ནང་པའི་གྲུབ་མཐའ་འདྲ་མིན་སོ་སོར་གྱེས་པའི་ཐོག་མ་ནི་སྡེ་པའི་དུས་རབས་ནས་བྱུང་བ་ཡིན་ཞིང་། ནང་བསྟན་གྱི་སྡེ་པའི་གྱེས་ཚུལ་གྱི་ཐད་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ལ། དེ་ཐམས་ཅད་ལ་རྒྱ་གཞུང་གི་བཤད་སྲོལ་མི་འདྲ་བ་རེ་རྒྱབ་རྟེན་དུ་ཡོད་པའང་སྨོས་མི་དགོས་པ་ཞིག་རེད། གང་ལྟར་ནང་པ་སངས་རྒྱས་པའི་ཐོག་མའི་གནས་སྐབས་ཀྱི་གྲུབ་མཐའི་གྱེས་པ་ནི་སྡེ་པའི་དུས་རབས་ནས་བྱུང་བ་ཡིན་པས། ནང་པ་སངས་རྒྱས་པའི་གྲུབ་མཐའི་རྣམ་བཞག་ལ་རྒྱུས་ལོན་ཡང་དག་པ་ཞིག་ཡོད་དགོས་ཚེ་སྡེ་པའི་སྐོར་གྱི་གཞུང་འདི་དག་ཀྱང་ཧ་ཅང་གལ་ཆེ། སྤྱིར་སློབ་དཔོན་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པ་ངེས་པའི་བསྟན་བཅོས་སོགས་ལས་སྡེ་པའི་སྐོར་གསུངས་ཡོད་པ་དང་། གཞན་ཡང་མཻ་ཏྲི་པས་མཛད་པའི་མི་ཟད་པའི་གཏེར་མཛོད་ཀྱི་གླུའི་འགྲེལ་པ་སོགས་མདོ་རྒྱུད་ཀྱི་གཞུང་འགྲེལ་དུ་མ་ལས་སྡེ་པ་གྱེས་ཚུལ་གྱི་སྐོར་རྒྱ་ཆེར་འབྱུང་མོད། དེ་དག་ནི་སྡེ་པའི་སྐོར་བཤད་པའི་རང་རྐང་གི་བསྟན་བཅོས་མ་ཡིན་པས་སྐབས་འདིར་མ་བཀོད་པ་ཡིན་ལ།  བསྟན་འགྱུར་དུ་བཞུགས་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་དང་དུལ་བ་ལྷའི་སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ་དང་སློབ་དཔོན་བྷ་བྱའི་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཅས་གཞུང་གསུམ་པོ་འདི་ནི་ཆེད་དུ་སྡེ་པའི་གྲུབ་མཐའི་སྐོར་བཤད་པའི་རང་རྐང་གི་བསྟན་བཅོས་ཡིན་འདུག་པས་འདི་དག་ལ་ཞིབ་མཇལ་ཅུང་ཙམ་བྱས་པ་ཡིན། དེ་ཡང་རང་རེའི་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་གཞུང་རྣམས་ལས་སྡེ་པ་གྱེས་ཚུལ་འདིའི་སྐོར་ལ་སྔ་ཤོས་དང་གསལ་ཤོས་ཤིག་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་ཡིན་པར་སྣང་ལ། གཞུང་དེའི་ནང་དུ་སྡེ་པ་བཅོ་བརྒྱད་གྱེས་ཚུལ་ལ་བཞེད་ཚུལ་མི་འདྲ་བ་གསུམ་ཙམ་བཀོད་ཡོད། དེ་ལ་ལུགས་དང་པོ་ནི། སྟོན་པ་མྱ་ངན་ལས་འདས་ན་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན་རྩ་བའི་སྡེ་པ་ལ་དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་གྱེས་ཤིང་། ཕལ་ཆེན་པ་ལ་ནང་གསེས་བརྒྱད་དང་། གནས་བརྟན་པ་ལ་ནང་གསེས་བཅུར་གྱེས་པའི་ཚུལ་བཅས་གསུངས་ཡོད། ལུགས་གཉིས་པ་ནི། རྩ་བའི་སྡེ་པ་ལ་གནས་བརྟན་པ་དང་། ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བ་བཅས་གསུམ་དུ་བྱས་ཏེ། གནས་བརྟན་པ་ལས་ཐམས་ཅད་ཡོད་སྨྲ་དང་། གནས་མ་བུ་པ་གཉིས་གྱེས་ཤིང་། དེ་དག་སོ་སོ་ལས་ནང་གསེས་ཀྱི་དབྱེ་བ་གྱེས་ཚུལ་བཤད་སྲོལ་ཞིག་ཡིན། ལུགས་གསུམ་པ་ནི། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་ལོ་སུམ་བཅུ་རྩ་བདུན་ལོན་པ་ན་ལུགས་དང་པོ་ལྟར་རྩ་བའི་སྡེ་པ་ལ་དགེ་འདུན་ཕལ་ཆེན་པ་དང་། གནས་བརྟན་པ་གཉིས་སུ་འཇོག་མོད། དེ་གཉིས་ལས་ནང་གསེས་སྡེ་པ་གཞན་རྣམས་གྱེས་ཚུལ་མི་འདྲ་བའི་བཤད་སྲོལ་ཞིག་གོ། །རྟོག་གེ་འབར་བར་ལུགས་གསུམ་པ་དེ་སྟོན་པའི་སྐབས་སྡེ་པ་བཅོ་བརྒྱད་སོ་སོའི་རྩ་བའི་དམ་ཚིག་གམ་འདོད་ཚུལ་གང་ཡིན་ངོས་འཛིན་དང་བཅས་གསལ་བར་གསུངས་ཡོད། བཤད་སྲོལ་མི་འདྲ་བ་ཧ་ཅང་མང་མོད། མཁས་པ་ཚོས་ལུང་འདྲེན་བྱས་ཡོད་པ་ཙམ་ལས་གང་འགྲིག་དང་གང་ནོར་གྱི་དཔྱད་པ་མཐར་ཕྱིན་པ་ཞིག་སུས་ཀྱང་གནང་ཡོད་ཚོད་མི་འདུག་པས། ང་ཚོས་མུ་མཐུད་ནས་དཔྱད་ཞིབ་གནང་དགོས་པའི་ཚད་དུ་གནས་ཡོད།

གཞན་ཡང་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀླགས་པའི་འཁོར་ལོ་བོད་འགྱུར་ལས་གསལ་བ་ལྟར་ན་རྩ་བའི་སྡེ་པར་དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པ་གཉིས་བཅས་གསལ་ཞིང་། སློབ་དཔོན་དུལ་བ་ལྷའི་སྡེ་ཐ་དད་པ་བསྟན་པ་བསྡུས་པ་ལྟར་ན་རྩ་བའི་སྡེ་པ་བཞི་སྟེ། དགེ་འདུན་ཕལ་ཆེན་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གནས་བརྟན་པའི་སྡེ་པ། ཀུན་གྱིས་བཀུར་བའི་སྡེ་པ་བཅས་སོ། །འདི་དང་མཐུན་པར་ཇོ་བོ་རྗེས་མཛད་པའི་ཆོས་དབྱིངས་ལྟ་བའི་གླུ་ལས་གསལ། མ་ཟད་རྒྱལ་བ་མཻ་ཏྲི་པས་མཛད་པའི་མི་ཟད་པའི་གཏེར་མཛོད་ཀྱི་གླུའི་རྒྱ་ཆེར་བཤད་པ་ལས་ཀྱང་འདི་དང་མཐུན་པར་རྩ་བའི་སྡེ་པ་བཞིའི་ཚུལ་གསུངས་ཡོད། ཡིན་ནའང་དཔྱད་དགོས་པ་ཞིག་ལ་སློབ་དཔོན་དུལ་བ་ལྷའི་གཞུང་འདིའི་ཁུངས་ནི་སློབ་དཔོན་དབྱིག་བཤེས་ལ་གཏུགས་ཡོད་པས་དབྱིག་བཤེས་ཀྱིས་མཛད་པའི་གཞུང་དང་མི་མཐུན་པའི་གནད་དོན་འབྱུང་འདུག་པ་ལ་དཔྱད་འོས། སློབ་དཔོན་དུལ་བ་ལྷའི་གཞུང་འདིའི་ཁུངས་བཅོལ་ཡུལ་གྱི་བསྟན་བཅོས་ནི་སློབ་དཔོན་དབྱིག་བཤེས་ཀྱི་གཞུང་ཐ་དད་པ་རིམ་པར་བཀླགས་པའི་འཁོར་ལོ་ཡིན་པར་གསལ་ལ། ཡིན་ནའང་རང་རེའི་བསྟན་འགྱུར་ཁྲོད་ན་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་གཞུང་ཐ་དད་པ་རིམ་པར་བཀླགས་པའི་འཁོར་ལོ་ཞེས་པའི་མཚན་བྱང་ཅན་ཞིག་བཞུགས་མེད། འོན་ཏེ་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་ཞེས་པ་ཞིག་བཞུགས་འདུག་པ་འདི་ཡིན་ནམ་སྙམ་ཡང་དཔྱད་འོས། རྩ་བའི་སྡེ་པ་གྱེས་ཚུལ་གྱི་ཐད་ནས་སློབ་དཔོན་དབྱིག་བཤེས་ཀྱི་གཞུང་འདི་དང་དུལ་བ་ལྷའི་གཞུང་གཉིས་མི་མཐུན། མ་ཟད་བོད་འགྱུར་གྱི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོར་ལོ་བཞི་བརྒྱ་ལ་གནས་པའི་ཚེ་སྡེ་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས། དེ་དག་གི་སློབ་དཔོན་ཆོས་མཆོག་ཡིན་པར་སྟོན་པས་ལ་ལར་མདོ་སྡེ་སྨྲ་བའི་སྡེ་ཞེས་བྱ་བ་སྟེ། ཞེས་གསལ་ཞིང་། ལཱོ་ཆེན་ཧྱན་ཙང་གི་འགྱུར་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོར་མདོ་སྡེ་པའི་སློབ་དཔོན་ཀུན་དགའ་བོར་ཡིན་པར་གསལ་བས་དཔྱད་དགོས་པ་ཆགས་ཡོད། དཀར་ཆག་ལྡན་དཀར་མ་ལས། སྡེ་པ་བཅོ་བརྒྱད་ཀྱི་མིང་དང་རིམ་པ། སློབ་དཔོན་དུལ་བའི་ལྷས་མཛད་པ། ཤློ་ཀ་དྲུག་ཅུ་རྩ་ལྔ། ཞེས་གསལ་མོད། ད་ལྟའི་བསྟན་འགྱུར་ཁྲོད་དུ་འདི་དང་མཚན་བྱང་མཐུན་པའི་གཞུང་ཞིག་མཐོང་གནས་སུ་མ་གྱུར། བསྟན་འགྱུར་དཔེ་བསྡུར་མ་དང་སྡེ་དགེའི་བསྟན་འགྱུར་བཅས་སུ་འཁོད་པ་ལྟར་ན་གཞུང་ལུགས་ཐ་དད་པ་རིམ་པར་བཀླགས་པའི་འཁོར་ལོ་ལས་སྡེ་པ་ཐ་དད་པ་བསྟན་པ་བསྡུས་པ་ཞེས་པ་མཛད་མཁན་སློབ་དཔོན་དུལ་བ་ལྷ་ཡིན་པར་གསལ་བར་བསྟན་ཡོད་པ་དང་། པེ་ཅིན་བསྟན་འགྱུར་ལས་མཚན་བྱང་འདི་དང་མཐུན་པའི་བསྟན་བཅོས་ཤིག་བཀོད་པའི་མཇུག་བྱང་དུ་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པར་གསལ། མ་ཟད་དཀར་ཆག་ལྡན་དཀར་མ་ལས་ཀྱང་། གཞུང་ཐ་དད་པ་བཀླག་པའི་འཁོར་ལོ་ལས་སྡེ་པ་ཐ་དད་པ་བསྟན་པ། སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པ། ཤློ་ཀ་ལྔ་བཅུ། ཞེས་གསལ་ཡོད། འོན་ཀྱང་གཞུང་འདི་དང་གོང་གསལ་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་གཉིས་ཅུང་ཟད་མི་མཐུན་པས་དཔྱད་གཞིར་ལུས་ཡོད། དཀར་ཆག་འཕང་ཐང་མར། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ། སློབ་དཔོན་བྷ་སུ་བན་དྷུས་མཛད་པ། ཤུ་ལོག ཅེས་དང་། ཡང་དེ་ཉིད་ལས། གཞུང་ཐ་དད་པ་རིམ་པར་བཀླགས་པའི་འཁོར་ལོ་ལས་སྡེ་ཐ་དད་པར་བསྟན་པར་བསྡུས་པ་ཞེས་བྱ་བ། ཤུ་ལོག་ལྔ་བཅུ། སྡེ་པ་ཐ་དད་པར་རིམ་པར་བཀླག་པ་སློབ་དཔོན་བྷ་བྱས་མཛད་པ། ཤུ་ལོག་བདུན་ཅུ་རྩ། སྡེ་པ་བཅྭ་བརྒྱད་ཀྱི་མིང་དང་རིམ་པ་སློབ་དཔོན་ཏ་དེ་བས་མཛད་པ། ཤུ་ལོག་དྲུག་བཅུ་རྩ་ལྔ། ཞེས་གསལ།

