིལ་གཉིས་པོ
གོ་ལ་ཧྲིལ་པོ་ཡིན་ན
ང་རང་ཡུལ་གྱར་བ་ཞིག་ཡིན་ཆོག
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3382
དཔྱད་མཆན་སྤེལ།