༡ཐོས་པ་འཚོལ་བའི་ལམ་བུ།

སྤྱིར་བཏང་ན་ནིང་ནས་སྐུའི་གསུང་བསྒྱུར་བ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་མཛད་པའི་༧རྗེ་བདག་ཉིད་ཆེན་མོའི་རྣམ་པར་ཐར་པ་《 རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས་གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ》་ ཞེས་པ་ཀློག་འདོད་ཤིན་ཏུ་ཆེ་ནའང་ཉེ་ལམ་བར་ཏུ་ངང་སྒུག་བྱ་དགོས་བྱུང་སོང་།ལས་དང་སྨོན་ལམ་བཟང་པོས་མཐུ་ལ་བརྟེན་ཉེ་ལམ་སྐད་འཕྲིན་ཚོགས་པ་ཞིག་ཏུ་སྐུའི་གསུང་བསྒྱུར་བ་ཁོང་གིས་མཛད་པའི་༧རྗེ་བདག་ཉིད་ཆེན་མོའི་རྣམ་ཐར་《 གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ》 ་ཞེས་པ་བསྐུར་བྱུང་བ་དང་།ཁོ་བོས་ཀྱང་དེ་མ་ཐག་ཕབ་ལེན་བྱས་ནས་ཉར་ཚགས་བྱས་ཏེ་མིག་སྔར་ཀློག་བཞིན་པའི་དཔེ་དེབ་བཀླགས་གྲུབ་རྗེས་སྐུའི་གསུང་བསྒྱུར་བ་ཁོང་གིས་མཛད་པའི་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་ཞེས་ཀློག་རྒྱུའི་འདུན་པ་སྔོན་དུ་བཏང་བ་ཡིན།དེ་ནས་ང་ཚོའི་དགོན་པའི་ཟླ་ལྷག་གི་ཆོས་མཚམས་གཏོང་པར་གཟའ་འཁོར་གཅིག་ལྷག་མ་གཏོགས་མེད་པའི་གཟའ་འཁོར་ནང་ཀློག་བཞིན་པའི་དེབ་གང་དེ་བཀླགས་གྲུབ་ནས་སྐུའི་གསུང་བསྒྱུར་བ་ཁོང་གིས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་ཞེས་པ་རང་གིས་དམིགས་བརྩེ་མས་ངག་ལ་བྱིན་རླབས་ཤིག་མཛད་ནས་ཀློག་པའི་དབུ་བཟུང་བ་ཡིན།དེ་ལྟར་ཁོ་བོས་ཟླ་ལྷག་ཆོས་མཚམས་མ་གཏོང་སྔོན་གཟའ་འཁོར་གཅིག་ལྷག་གི་དུས་ཚོད་དང་ཟླ་ལྷག་ཆོས་མཚམས་སྐབས་ཀྱི་ཨ་ཁུ་དང་ལྷན་དུ་རྒྱ་ནག་སྤོས་ལྡན་ཡུལ་དང་ཉེ་འཁོར་གྱི་གནས་བྱིན་རླབས་ཅན་དང་གདན་ས་བྱིན་རླབས་ཅན་སོགས་ལ་མཇལ་ཞོར་དཔེ་ཀློག་གི་མཚམས་དེ་སྐྱུར་རྒྱུའི་གཡེང་བ་དེ་རྒྱབ་ཏུ་བཞག་ནས་མཛོད་དགེ་ནས་སྤོས་ལྡན་ལ་དུས་ཚོད་བརྒྱད་དགུ་ལྷག་འགོར་བའི་ལམ་ཐག་རིང་མོ་དེ་ཡང་གཏམ་དང་སྙན་མོ་གླུ་གང་གིས་ཀྱང་མ་སྐྱེལ་བར་སྐུའི་གསུང་བསྒྱུར་བ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་མཛད་པའི་༧རྗེ་བདག་ཉིད་ཆེན་མོའི་རྣམ་པར་ཐར་པ་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་ཞེས་པ་བོད་རང་ས་ནས་ཐོན་པའི་འཕྲུལ་དེབ་ཀློག་ཆས་ཡོན་ཏན་འཕྲུལ་དེབ་ཀློག་ཆས་སུ་བཅུག་ཡོད་པ་དེ་ཀློག་པ་ཡིན།དེ་བཞིན་སྤོས་ལྡན་ནས་བྱམས་པ་ཆུ་གཟིགས་མའི་བར་གྱི་ལམ་ཐག་དང་།བྱམས་པ་ཆུ་གཟིགས་མ་ནས་འཕགས་པ་ཀུན་ཏུ་བཟང་པོའི་གདན་ས་གླིང་ཆེན་འགྱིང་རིའི་བར་གྱི་ལམ་ཐག་དག་དཔེ་ཀློག་ལ་བཅོལ་བས་ཁོ་བོ་མཇལ་སྐོར་དཔེ་ཀློག་པ་ཤོག་ཏུ་ཆགས་སོང་སྙམ་པའི་འཁྲུལ་སྣང་རེ་བྱུང་མྱོང་།ཡོན་ཏན་འཕྲུལ་དེབ་ཀློག་ཆས་ནི་མིག་ལ་མི་གནོད་པ་དང་འཁྱེར་ན་སྟབས་བདེ་བ་མ་ཟད་གནད་ཚིག་གལ་ཆེན་རང་བཞིན་ཅན་མང་པོར་ཐད་ཀར་རྟགས་རྒྱབ་ཐུབ་ཀྱི་ཡོད་ལ།ཡི་གེའི་འོག་ཏུ་ཞབས་མཆན་ཅིང་འགོད་ཐུབ་པའི་ནུས་མང་རང་བཞིན་ཅན་ཞིག་ཡིན།ཁོ་བོས་ལག་སོན་ཡོང་དཀའ་བའི་རིགས་ཀྱི་འཕྲུལ་དེབ་རིགས་རྒྱུན་པར་ཡོན་ཏན་འཕྲུལ་དེབ་ཀློག་ཆས་འདི་བཀོལ་ནས་སྤྱོད་ཀྱི་ཡོད་པས་ཁོ་བོས་དཔེ་ཀློག་གི་ཕྱོགས་ལ་སྔ་ན་མེད་པའི་སྟབས་བདེ་དང་དགོས་མཁོ་ལྷག་མ་བསྐོང་ཐུབ་ཀྱི་ཡོད།

