འདི་ནས་བྱང་དུ་རི་ནག་པོ།། དགུ་འདས་གངས་རི་འོ། ཞེས་པའི་ཚིག་འདི་མཁས་མཆོག་དབྱིག་གཉེན་ཞབས་ཀྱིས་མཛད་པའི་མཛོད་རྩ་བའི་ཚིག་ཅིག་ཡིན། ཚིག་འདི་ཆོས་མངོན་པ་མཛོད་ལ་གནས་བརྒྱད་ཡོད་པའི་ནང་གསེས་གནས་གསུམ་པའི་འཛམ་བུ་གླིང་གི་རྒྱུ་མཚན་བྱེ་བྲག་ཏུ་བཤད་པའི་སྐབས་སུ་བྱུང་། ཁོ་བོས་ཚིག་འདིས་བསྟན་པའི་འཛམ་བུ་གླིང་བྱ་བ་རྒྱ་གར་ཙམ་མམ་ལྷོ་འཛམ་བུ་གླིང་ཞེས་གྲགས་པའི་འཛམ་གླིང་གཉིས་གང་ལ་གོ་རྒྱུ་ཡིན་མིན་གྱི་སྐོར་ནས་བཤད་ཚུལ་མི་འདྲ་བའི་ཡིག་ཆ་འགའ་ཤས་མཐོང་བ་ཀློག་འདོད་མཁན་དག་ལ་སྤྱན་དུ་འབུལ་འདོད་བྱུང་།

དགེ་ཆོས་ཀྱིས་གླིང་བཞིའི་ངོས་འཛིན་དམིགས་བསལ་བ།

ད་ལྟའི་བར་ནང་པའི་གཞུང་ལུགས་ཡོངས་གྲགས་ལ་གླིང་བཞིའི་བཤད་པ་ཅི་ཡོད་མཛོད་ལས་བཤད་པ་ལྟར་རི་རབ་དཀྱིལ་དུ་བཞག་ནས་གླིང་རེ་ལ་གླིང་ཕྲན་གཉིས་གཉིས་ཀྱིས་སྐོར་ནས་ཡོད་པའི་ལྟ་ཚུལ་དེ་ཁས་ལེན་བཞིན་ཡོད་པ་ལས་མཛོད་འགྲེལ་རྣམས་ལས་ལོགས་སུ་བཤད་མཁན་མ་མཐོང་།  སྤྱིར་གླིང་བཞི་ཞེས་གྲགས་པའི་གནས་དེ་དག་ཀྱང་རྒྱ་གར་འཕགས་ཡུལ་རང་ན་ཡོད་པའི་སྐོར་ཐོག་མར་ལབ་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་ཏེ། (གཏམ་རྒྱུད་གསེར་ཐང་ལས།) “དེ་ལས་ཀྱང་ཡ་མཚན་པ་ལུས་འཕགས་ཀྱི་སྐད་དོད་བིདཧ་ནི་ཡུལ་གྱི་ཤར་ཕྱོགས་ཡངས་པ་ཅན་གྱི་ཡུལ་དུ་ད་ལྟའི་བར་ཡོད་ཅིང་། འདུལ་བ་ལུང་དུ་ཡང་མ་སྐྱེས་དགྲའི་ཨ་མ་ཡངས་པ་ཅན་ནས་འོངས་པ་དེ་ལ་ལུས་འཕགས་པ་མ་ཞེས་གསུངས་སོ།། དེ་ནས་ཤར་ལུས་འཕགས་སྤྱོད་ཅིག་རྙེད། བ་གླང་སྤྱོད་ཀྱི་སྐད་དོད་གོདལྦ་རི་སྟེ་ད་ལྟ་ཡང་མིང་དེ་ཁོ་ན་སྟེ་རྒྱ་གར་ནུབ་ཏུ་ཡོད། ཕྱོགས་དེར་བ་གླང་སྤྱོད་དུས་སྟོན་བྱ་བའི་ཚོགས་ཆེན་པོ་ཞིག་ཀྱང་ལོ་བཞི་རེ་ན་འཛིན། ནུབ་བ་གླང་སྤྱོད་ཅིག་ཀྱང་རྙེད། སྒྲ་མི་སྙན་ལ་ཀུརུ་སྟེ་སྒྲ་ངན་དུ་ཡང་བསྒྱུར་ཅིང་། འདུལ་བ་ལུང་དུ་བཤད་པའི་བཙུན་མོ་དཔེ་མེད་མའི་བྱུང་བར་སྟོན་པ་སྒྲ་མི་སྙན་གྱི་གྲོང་བརྡལ་མེརུཙིན་བཞུགས་སོ་ཞེས་ཀྱང་བསྒྱུར་བས་ཀུརུཀྵེཏྲ་ཞེས་པ་བྱང་རང