གཞན་ཡང་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པའི་ཐེག་པ་ཐམས་ཅད་སྣང་བར་བྱེད་པ་བྱེ་བྲག་ཏུ་བཤད་པ་ལས་དགེ་འདུན་ཕལ་ཆེན་པ་དང་ཐམས་ཅད་ཡོད་སྨྲ་དང་གནས་བརྟན་པ་དང་ལེགས་དཔོན་པ་བཅས་ནི་རྩ་བའི་སྡེ་པ་ཡིན་པར་གསུངས། རྟོག་གེ་འབར་བ་ལས་གསལ་བ་ལྟར་ན་གནས་མ་བུ་པ་ནི་དབྱེ་གཞི་དང་མང་བཀུར་བ་སོགས་དབྱེ་བར་བཤད་ན་ཡང་གཞུང་གཞན་དུ་མང་བཀུར་བ་དབྱེ་གཞི་ཡིན་པ་ལྟར་བཤད་པའང་མཐོང་སྟེ། སྡེ་པ་ཐ་དད་དུ་བཀླགས་པའི་འཁོར་ལོ་སོགས་ལས། ས་སྒྲོགས་རིས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཞེས་སོགས་གསུངས་སོ། །དེ་ལྟར་བཤད་ཚུལ་མི་འདྲ་བ་དུ་མ་བཞུགས་ཀྱང་སྔ་མ་ཉིད་ལེགས་པར་སྣང་སྟེ། སྟོབས་བཅུ་དཔལ་བཤེས་གཉེན་གྱི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པའི་བསྟན་བཅོས་ལས་གསལ་བ་ལྟར་ན་མང་བཀུར་ལས་ཀྱང་གནས་མ་བུ་པ་སྔ་བ་ལྟར་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཆེས་རིང་བ་ན་རྩོད་ལྡན་གྱི་དུས་ཞེས་པ་དུས་ཐ་མ་ལ་བདག་ཅག་གི་སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ནི་འགྲོ་བ་རྣམས་ཀྱི་སྡིག་པའི་སྒྲུབ་པ་མཆོག་ཏུ་འཆགས་པའོ། །བཅོམ་ལྡན་འདས་དེ་ཡང་འགྲོ་བ་རྣམས་ཀྱི་འགྲོ་བ་དྲུག་གི་འཁོར་བའི་སྡུག་བསྔལ་རྣམ་པར་ཉམས་པར་བྱེད་པའི་ཐར་པའི་ལམ་རབ་ཏུ་གསལ་བར་བྱེད་པའོ། །ལམ་དེས་མཐའ་མེད་པའི་དམ་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་རང་བཞིན་ཐར་པའི་གྲོང་སྟོན་པར་བྱེད་པའོ། །དེ་ལྟར་གྱུར་པའི་ལམ་མཆོག་ཏུ་གྱུར་པ་ལྷ་དང་མི་རྣམས་ལ་ཉེ་བར་བསྟན་ཏོ། །དེ་བཞིན་གཤེགས་པ་སྒྲོན་མ་དེས་དམ་པའི་ཆོས་ཀྱི་སྒྲོན་མ་རྒྱུད་དུ་བཞག་ནས་རང་ཉིད་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཟླ་བ་གཉིས་པ་ཨཱ་བ་རྟའི་ཟླ་བ་དཀར་པོའི་ཕྱོགས་ཀྱི་བཅུ་གསུམ་ལས་འདོད་ཆགས་དང་བྲལ་བའི་དགེ་སློང་ལྔ་བརྒྱས་སངས་རྒྱས་ཀྱི་བསྟན་པ་ལོ་མ་བདུན་པའི་ཕུག་ཏུ་ཡང་དག་པར་བསྡུ་བར་མཛད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱར་གྱུར་པ་ན་འདོད་ཆགས་དང་བྲལ་བ་དགེ་སློང་བདུན་བརྒྱས་ཆོས་ཡང་དག་པར་བསྡུ་བ་མཛད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་དཀའ་ཐུབ་ཀྱི་དགེ་འདུན་ལ་དགེ་འདུན་ཐ་དད་དུ་གྱུར་པས་རང་རང་གི་སྡེ་པར་གནས་པ་ལ་གནས་མ་བུ་པཱ་ར་བཱཏྶི་པུ་ཏྲས་སྡེ་པ་གཅིག་གི་ཚེ་བསྡུས་སོ། །དེ་ནས་བཟུང་སྟེ་སྡེ་པ་དེ་ལས་ཆོས་སྨྲ་བྱེད་བཱཏྶི་པུ་ཏྲ་ཞེས་བརྗོད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ན་གནས་བརྟན་ཐུབ་པ་མང་པོས་བཀུར་བས་སྡེ་པ་དེའི་ལུང་ཉིད་བསྡུ་བ་མཛད་དོ། །དེ་ནས་བཟུང་སྟེ་སྡེ་པ་དེ་ལ་མང་པོས་བཀུར་བའི་སྡེ་པ་ཞེས་བརྗོད་དོ། །ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ན་གནས་བརྟན་བྷུ་ཏི་ཀ་དང་སངས་རྒྱས་བཤེས་གཉེན་གྱིས་སྡེ་པ་དེའི་ལུང་རྣམས་བསྡུ་བ་ཉིད་དུ་བྱས་སོ། །འདི་ནི་མང་པོས་བཀུར་བའི་སྡེ་པའི་ཆོས་བསྡུ་བ་ལན་ལྔ་ཞེས་བརྗོད་དོ། །ཞེས་སོ། །

འོན་ཀྱང་ཡོངས་སུ་གྲགས་པ་ལ་ནི་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་ཀུན་གྱིས་བཀུར་བའི་སྡེ་པའམ། མང་པོས་བཀུར་བའི་སྡེ་པ་ལ་ནང་གསེས་གསུམ་དུ་གྱེས་པ་སྟེ་ས་སྒྲོགས་རི་པ། སྲུང་བ་པ། གནས་མ་བུ་བཅས་ཁག་གསུམ་དུ་གྱེས་པ་ལ་ཟེར། དེ་ཡང་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ཀུ་རུ་ཀུ་ལེའི་བྲག་ཕུག་ལ་གནས་གཞི་མཛད་ནས་བཞུགས་པ་རྣམས་ལ་ས་སྒྲོགས་རིགས་ཀྱི་སྡེ་ཞེས་འབོད་པ་དང༌། སློབ་དཔོན་སྲུང་བ་པ་ཡི་རྗེས་སུ་འབྲངས་པས་ན་སྲུང་བ་པ་དང༌། སློབ་དཔོན་གནས་མའི་བུ་ཡི་རྗེས་སུ་འབྲངས་པས་ན་གནས་མ་བུ་པ་ཞེས་ཟེར། སྡེ་པ་འདི་གསུམ་རྩ་བའི་གྲུབ་མཐའ་མཐུན་པ་ཡིན་ཅིང༌། རྩ་བའི་གྲུབ་མཐའ་ནི། གང་ཟག་ཕུང་པོ་ལྔ་ལས་གཞན་མ་ཡིན་ལ། ཕུང་པོ་དང་གཅིག་ཀྱང་མ་ཡིན་ཅིང༌། སྒོ་ལྔའི་རྣམ་པར་ཤེས་པས་འདོད་ཆགས་སྐྱེ་མི་ནུས་ལ་འདོད་ཆགས་དང་བྲལ་བར་ཡང་བྱེད་མི་ནུས། ཤེས་བྱ་ཐམས་ཅད་བསྡུས་ན་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་གཉིས་སུ་མ་འདུས་པ་མེད། མཐོང་ལམ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་གཉིས་ཚུན་ཆད་ཡིན་ཅིང༌། དེ་ཕན་ཆད་འབྲས་བུའི་ཁོངས་སུ་འདུས་པ་བཅས་ཡིན། འདི་ལས་ཞོར་དུ་འཕྲོས་པའི་གནད་དོན་གལ་ཆེ་བ་ནི། མང་པོས་བཀུར་བའི་སྡེ་ལྔ་ནི། གནས་མ་བུ་པ། བཟང་པོའི་ལམ་པ། ཆོས་སྦས་པ། མང་པོས་བཀུར་བ། བླ་མ་པ་ཞེས་བཤད་དོ། །རྒྱལ་བ་མཻ་ཏྲི་པའི་མི་ཟད་པའི་གཏེར་མཛོད་ཀྱི་གླུའི་རྒྱ་ཆེར་བཤད་པ་ལས། དེ་ཡང་བྱེ་བྲག་ཏུ་ཕྱེ་ནས་བསྟན་པ་ནི། བཅོ་བརྒྱད་དེ་དེ་ཡང་རྩ་བའི་སྡེ་བཞི་ནི་དང་པོ་དགེ་འདུན་ཕལ་ཆེན་སྡེ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། གནས་བརྟན་པའི་སྡེ་དང་། མང་པོས་བཀུར་བའི་སྡེའོ། །དང་པོ་ལ་ཡང་ཤར་གྱི་རི་བོ་པའི་སྡེ་དང་། ནུབ་ཀྱི་རི་བོ་པའི་སྡེ་དང་། གངས་རི་པའི་སྡེ་དང་། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་རྣམས་སུ་གྱེས་སོ། །གཉིས་པ་ལ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། འོད་སྲུངས་སྡེ་དང་། ས་སྟོན་སྡེ་དང་། ཆོས་སྲུང་སྡེ་དང་། མང་དུ་ཐོས་པའི་སྡེ་དང་།  གོས་དམར་པོའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་རྣམས་སུ་གྱེས་སོ། །གསུམ་པ་ཡང་རྒྱལ་བྱེད་ཚལ་གནས་སྡེ་དང་། འཇིགས་མེད་ན་གནས་སྡེ་དང་། གཙུག་ལག་ཁང་ཆེན་པོ་སྡེ་རྣམས་སུ་གྱེས་སོ། །བཞི་པ་ལ་ཡང་ས་སྒྲོགས་རིགས་པའི་སྡེ་དང་། བསྲུང་བའི་སྡེ་དང་།  གནས་མ་བུའི་སྡེ་རྣམས་སུ་གྱེས་སོ། །དེ་ཐམས་ཅད་ཀྱང་སྤྱོད་པའི་སྒོ་མི་མཐུན་ཏེ་སུན་འབྱིན་ཅིང་གཞན་དུ་བོར་བར་བྱེད་དོ། །ལྟ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་སུ་གཞི་མཐུན་ནོ། །ཞེས་དང་། བཙུན་པ་རབ་འབྱོར་དབྱངས་ཀྱི་གཞུང་ལས། ཡང་ན་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ནི། དེ་ལ་རྩ་བའི་སྡེ་བཞི་ནི། དགེ་འདུན་ཕལ་ཆེན་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་བརྟན་པ་དང་། ལེགས་དཔོན་པའི་སྡེའོ། །ཕལ་ཆེན་པ་ལྔ། ཤར་གྱི་རི་བོ་སྡེ་དང་།  ནུབ་ཀྱི་རི་བོ་སྡེ་དང་། གངས་ཀྱི་རི་བོ་སྡེ་དང་། འཇིག་རྟེན་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་ཞེས་བྱའོ། །ཐམས་ཅད་ཡོད་པར་སྨྲ་བ་ལ་དྲུག །འོད་སྲུངས་པ་དང་། མང་པོ་སྟོན་པའི་སྡེ་དང་། ཆོས་སྲུང་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། གོས་དམར་ཅན་གྱི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། །གནས་བརྟན་པ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་གནས་སྡེ་དང་། འཇིགས་མེད་རིར་གནས་སྡེ་དང་། གཙུག་ལག་ཁང་ཆེན་སྡེའོ། །ལེགས་དཔོན་ལ་གསུམ་དུ་གྱེས་པ་ལས། ས་སྲོག་རིགས་ཀྱི་སྡེ་དང་། ས་སྲུང་རིགས་ཀྱི་སྡེ་དང་། གནས་མ་བུའི་སྡེའོ། །ཞེས་གསུངས་པ་སོགས་མི་མཐུན་པ་མང་། རྟོག་གེ་འབར་བ་ལས། དེ་ནས་རེ་ཞིག་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་། གནས་བརྟན་པའོ་ཞེས་རྩ་བའི་སྡེ་པ་གཉིས་པོ་དེ་ལས་གྱེས་པའི་ཚུལ་མི་འདྲ་བ་གཉིས་དང་། ཡང་རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའོ་ཞེས་རྩ་བའི་སྡེ་པ་གསུམ་ལས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་ཚུལ་ཏེ་དེ་ལྟར་མི་འདྲ་བ་གསུམ་དང་། དུལ་བའི་ལྷ་དང་། ལོ་དྲི་མཁན་པོ་དག་ནི་ཕལ་ཆེན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་བརྟན་པ་དང་། མང་པོས་བཀུར་བ་སྟེ་རྩ་བའི་སྡེ་པ་བཞིར་འདོད་པ་སོགས་མི་མཐུན་པ་ཤིན་ཏུ་མང་བས་ཡང་སྙིང་དོན་དུ་གནས་པ་གང་ཡིན་པ་སོགས་ལ་བསམ་གཞིག་དགོས་གལ་ཆེ་ལ། དབྱེ་གཞི་དང་དབྱེ་བ་འཇོག་ཚུལ་སོགས་ལའང་ཞིབ་དཔྱད་དགོས་པར་འདུག་སྟེ། གཅིག་མཐུན་གྱི་བཞེད་པ་མེད་པར་བཤད་པ་མི་མཐུན་པ་སྣ་ཚོགས་བྱུང་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །

གཞན་ཡང་ཉན་ཐོས་ཀྱི་རྩ་བའི་སྡེ་པ་ཐོག་མར་གྱེས་པའི་དུས་ཀྱི་ཐད་གནའ་དེང་གི་བཞེད་ཚུལ་མི་འདྲ་བ་མང་ཙམ་ཡོད་དེ། དཔེར་ན་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི་གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་ལས། ཕལ་ཆེན་སྡེ་པ་དང་གནས་བརྟན་སྡེ་པ་གཉིས་ནི་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་བརྒྱ་ལོན་ཏེ་དུས་ཅུང་མཚམས་འདས་པའི་མཚམས་ནས་གྱེས་པ་དང་། སྐབས་དེ་དུས་ཤིག་ནས་ཕལ་ཆེན་སྡེ་པའི་ཡན་ལག་སྡེ་གྱེས་པ་དང་། དེ་ནས་སངས་རྒྱས་འདས་ཏེ་ལོ་སུམ་བརྒྱ་ནས་གནས་བརྟན་སྡེ་པའི་ཡན་ལག་གི་གྱེས་པར་བཞེད་ཡོད་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བར་བཤད་པའི་ལུགས་དང་པོ་གཉིས་ཀྱི་སྐབས་སུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་བཅུ་དྲུག་ན་ཡིན་པར་གསུངས། ལུགས་གསུམ་པར་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ན་ཡིན་པར་གསུངས་ཡོད། གཞན་ཡང་ཁོང་གིས་མཛད་པའི་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་ཞེས་པ་ལས། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དྲུག་ཅུ་ལོན་པ་ན། ཞེས་གསལ་ཡོད། འདི་དང་རྟོག་གེ་འབར་བ་གཉིས་མི་མཐུན་པས་གཞུང་འདིར་གསལ་བ་འདི་ནི་དཔར་སྐྱོན