༢ཐོས་པ་དང་གླེང་བརྗོད།

སྐུའི་གསུང་བསྒྱུར་བ་དགེ་བཤེས་ལྷག་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་རྣམ་ཐར་མཛད་པའི་དམིགས་ཡུལ་གཉིས་ལས་གཅིག་ནི་༢༠༡༩ལོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ།གངས་ཅན་གྱི་མཁས་པའི་གཙུག་རྒྱན་༧རྗེ་ཙོང་ཁ་པའམ་རྗེ་བློ་བཟང་གྲགས་པ་ཁོང་མྱ་ངན་ལས་འདས་ནས་ལོ་ཧྲིལ་བོ་དྲུག་བརྒྱ་ལོན་པའི་དུས་ཚིགས་དམིགས་བསལ་བ་དང་གལ་འགངས་ཅན་ལ་དམིགས་ནས་སྐུའི་གསུང་བསྒྱུར་བ་ཁོང་གིས་༧རྗེ་རིན་པོ་ཆེའི་རྣམ་པར་ཐར་པ་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་དེང་རབས་ཀྱི་ལོ་རྒྱུས་འབྲི་སྲོལ་ལྟར་ཨིན་ཡིག་ཐོག་ཆེད་དུ་བརྩམས་བྲིས་གནང་པ་རེད།ཡང་དམིགས་ཡུལ་གཅིག་ནི།བོད་ཀྱི་མཁས་གྲུབ་འགྲན་པའི་ཟླ་དང་བྲལ་བ་འདི་ཉིད་རྒྱལ་སྤྱིའི་ཤེས་ཡོན་ཅན་རྣམས་ལ་ངོ་སྤྲོད་ཐུབ་པ་དང་།འཛམ་གླིང་ཤར་ནུབ་གང་དུ་གནས་ཡོད་ནའང་།བོད་ཡིག་ཀློག་ཤེས་མིན་ལ་མ་ལྟོས་པར་དོ་སྣང་དང་རྣམ་དཔྱོད་ལྡན་པ་ཞིག་ཡིན་ཕྱིན།བོད་ཀྱི་མཁས་གྲུབ་ཆེན་པོ་དེའི་སྐུ་ཚེ་དང་བཞེད་པ།མཛད་རྗེས་རྣམས་སྟབས་བདེའི་ངང་ནས་ཤེས་རྟོགས་ཀྱིས་ཡིད་སྨོན་དང་ངོ་མཚར་གྱི་མྱོང་ཚོར་སྐྱེ་ཐུབ་པ་འོང་པ་དང་།དེང་རབས་ཀློག་པ་པོ་སྤྱི་དང་ཁྱད་པར་དུ་ཨིན་ཡིག་ལེགས་པོ་ཤེས་པའི་རང་རིགས་གཞོན་སྐྱེས་རྣམས་ནས།༧རྗེ་ཙོང་ཁ་ཆེན་པོའི་རྣམ་ཐར་གྱི་ལམ་ནས་བོད་ཀྱི་ཆེས་མཐོའི་རིག་གནས་དང་འབྲེལ་བའི་ལོ་རྒྱུས་གལ་ཆེན་ཁག་དང་།མདོ་སྔགས་ཟུང་འབྲེལ་གྱི་བོད་བརྒྱུད་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་ལ་ཡང་ངོ་སྤྲོད་ཁ་གསལ་མདོ་ཙམ་ཞིག་འོང་ཐུབ་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་ཁོང་གི་སྔོན་འགྲོའི་གླེང་བརྗོད་དུ་བཀོད་ཡོད།