་ན་ཡོད་ཅིང་། མིང་ལ་ཡང་ཨུཏྟརཾཀུརུ་སྟེ་བྱང་གི་སྒྲ་མི་སྙན་དུ་གྲགས། དེ་ན་སྒྲ་མི་སྙན་ཡང་བྱུང་། འོ་ན་གནས་ཆེན་ཉེར་བཞི་ལ་ཆེ་ཆུང་གསུམ་འབྱེད་པ་ལྟར། གླིང་བཞི་ཆུང་ངུ་དང་ཆེན་པོ་སོགས་བྱེད་དགོས་པ་ཨེ་ཡིན། གཏམ་དེ་ཚོ་ལ་ཁྱེད་ཅག་ཡིད་ཆེས་དཀའ་མོད། གླིང་རྣམས་ཀྱི་སྐད་དོད་བིདེཧ། གོདལྭརི། ཀུརུ་རྣམས་ཤེས་པར་བྱས་ནས་ཨཙར་སོགས་རྒྱ་གར་རྒྱུས་ཡོད་ཅིག་ལ་དྲིས་ན་གསལ། གླིང་བཞིའི་སྐད་དོད་སྒྲ་སྦྱོར་བམ་གཉིས་སུ་ཡང་དེ་ག་རང་དུ་མཛད་དོ།། དེ་ལྟར་གླིང་བཞི་ག་ཕྱོགས་ཀྱང་མ་འཛོལ་བར་རྒྱ་གར་རང་དུ་ཆ་ཚང་ཞིག་བྱུང་བ་ངོ་མི་མཚར་རམ། འདི་དེ་རིང་གི་བར་དུ་རྒྱ་བོད་ཀྱི་མི་སུ་ལ་ཡང་སྣང་བ་མ་བྱུང་བ་འདུག་གོ།།” ཅེས་པའི་བཤད་ཚུལ་དེས་ཤར་ལུས་འཕགས་པོ་ནུབ་བ་གླང་སྤྱོད་བྱང་སྒྲ་མི་སྙན་གསུམ་རྒྱ་གར་རང་དུ་ཡོད་པར་གསུངས་འདུག་མོད། ལྷོ་འཛམ་བུའི་གླིང་དེ་རྒྱ་གར་གྱི་ས་ཆ་འདི་རུ་ཡོད་ཟེར་ནས་བཤད་མེད་པ་འདི་ཡང་ཅིག་བྱས་ན་ངོས་འཛིན་ས་མ་རྙེད་པ་ཡིན་ཤས་ཆེ། ཡང་ན་གླིང་ཆེན་བཞིའི་མིང་དེ་རྒྱ་གར་གྱི་ས་ཆ་བྱེ་བྲག་པ་ཞིག་ལ་ཚུར་བཏགས་པ་ཡིན་ཀྱང་སྲིད།   སྤྱིར་གནས་དང་གཞི་གང་ཞིག་ལ་མིང་དེ་འདྲ་ཞིག་བཏགས་ཡོད་པ་ཙམ་གྱིས་ནི་དེ་ཡིན་པར་སྒྲུབ་དཀའ་འོ།། (རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ལས།)“ལོ་རབས་སུམ་ཅུ་པའི་སྐབས་ལ་རྒྱ་གར་གྱི་ཕྱོགས་སུ་འགྲུལ་བཞུད་རྒྱ་ཆེར་བྱས་པའི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སའི་གོ་ལ་ལྷོ་འཛམ་བུ་གླིང་དུ་ངོས་འཛིན་བྱེད་པའི་མངོན་པའི་ལུགས་ཀྱི་འགྲེལ་བཤད་འདིས་གནའ་བོའི་རྒྱ་གར་གྱི་ས་དཀྱིལ་མའི་ས་ཁྲ་ཞིག་མཚོན་པའི་བསམ་ཚུལ་བཏོན་ཡོད། ཁོང་གིས་གླིང་ཆེན་གཞན་གསུམ་གྱི་འགྲེལ་བཤད་དེ་དེང་རབས་ཀྱི་རྒྱ་གར་ནང་གི་ས་བཤད་ཀྱི་གནས་བབ་དངོས་ཡོད་ཁ་ཤས་དང་མཚུངས་ཚུལ་ཡིད་དབང་མེད་དུ་འགུག་པའི་གསལ་བཤད་ཅིག་བྱས་འདུག།”ཅེས་གསུངས།   དེ་བས་ཁྱོན་ནས་བརྟགས་གཞི་མེད་པ་ཞིག་ཀྱང་མིན་ཅིང་མཁས་དབང་དགེ་ཆོས་ཀྱིས་གང་ལ་དཔྱད་པ་བྱས་ཀྱང་དེ་རུ་གནས་ལུགས་ཅིག་ཡོད་ངེས་སོ།།