ཡང་ཁོང་གིས་ཐོོག་མའི་ཨིན་ཡིག་གི་ཐོག་ཏུ་བྲིས་པའི་དགོངས་པའི་བཞེད་ཕྱོགས་དེང་རབས་ཀྱི་ཀློག་པ་པོ་ཆོས་དད་དང་ནང་པ་དད་ཞེན་ཁོ་ན་ཅན་གྱི་བློ་ཁ་ལ་དམིགས་པ་གཞིར་བཞག་པ་བྱས་པ་མ་ཡིན་པར་གཙོ་བོ་ཚན་རིག་དང་དེང་རབས་ལྟ་གྲུབ།སྤྱི་ཚོགས་རིག་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྣོད་བཅུད་ཀྱི་འཇིག་རྟེན་རྣམ་བཞག་ལ་ལྟ་ཕྱོགས་ཅན་རྣམས་ཀྱི་ཆེད་དུ་བྲིས་པར་བརྟེན།ཁོང་གིས་ཨིན་ཡིག་གི་འགྱུར་དེ་ཐད་ཀར་བོད་འགྱུར་བྱས་ན།སྐབས་འགར་ཚིག་སྦྱོར་དང་གཏམ་བརྗོད་བྱེད་སྟངས་སོགས།རང་ཅག་ཆོས་དད་ཅན་གྱི་བོད་པའི་རྣ་བར་ཅུང་མི་བདེ་བ་འོང་སྲིད་པ་དང་།དེ་བཞིན་ཁོང་གིས་ཨིན་ཡིག་སོགས་ནུབ་ཕྱོགས་པའི་སྐད་ཡིག་ནང་དེང་རབས་ཀྱི་ལོ་རྒྱུས་འབྲི་སྲོལ་ལ།སྐབས་ཐོབ་ཀྱི་གནས་དོན་དང་འབྲེལ་བ་ཡོད་མོད།ཐད་ཀ་ཐད་ཀའི་ལོ་རྒྱུས་དངོས་ཀྱི་ཁོངས་སུ་མ་གཏོགས་པའི་རིགས་ཡིན་ན།ཁོང་གིས་འོག་གི་མཆན་དུ་བཅུག་པ་ལས་གཞུང་དངོས་གཞིའི་བཤད་པའི་ནང་ཞོར་འཕྲོས་ཀྱི་ཚུལ་དུ་འགོད་པ་མི་ལེགས་པར་བརྩི་བ་སོགས་ཀྱིས།མདོར་དྲིལ་ན་རྩོམ་འབྲིའི་འགྲོ་སྟངས་དང་གོམས་གཤིས་ལ།བོད་རང་གི་རྩོམ་འབྲི་བྱེད་སྟངས་དང་ཁྱད་པར་ཆེ་ཙམ་ཡོད་སྟབས་ཀྱིས།ཨིན་ཡིག་གི་རྣམ་ཐར་དེ་ཁོང་གིས་ཐད་བསྒྱུར་བྱ་རྒྱུ་ཐུགས་དགོངས་ལ་འཚམས་པོ་བྱུང་མེད།སྐུའི་གསུང་བསྒྱུར་པ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་ཨིན་ཡིག་གི་རྣམ་ཐར་རྩོམ་པའི་ཀུན་སློང་རྣམ་པར་དག་པའི་གཡོ་བ་སྔོན་དུ་བཏང་བ་ལ་“གླིང་སྐོར་དང་།བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་སྟེང་ནས་དམིགས་བརྩེ་མ་ཕྲེང་སྐོར་གཅིག་ཙམ་བསགས་ནའང་།ཁོང་གིས་རྩོམ་འབྲིིའི་ལས་ལ་དངོས་ཞུགས་བྱེད་སྐབས་ཀྱང་དཔའ་ཞུམ་པའི་སྣང་བའམ་ཐེ་ཚོམ་གྱི་སྣང་བ་སྐྱེས་ཡོད་པ་འདི་ལྟ་སྟེ།རྣམ་ཐར་གྱི་བརྗོད་བྱ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནི།གཅིག་ནས་བོད་གངས་ཅན་གྱི་མཁས་གྲུབ་རྩེ་ཕུད་ཅིག་ཡིན་པ་དང་།གཉིས་ནས་ཡོངས་གྲགས་ལ་༧རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཁ་བའི་ལྗོངས་སུ་བསམ་བཞིན་དུ་སྲིད་པ་བཟུང་བ་ཚད་ལྡན་གྱི་ལུང་ལས་ཐོན་པ་དང་།ཁྱད་པར་རང་ཉིད་ལྟ་བུ་དགེ་ལྡན་པ།ཉིན་རེ་བཞིན་དགའ་ལྡན་ལྷ་བརྒྱ་མའི་བླ་མའི་རྣལ་འབྱོར་གྱི་སྟེང་ནས་གསོལ་འདེབས་དམིགས་བརྩེ་མ་འདོན་ཏེ་༧རྗེ་ཙོང་ཁ་པ་ཆེན་པོ་འཇམ་པའི་དབྱངས་ཙམ་དུ་མ་ཟད།རིགས་གསུམ་མགོན་པོ་དང་དབྱེར་མེད་དུ་གསོལ་བ་འདེབས་པ་སོགས་བྱེད་མཁན་ཞིག་གིས་རྗེ་བླ་མའི་རྣམ་ཐར་དེང་རབས་ཀྱི་སྲོལ་དུ།མི་ཕལ་པའམ་བྱེ་བྲག་པ་ཞིག་གི་མི་ཚེའི་ལོ་རྒྱུས་བརྗོད་པའི་ཚུལ་ལྟར་ཏུ་འབྲི་བ་དེ་ཨེ་འགྲིགས་སྙམ་པ་བྱུང་།དེའི་དགོང་མོར་འཇམ་མགོན་བླ་མ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་སྟེ་ཉལ།སང་ཞོགས་ལངས་པའི་སྐབས་ཡིད་བདེ་ཉམས་ཀྱིས་གང་བ་ལྟ་བུས་དམིགས་བསལ་ཚོར་བ་མི་འདྲ་བ་བྱུང་བར་མ་ཟད།དེ་ནུབ་ཀྱི་རྨི་ལམ་དུའང་བོད་ཀྱི་དགའ་ལྡན་མཇལ་བའི་སྣང་བ་ཤར་བ་ལྟ་བུ་དང་སྒེའུ་ཁུང་ཕར་ངོས་ཀྱི་རི་གཉིས་ཀྱི་མཚམས་སུ་འཇའ་ཚོན་ཤར་བ་སོགས་ནི་བཀྲ་ཤིས་ལྟས་བཟང་བླ་ན་མེད་པ་དང་།ལྷག་པར་ཁོང་གིས་རྣམ་ཐར་འདི་བྲི་བར་བླ་མ་དང་ཡིད་དམ་དབྱེར་མེད་པས་གསུང་གི་གནང་པ་ཐོབ་པ་ཤ་སྟག་ཏུ་ངེས།

སྐུའི་གསུང་བསྒྱུར་པ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་རྗེ་བདག་ཉིད་ཆེན་མོའི་རྣམ་པར་ཐར་པ་གྲུབ་མཐའ་རིས་མེད་ཀྱི་མཛད་པ་བཅས་ཁག་བཞི་བཅུ་བརྒལ་བ་ལ་དངོས་མཇལ་གྱིས་ཨིན་ཡིག་རྣམ་ཐར་དེ་བརྩམས་པར་གནང་བ་དང་།བོད་ཡིག་གི་ནང་༧རྗེ་ཙོང་ཁ་པ་ཆེན་མོའི་རྣམ་ཐར་གྱི་ཕོངས་པ་མེད་པར་བརྟེན་བོད་ཡིག་ནང་འབྲི་བའི་འབྲི་བའི་འདུན་པ་མེད་ནའང་།ཕྱིས་ཁོང་གི་དགེ་བཤེས་ཆོས་གྲོགས་ཁག་གཅིག་གི་གཙོས་མང་པོས་བསྐུལ་མ་འབྱོར་སྟབས།ཁོང་གིས་སླར་ཡང་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་པ་རེད།དེ་ལྟར་ཁོང་གིས་བོད་ཡིག་གི་ཀློག་པ་པོ་རྣམས་ལ་རྗེ་ཙོང་པ་ཆེན་མོའི་རྣམ་ཐར་གྱི་བློ་བསྐྱེད་གསར་པ་རེ་གཉིས་འཐོབ་སྲིད་པ་དང་།བོད་རིགས་གཞོན་སྐྱེས་རྣམས་ནས་ཀྱང་བོད་ཡིག་རང་གི་ཐོག་ནས་འཇམ་མགོན་བླ་མའི་མཛད་པ་རྣམ་ཐར་དང་།ལྟ་གྲུབ།སྒོམ་གྱི་ཉམས་བཞེས།རྟོགས་པའི་གོ་འཕང་ཇི་ལྟར་བརྙེས་པའི་ཚུལ་སོགས་ཀྱི་སྐོར་ལ།ཁོང་གིས་བོད་ཡིག་འབྲི་རྩོམ་གོ་བདེ་ལྷུག་པོ་ཞིག་གི་སྟེང་ནས་ཉམས་སུ་མྱོང་རྒྱུའི་གོ་སྐབས་འོང་སྲིད་པ།ཁྱད་པར་དུ་འདིས་དཔེ་མཚོན་བྱས་ཏེ་མ་འོངས་པར་བོད་ཀྱི་མཁས་པ་ཤིན་ཏུ་གྲགས་ཅན་ཁག་དང་།རྒྱལ་རབས་ལོ་རྒྱུས་ཀྱི་སྟེང་ནས་གལ་འགངས་ཅན་གྱི་མི་སྣ་དག་གི་མཛད་རྣམ་ཡང་དེང་རབས་ཀྱི་ལོ་རྒྱུས་འབྲི་བའི་སྲོལ་དུ་ལྷུག་པོར་འབྲི་རྩོམ་བགྱི་བའང་འོང་སྲིད་སྙམ་པ་སོགས་ཀྱིས་དགེ་མཚན་ཆེ་བར་མཐོང་ནས་བོད་ཡིག་ནང་དུ་འབྲི་བའི་སྐུལ་མ་དང་བླངས་བགྱིས་པར་སྣང་བ་ཁོང་གི་གླེང་བརྗོད་དུ་གསལ།