“འདི་ནས་བྱང་དུ་རི་ནག་པོ།།”ཞེས་པའི་སྒྲའི་སྙེག་གཞི་ངོས་བཟུང་བ།

སྐབས་དོན་འཆད་ན། “འདི་ནས་བྱང་དུ་རི་ནག་པོ།།”ཞེས་པའི་འདི་སྒྲའི་སྙེག་གཞི་ལ་མཛོད་འགྲེལ་ཕལ་ཆེ་བ་འཛམ་བུ་གླིང་བཞག་པ་ཙམ་ལས་ཆེ་ཆུང་གི་ཁྱད་འབྱེད་མི་འདུག མཆིམས་མཛོད་ལས་ཚིག་འདི་འགྲེལ་སྐབས། འཛམ་བུའི་གླིང་འདི་ཉིད་ནས་གླིང་འདི་ཉིད་ཀྱི་བྱང་དུ་རི་ནག་པོ་གསུམ་ཡོད་དོ། དེ་ནས་བྱང་ན་ཡང་རི་ནག་པོ་གསུམ་ཡོད་དོ།། དེ་ནས་ཡང་བྱང་ན་ཡང་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པའོ།། ཞེས་པའི་ཚིག་འདི་ཙམ་ལས་གསལ་ཁ་གཞན་ཞིག་བཏོད་མི་འདུག་ཀྱང་། དེའི་འོག་ཏུ་འདི་ལྟར་གསུངས་ཡོད་དེ།“གཞན་ཡང་གླིང་འདིའི་ནུབ་ན་ཨུ་རྒྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ན་རིག་པ་འཛིན་པ་རྣམས་ཀྱི་གནས་དང་། ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་གྲུ་འཛིན་ཞེས་བྱ་བའི་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྩ་བ་ན་རྗེ་བཙུན་སྒྲོལ་མ་བཞུགས་པའི་གནས་དང་། རྒྱའི་རི་བོ་རྩེ་ལྔ་ན་འཕགས་པ་འཇམ་དཔལ་བཞུགས་པའི་གནས་དང་། ཡུལ་དབུས་ན་དུས་གསུམ་གྱི་སངས་རྒྱས་བཞུགས་པའི་རྡོ་རྗེའི་གདན་མེ་དང་ཆུ་དང་རླུང་གིས་འཇིགས་པར་མི་འགྱུར་བ་(དང་། གྲོང་ཁྱེར་ཆེན་པོ་དྲུག)ཡོད་དོ།།” ཅེས་གསུངས། གནས་འདི་དག་རྒྱ་གར་དང་འབྲེལ་བའི་གནས་ཡིན་པར་མན་ལུང་གུ་རུའི་ལམ་ཡིག་ཏུ་འང་གསུངས།  ནུབ་ན་ཨུ་རྒྱན་གྱི་ཡུལ་བྱ་བ་ཡང་རྒྱ་གར་ནུབ་ཕྱོགས་ཀྱི་མཐར་ཆགས་པའི་ཡུལ་ཨུ་རྒྱན་ལ་གོ་དགོས་སྙམ་སྟེ། (གཏམ་རྒྱུད་གསེར་ཐང་ལས།) “ཨོཌིཡན་ནི་གནས་ཆེན་པོ་ཉེར་བཞིའི་ནང་ནས་གཙོ་བོ་ལྟ་བུ་ཡིན་ཅིང་། གྲུབ་པ་དང་རིན་པ་འཛིན་པའི་རྣལ་འབྱོར་མ་རྣམས་ཀྱིས་བཟུང་བའི་སྤྲུལ་བའི་ཞིང་ཁམས་ཡིན་པས། དོན་དངོས་པོའི་གནས་ཚོད་ལ་ཡུལ་དེ་ཅི་ལྟར་ཡོད་པ་ནི་ཁྱེད་རྣམས་ལ་ཤིན་ཏུ་གསལ་བས་སྨྲ་མ་དགོས། དེས་ན་ཁོ་བོས་འདིར་ཐུན་མོང་སྣང་ཚོད་ཙམ་གྱིས་དབང་དུ་བྱས་ནས་འཆད་ན། ཡུལ་དེ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་མཐར་སོང་གཤིས།”ཞེས་རྒྱ་གར་ནུབ་ཕྱོགས་སུ་ཡོད་པར་བཤད།
 “འདི་ནས་བྱང་དུ་རི་ནག་པོ།།”ཞེས་པའི་ཚིག་འདིའི་སྙེག་གཞི་རྒྱ་གར་ཡིན་པར་དངོས་སུ་བཤད་མཁན་དེ། བཙན་པོ་སྐུ་ཕྲེང་བཞི་བ་བསྟན་འཛིན་འཕྲིན་ལས་ཡིན་ཏེ། (འཛམ་གླིང་རྒྱས་བཤད་དུ།) “རྒྱ་གར་ཡུལ་ནས་བྱང་དུ་རི་ནག་པོ་ཁ་བ་མེད་པ་རྫ་དང་བྲག་སོགས་ཀྱི་རང་བཞིན་ཅན་དགུ་འདས་པ་ན། རིའི་རྩེ་མོ་ཁ་བ་དང་འཁྱགས་པ་སོགས་གཏན་ནས་མི་འཇུ་བའི་གངས་རི་ཡོད་པ་ཡིན། རྒྱ་གར་བྱང་ན་ཡོད་པའི་རི་ནག་པོ་དེ་དག་ཀྱང་རི་ནག་རྡོག་པོ་དགུ་ཙམ་ལ་བྱེད་པ་མ་ཡིན་པར། ནུབ་ཨོ་ཊི་ཡ་ན་ནས་རྒྱ་གར་ཤར་དུ་རྒྱ་ནག་གི་ཞིང་ས་ཆེན་པོ་ཡུན་ནན་སོགས་ལ་ཐུག་གི་བར་རི་རྒྱུད་ཀྱིས་འབྲེལ་བའི་རི་རིམ་པ་དགུ་ཡོད་པ་དེ་དག་ལ་ཟེར་བ་ཡིན། ”ཞེས་ཚིག་ཐག་ཆོད་པའི་གསུངས། “གངས་རི་འོ།”ཞེས་པའི་དོན་ཡང་འདི་ལྟར་འགྲེལ་ཡོད་དེ།“རི་དེ་དག་འདས་པའི་ཕ་རོལ་བྱང་ཕྱོགས་ན་རི་གངས་ཅན་ཡོད་ཅེས་པ་དེ་ཡང་གངས་ཏི་སེ་གཅིག་པུ་གོ་ཡོད་པ་མང་ཡང་། གངས་ཏི་སེ་སོགས་གངས་དང་ལྡན་པའི་རི་ཁྲི་ཕྲག་མང་པོ་ནུབ་ཀ་པི་སྟྭན་ནས་ཤར་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་འཁྲུངས་ཡུལ་ཙོང་ཁ་ལ་ཐུག་གི་བར་སྤྱི་ལ་བྱས་ན་ལེགས།”ཞེས་གསུངས་སོ།།  མཛོད་ནས་བཤད་པའི་འཛམ་བུའི་གླིང་འདི་འཛམ་གླིང་ཆུང་ངུ་ཞེས་གྲགས་པའི་རྒྱ་གར་ཙམ་ལ་གོ་བ་ཡང་བཀའ་གདམས་དགེ་བཤེས་འབྲོམ་སྟོན་པས་མཛད་པའི་(བོད་ཀྱི་མི་ཆེན་རྣམས་ལ་སྤྲིངས་པའི་ཡི་གེར།)“ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི།” ཞེས་ཤིང་རྟའི་དབྱིབས་དང་མཚུངས་པར་བཤད་ཚུལ་དེ་མངོན་པ་མཛོད་ནས་གསུངས་པའི་འཛམ་གླིང་དང་གཅིག་པར་གྲུབ་ཏེ། (ཆོས་མངོན་པ་མཛོད་ལས།) “སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས།”ཞེས་གསལ་བར་གསུངས་པ་འདི་ག་ལགས། ལར་རྒྱ་གར་གྱི་ས་དབྱིབས་འདི་ཤིང་རྟའི་དབྱིབས་ལྟ་བུ། ཟུར་གསུམ་སོག་པའི་དབྱིབས་ལྟ་བུ། འདོད་འཇོའི་བའི་ནུ་མའི་རྩེ་མོ་ལས་འོ་མའི་ཐིགས་པ་ཞིག་འཐིག་བཞིན་དང་འདྲ་བར་བཤད་མཁན་སོགས་བཤད་ཚུལ་སྣ་ཚོགས་མཆིས། རྒྱ་གར་གྱི་ས་དབྱིབས་ཆགས་ཚུལ་ལ་ས་ཁྲའི་ངོས་ནས་བལྟས་ཚེ་ཟུར་གསུམ་སོག་པའི་དབྱིབས་དང་ནུ་མའི་རྩེ་མོ་ལས་འོ་མའི་ཐིགས་པ་འཐིག་བཞིན་པ་དང་མཚུངས་པར་མིག་གིས་ལྟོས་དང་གསལ་མོད། ཤིང་རྟའི་དབྱིབས་དང་འདྲ་ཟེར་བའི་འདྲ་གཞིའི་ཤིང་རྟ་དེ་རྒྱ་བོད་གང་གི་ཤིང་རྟ་ལ་དཔེར་བླངས་མིན་མ་ཤེས། དེང་གི་ཚན་རིག་ལམ་ནས་ཤེས་རྟོགས་བྱུང་བའི་འཛམ་གླིང་གོ་ལ་ཟླུམ་པོ་འདི་ཉིད་ཤིང་རྟའི་དབྱིབས་སོགས་དཔེ་དེ་དག་དང་མཚུངས་ཟེར་ན་དགོད་ཁ་སློང་བྱེད་ཙམ་ལས་སུས་ཀྱང་ཁས་ལེན་ཁག་ཚོད་ཡིན། མཛོད་ནས་བསྟན་པའི་འཛམ་གླིང་སྐབས་རེར་ལྷོ་འཛམ་བུའི་གླིང་ལ་བྱ་རྒྱུ་ཡིན་ཚུལ་འདྲ་བར་གསུངས་ཡོད། ལན་རེར་རྒྱ་གར་རང་ལ་གོ་འདུག་སྙམ་པའི་སྣང་བ་ཞིག་ཅེས་ཀྱང་གཏེར་ངེས།  རིའི་རྒྱལ་པོ་རི་རབ་དང་གླིང་བཞིའི་སྐོར་གྱི་འཇིག་རྟེན་ལྟ་ཚུལ་འདི་ཕུགས་དེད་ན་རྒྱ་གར་གྱི་འཇིག་རྟེན་རིག་པའི་ལྟ་ཚུལ་ཞིག་ཡིན། འགྲེལ་ཚུལ་འདི་དེང་གི་བཤད་སྟངས། དངོས་ཡོད་ཞིབ་འཇུག་སོགས་དང་རྒྱབ་འགལ་དུ་གྱུར་ཡོད་ན་འང་འདིས་ནང་པའི་ཐུན་མིན་གྱི་གཞུང་ལུགས་རྣམས་ལ་གནོད་པ་གང་ཡང་ཐོན་མེད་ཧ་དགོས་སྙམ། (རྡུལ་ཕྲན་གཅིག་ཁོ་ནའི་འཇིག་རྟེན་དུ།) “མངོན་པའི་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་སློབ་དཔོན་དབྱིག་གཉེན་རང་ཉིད་ཀྱིས་ཀྱང་ཡིད་ཆེས་ཅི་ཙམ་བྱས་ཡོད་མེད་ཐེ་ཚོམ་ཞིག་ཡིན། ཁོང་གིས་སྐབས་དེར་རྒྱ་གར་ནང་དར་བའི་འཇིག་རྟེན་གྲུབ་ཚུལ་གྱི་འདོད་ཚུལ་འདྲ་མིན་གོ་རིམ་ལྡན་པའི་སྒོ་ནས་བསྟན་པ་ཞིག་རེད།”ཅེས་གསུངསོ།། འདིར་བྲིས་པ་ནི་དངོས་ཡོད་གནས་ཚུལ་ལ་འདི་རེད་ཅེས་གསལ་བོར་བརྗོད་མ་ཐུབ་པར་གླེང་གཞི་འདི་དང་འབྲེལ་བའི་དཔེ་ཀློག་ལས་མཐོང་ཐོས་ཕྱོགས་གཅིག་ཏུ་བསྡུས་པ་ཙམ་མོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3369