༣རྣམ་ཐར་གྱི་ཆེ་བ་དང་ཐོས་པའི་ཡོན་ཏན།

སྐུའི་གསུང་བསྒྱུར་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་གིས་བོད་ཡིག་གི་ནང་དུ་བྲིས་པའི་༧རྗེ་བདག་ཉིད་ཆེན་མོའི་རྣམ་པར་ཐར་པ་⟪གངས་ཅན་ལྗོངས་སུ་སངས་རྒྱས་་བྱོན་པ⟫་ཞེས་པའི་རྩོམ་ལུས་ཀྱི་ཆ་ནི་དེང་རབས་རྩོམ་ལུས་ཀྱི་རང་བཞིན་དང་།གོ་བདེ་བ།གོ་དཀའ་བའི་ཐ་སྙད་ཀྱི་སྟོང་པ།ལོ་ཚིགས་ཀྱི་དབྱེ་བ་གསལ་བ།དུས་རབས་ཀྱི་དབྱེ་མཚམས་གསལ་བ།རྣམ་ཐར་གྱི་ནང་ཐོན་པའི་དགོན་པ་དང་མཁས་པ་གྲགས་ཅན་གང་ཡོད་དག་གི་ལོ་རྒྱུས་གསལ་བ།དགོན་སྡེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཞིག་ལ་རྒྱུ་ཆ་སྣ་ཚོགས་དང་གོ་ཤེས་གཉིས་ཀྱི་ལེགས་པའི་སྐྱེས་ཕུན་སུམ་ཚོགས་པ་འཕུལ་ཡོད།ལྷག་པར་སྐུའི་གསུང་བསྒྱུར་པ་ཁོང་གིས་༧རྗེ་བདག་ཉིད་ཆེན་མོའི་རྣམ་ཐར་སྐོར་ནས་ཁོང་གིས་རྗེ་རིན་པོའི་གསུང་རབ་སྤྱི་དང་ཁྱད་པར་དུ་རྗེ་ཁོང་གི་རྣམ་ཐར་མ་འདྲ་བ་བཞི་བཅུ་བརྒལ་བར་ཞིབ་གཟིགས་དང་།གསུང་ཐོར་བུར་བཞུགས་པའི་འཕྲིན་ཡིག་མཐའ་དག་ལ་ཞིབ་མོ་དང་ནན་ཏུར་གྱི་ལམ་ནས་མཇལ་ཏེ་འཕྲིན་ཡིག་གནང་སའི་མི་སྣ་རྣམས་རྩད་ཞིབ་ཀྱིས་ངོས་འཛིན་གསལ་བོར་བྱས་ཡོད།ཁོང་གིས་རྗེ་བླ་མ་དང་རྗེ་རེད་མདའ་པ་རྣམ་གཉིས་ཀྱི་བླ་སློབ་ཀྱི་འབྲེལ་བའི་སྐོར་དེ་ཤིན་ཏུ་གལ་ཆེན་ཏུ་གཟིགས་ནས་དོན་གནས་དེའི་ཐོག་བླ་སློབ་གཉིས་ཀའི་རྣམ་ཐར་དང་ཕན་ཚུན་དུ་གནང་བའི་སྦྲིངས་ཡིག་སོགས་ལ་ཞིབ་ཏུ་དཔྱད་པ་མཐིལ་ཕྱིན་པ་དང་།དེ་བཞིན་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་⟪བཀའ་བརྒྱུད་ཆོས་འབྱུང་།⟫⟪ལྷོ་རོང་ཆོས་འབྱུང་།⟫ཀམ་ཚང་བླ་མ་བརྒྱུད་པའི་རྣམ་ཐར་བཅས་ལ་ཞིབ་འཇུག་བགྱིས་ཡོད་པ་དང་།དེ་བཞིན་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་རྣམ་ཐར་དང་།༧རྗེའི་དངོས་སློབ་སྲས་ཀྱི་ཐུ་བོ་རྣམ་གཉིས་གཉིས།འཇམ་དབྱངས་ཆོས་རྗེ།བྱམས་ཆེན་ཆོས་རྗེ།རྗེ་དགེ་འདུན་གྲུབ་པ།ཡིད་བཟང་རྩེ་པ་སྟེ་འགོས་གཞོན་ནུ་དཔལ།པན་ཆེན་བྱམས་པ་གླིང་པ་སོགས་ཀྱི་རྣམ་ཐར་ཁུངས་སུ་བཅོལ་ནས་རྗེ་བདག་ཉིད་ཆེན་མོས་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་ཚུལ།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་ཚུལ།མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པའི་ཚུལ་དང་སྣང་སྟོང་དབུ་མའི་ལྟ་བ་བརྙེས་པའི་ཚུལ་སོགས་ལྟ་སྒོམ་སྤྱོད་གསུམ།བློ་སྦྱོང་ཉམས་ལེན་སོགས་དུས་ཀྱི་རིམ་པའི་ཆ་ནས་གསལ་བོར་འཁོད་ཡོད་ལ།ད་དུང་རྗེ་རིན་པོ་ཆེ་ཡིས་ལྟ་བའི་ལེགས་བཤད་ཆེན་མོ་ལྔར་གྲགས་པའི་གཞུང་གི་དགོངས་དོན་མདོར་བསྡུས་རེ་ཁོང་གིས་བཀྲལ་ཡོད།དེ་ལྟར་བཀྲལ་བ་ལ་བལྟས་ན་ལན་རེར་འདི་ནི་རྣམ་ཐར་ཙམ་མ་ཡིན་པར་རྗེ་རིན་པོ་ཆེའི་གསུང་རྩོམ་གྲགས་ཅན་ཁག་གི་འགྲེལ་བ་མདོར་བསྡུས་རེ་ཡིན་པའི་སྣང་བ་སྐྱེས།སྐུའི་གསུང་བསྒྱུར་པ་ཁོང་གིས་རྗེ་རིན་པོ་ཆེས་མཛད་པའི་མདོ་སྔགས་གཉིས་ཀྱིས་གནད་ཐམས་ཅད་གཅིག་ཏུ་བསྡུས་པ་⟪བྱང་ཆུབ་ལམ་རིམ་ཆེན་མོ⟫་དང་⟪སྔགས་རིམ་ཆེན་མོ⟫་གཉིས་ཀྱི་གཞུང་གི་སྤྱི་བཤད་དང་།དེ་བཞིན་⟪དབུ་མ་རྩ་ཤེས།⟫⟪དྲང་ངེས་ལེགས་བཤད་སྙིང་པོ⟫་⟪ལེགས་བཤད་གསེར་འཕྲེང་⟫སོགས་ཀྱི་གཞུང་གི་སྤྱི་བཤད་གོ་བདེའི་ལམ་དུ་གནང་ཡོད་ལ།གཞུང་དེ་དག་གི་སྤྱི་བཤད་དེ་ཡང་སྐུའི་གསུང་བསྒྱུར་ཁོང་གིས་བཀའ་དང་བསྟན་བཅོས་གང་ན་བཞུགས་པ་དངོས་སུ་བཙལ་བའི་ཐོག་ནས་འགྲེལ་བཤད་རྒྱས་བསྡུས་འཚམས་པ་རེ་གནང་ཡོད།ད་དུང་བོད་བཙན་པོའི་སྐབས་ཀྱི་བསྟན་པ་སྔ་དར་གྱི་སྐབས་དང་།ཕྱི་དར་གྱི་སྐབས།སིལ་བུའི་སྐབས་སོགས་ཀྱི་བོད་ཀྱི་སངས་རྒྱས་བསྟན་པ་འདི་ཉིད་ཀྱི་འཕེལ་འགྲིབ་དང་ཇི་ལྟར་དར་བའི་ཚུལ།ཇི་ལྟར་འཕེལ་བའི་ཚུལ་སོགས་ཧ་ཅང་གསལ་བོར་བྲིས་པར་བལྟས་ན་ལན་རེར་འདི་ནི་ཆོས་འབྱུང་ལོ་རྒྱུས་ཤིག་ཡིན་སྙམ་པའི་སྣང་བ་ཁོ་བོར་བྱུང་མྱོང་།

སྐུའི་གསུང་བསྒྱུར་བ་དགེ་བཤེས་ལྷ་རམས་པ་ཁོང་གིས་མཛད་པའི་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་ཞེས་པ་འདིས་ཁྱད་ཆོས་གཙོ་བོ་ནི་༧རྗེ་བདག་ཉིད་ཆེན་མོའི་མཛད་པ་ཆེ་ཁག་དང་།གཞུང་གྲགས་ཆེན་རྣམས་བརྩམས་པའི་དུས་རིམ་སོགས་ཀྱི་སྤྱི་སྒྲོམ་ནི།རྗེ་བླ་མའི་རྣམ་ཐར་ཆ་ཚང་ལས་སྔ་ཤོས་སུ་གྱུར་ཅིང་རྗེའི་རྣམ་ཐར་ཆེན་མོར་གྲགས་པ་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་⟪རྣམ་ཐར་དད་པའི་འཇུག་ངོགས་⟫རྩ་བར་བཟུང་ལ།རྣམ་ཐར་དེར་མ་གསལ་བའམ་གསལ་ཡང་ཅུང་དོགས་གཞི་ཅན་གྱི་དུས་རིམ་རྣམས་ནི།རྗེ་བླ་མ་ཉིད་ཀྱིས་རང་གཞུང་དུ་ཞལ་འཕངས་ཐོན་པ་དང་།ཕྱིས་ཀྱི་ཡིག་ཆ་གཞན་གུང་བསྒྲིགས་ཏེ་བསྡུར་ཞིབ་ཀྱིས་ཡིད་ཆེས་འཕེར་བར་གཏན་འབེབས་བྱས་ཡོད་ཅེས་གསུང་བསྒྱུར་པ་ཁོང་ཧིས་བསྙད།ཡང་རྣམ་ཐར་འདིའི་ཁྱད་ཆོས་གཞན་ཞིག་ནི་༧རྗེ་བླ་མའི་ལུང་བསྟན་གྱི་སྐོར་དེ་ཡིན་ལ།སྲོལ་རྒྱུན་རྣམ་ཐར་ཕལ་ཆེ་བའི་ནང་དུ་ནི།ལུང་བསྟན་གལ་ཆེན་པོ་དག་རྣམ་ཐར་གྱི་དབུར་བཀོད་དེ།༧འཇམ་མགོན་བླ་མ་ཉིད་དང་ཐོག་ནས་བསམ་བཞིན་དུ་སྲིད་པ་བཟུང་བའི་སྐྱེས་ཆེན་དུ་གྲུབ་པ་གཞིར་བྱས་ཤིང་།དེ་ནས་སྐུ་བལྟམས་པ་གསན་བསམ་སྒོམ་སྒྲུབ་ཀྱི་མཛད་པ་རྣམས་གདུལ་བྱའི་རྒྱུད་སྐུལ་བའི་མཛད་པ་སྟོན་པའི་ཚུལ་དུ་གསུང་སྲོལ་གཙོ་བོར་གནས།འདིར་ནི་དང་ཐོག་སྐུ་བལྟམས་པ་དང་གསན་བསམ་སྒོམ་གསུམ་གྱི་ལམ་ནས་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣམ་ཐར་གསལ་བྱེད་གཙོ་བོར་བྱས་ལ།ལུང་བསྟན་གྱི་རིགས་དེ་༧རྗེ་བདག་ཉིད་ཆེན་མོ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་རྗེས་ཀྱི་ལེའུར་བཀོད་ཡོད།

སྐུའི་གསུང་བསྒྱུར་བ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་མཛད་པའི་རྣམ་ཐར་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་ཞེས་པའི་ཁྱད་ཆོས་གཞན་ནི་རྣམ་ཐར་ལ་ལོ་རྒྱུས་ཀྱི་རང་བཞིན་དང་།ཆོས་འབྱུང་གི་རང་བཞིན།གཞུང་གི་སྤྱི་བཤད་རང་བཞིན།བློ་སྦྱོང་གི་རང་བཞིན།ཉམས་ལེན་གྱི་རང་བཞིན།བསླབ་བྱའི་རང་བཞིན་སོགས་ཀུན་འདུས་ཀྱི་ངོ་བོར་གྲུབ་པའི་རྣམ་ཐར་ཤིག་ཏུ་ངེས་ལ།ལྷག་པར་༧རྗེ་བདག་ཉིད་ཆེན་མོའི་གསང་བ་གསུམ་གྱི་རྣམ་ཐར་བསམ་མི་ཁྱབ་པ་དེ་དང་ལྟ་སྒོམ་སྤྱོད་གསུམ།ད་དུང་གསུང་རྩོམ་གི་འཕྲིན་ལས་ཇི་ལྟར་བོད་མདོ་དབུས་མཐོ་སྒང་ནས་སོག་པོ་དང་།རྒྱ་དཀར་ནག་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་ཇི་ལྟར་རྒྱས་པ་དང་འཕེལ་བའི་ཚུལ་སོགས་ཞིབ་མོར་རྣམ་པར་འཐག་པར་བྱས་ཡོད།ཀློག་པ་པོ་ཤིག་ལ་བསམ་བློ་གསར་པ་དང་བློ་བསྐྱེད་གསར་པ་སྟེར་བར་ནུས་པ་ནི་རྣམ་ཐར་འདིའི་རང་སྟེང་དུ་གྲུབ་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་སྣང་།དེ་ལས་གཞན་ཁོ་བོས་བློའི་ཡིད་དུ་ཤོང་དཀའ་བའི་ཐུན་མིན་གྱི་ཁྱད་ཆོས་མང་པོ་མཆིས་ནའང་ཡིག་ཚོགས་ལ་འཇིགས་པ་དང་རྣམ་ཐར་གྱི་བརྗོད་དོན་དང་རིང་དུ་གྱེས་པ་ལ་འཇིགས་ནས་རེ་ཤིག་མཇུག་བསྡུ་བའི་སྟ་གོན་བྱས་པ་ཡིན།ཕྲན་གྱིས་དཔེ་ཀློག་གི་བརྗེད་བྱང་འདི་འདྲ་འབྲི་བའི་སྦྱོར་བའི་ཀུན་སློང་ནི།རྣམ་ཐར་འདི་ཀློག་པར་བསྐུལ་བའི་ཕྱིར་དུ་དང་རང་ཉིད་ཀྱིས་ཀྱང་གྲུབ་པ་དང་རྟོགས་པའི་གོ་འཕང་བརྙེས་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ས་གསུམ་ན་ཟླ་དང་བྲལ་བའི་མཁས་པའི་གཙུག་རྒྱན་ཡབ་༧རྗེ་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ལ་ཟུར་ཙམ་མཇལ་བས་ཀྱང་རང་དང་འབྲེལ་ཐོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལྟ་སྤྱོད་གཉིས་རྒྱུད་ལ་སྣ་གཅིག་རེ་སྐྱེས་པའི་བསྔོ་སྨོན་ཡང་དག་པའི་གསོས་བཏབ་ནས་མཇུག་བསྡུས་པའོ།།

ཇི་སྐད་དུ།

འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས།།

བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་མ་དང་།།

སེམས་ཅན་ཞེས་པའི་བླ་མ་སློབ་དཔོན་དང་།།

དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་དང་།།

རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་།།

བཞོ་ཁལ་སྲོག་གཅོད་འོ་ཞོ་འཐུང་པ་དང་།།

ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ།།

མྱུར་ཏུ་སངས་རྒྱས་འཐོབ་པར་ཤོག།།

2023.3.26ཉིན་སྤོས་ལྡན་ནས་བྲིས་ཤིང་མཛོད་དགེ་གླིང་དཀར་སྟོད་ནས་ཅུང་ཟད་བཅོས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3351