ཤོར་བའམ་ཞུ་དག་པས་ཉམས་མ་བཞག་པའི་སྐྱོན་ནམ་དོན་དུ་མི་མཐུན་པ་གང་ཡིན་སོགས་ལ་མུ་མཐུད་ནས་དཔྱད་དགོས་པའི་གནས་སུ་ལྷག་ཡོད། མཁས་དབང་ཁང་དཀར་གྱིས་བཀོད་པ་ལྟར་ན། ཉི་ཧོང་གི་མཁས་པ་ཨུ་ཨི་དང་ན་རྒ་མུ་རས་ཕལ་ཆེན་སྡེ་པའི་ཡན་ལག་གྱེས་པ་ནི་ཕྱི་ལོ་གོང་གི་དུས་རབས་གསུམ་པའི་ནང་དང་། གནས་བརྟན་སྡེ་པའི་ཡན་ལག་གྱེས་པ་ནི་ཕྱི་ལོའི་གོང་གི་དུས་རབས་གཉིས་པ་ནས་དང་པོ་ཙམ་ལ་ཡིན་པར་བཤད་ཅེས་དང་། སིང་ག་ལའི་བཞེད་རྒྱུན་གླིང་ཕྲན་ལོ་རྒྱུས་དང་ལོ་རྒྱུས་དང་ལོ་རྒྱུས་ཆེན་མོ་ལྟར་ན། དགེ་འདུན་ཕལ་ཆེན་པ་སྡེ་པ་དང་གནས་བརྟན་སྡེ་པ་གཉིས་ཀ་སངས་རྒྱས་མྱ་ངན་ལས་འདས་ནས་བགྲང་བྱ་ཉིས་བརྒྱའི་ནང་རོལ་དུ་གྱེས་ཡོད་པར་བཀོད་འདུག །ཞིབ་འཇུག་པ་གྲགས་ཅན་སྐུ་ཞབས་ལེ་ཁྲིན་ལགས་ཀྱིས། དུས་རབས་དྲུག་པར་སླེབ་ཕྱིན་གོང་གི་སྡེ་པ་སོ་སོར་གྱེས་པ་དེ་དག་གི་རྩ་བའི་སྡེ་པ་བཞིའི་ནང་དུ་བསྡུ་བའི་དབྱེ་འབྱེད་གསལ་པོར་ཆགས་ཡོད་པར་བཤད། གང་ལྟར་སྡེ་པའི་སྐོར་ལ་འགྲེལ་བཤད་གནང་ཚུལ་མི་མཐུན་པ་སྣ་ཚོགས་ཤིག་ཡོད་ཅིང་མཁས་པ་སོ་སོས་རང་རང་གི་མཛད་པའི་གྲུབ་མཐའི་གཞུང་རྣམས་སུ་རྒྱ་གཞུང་འགའི་ལུང་འདྲེན་བྱས་ཡོད་པ་ཙམ་ལས། འདི་ཡིན་འདི་མིན་གྱི་དབྱེ་འབྱེད་གནང་བ་ནི་ཧ་ཅང་ཉུང་། དེ་བས་མ་འོངས་པར་མུ་མཐུད་ནས་ཉམས་ཞིབ་གནང་རྒྱུ་གལ་ཆེ་བར་འདུག་ཅིང་། སྡེ་པའི་སྐོར་བཤད་པའི་རང་རྐང་གི་བསྟན་བཅོས་འདི་དག་དཀྱུས་གཅིག་ཏུ་བཀོད་ན་སློབ་གཉེར་པ་ཚོས་འཚོལ་སླ་བ་དང་གཟིགས་བདེ་བ་སོགས་ཀྱི་དགོས་པ་ཁྱད་པར་ཅན་ཡོད་པར་དམིགས་ཏེ་འདིར་བཀོད་པ་ལགས།

         གཞན་ཡང་ང་ཚོར་ཡོངས་གྲགས་ལ་བྱེ་བྲག་ཏུ་སྨྲ་བ་ཞེས་པ་ཡང་ཡེ་ཤེས་འཇུག་པ་ལ་སོགས་པ་མངོན་པ་སྡེ་བདུན་བཀར་ཁས་ལེན་མཁན་ཞིག་དང་བྱེ་བྲག་བཤད་མཚོའི་རྗེས་སུ་འབྲངས་མཁན་ཡིན་དགོས་ཚུལ་བཤད་པར་མ་ཟད། རྩ་བའི་ལྟ་གྲུབ་ལ་ཤེས་བྱ་གཞི་ལྔ་དུས་གསུམ་རྫས་གྲུབ་འདོད་མཁན་ཡིན་དགོས་པར་བཤད་པ་རྣམས་ལའང་དཔྱད་དགོས་པ་ཆགས་ཡོད། ལོ་ཆེན་རིན་ཆེན་བཟང་པོའི་རྒྱུད་སྡེའི་སྤྱི་རྣམ་དུ་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བྱེ་བྲག་ཏུ་སྨྲ་བ་ཡིན་པར་བཤད་པ་དང་། མངའ་བདག་མཻ་ཏྲི་པའི་མི་ཟད་པའི་གཏེར་མཛོད་ཀྱི་གླུའི་བཤད་པར་བྱེ་མདོ་ཅི་རིགས་ཡོད་པར་གསུངས། བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ཡན་གར་བའི་ལྟ་གྲུབ་དེ་དག་བྱེ་བྲག་ཏུ་སྨྲ་བའི་སྡེ་པ་ཡོད་ཚད་ཀྱི་ལྟ་གྲུབ་ཏུ་བཤད་མི་ཐུབ། ལྷག་པར་དུ་ཡོངས་གྲགས་ལྟར་བཤད་ན། བྱེ་མདོ་དག་གིས་སྟོང་ཉིད་ཀྱི་ལྟ་བ་ལ་གང་ཟག་གི་བདག་མེད་པའི་སྟོང་ཉིད་ལས་ལྷག་པ་མེད་ཚུལ་གྱི་རྣམ་བཞག་འདི་གྲགས་ཆེ་ཞིང་། བོད་ཀྱི་མཁས་པ་ཕལ་མོ་ཆེ་འདིའི་ཐད་ལ་བཞེད་པ་མཐུན་པར་མ་ཟད་བོད་འགྱུར་གྱི་རྒྱ་འགྲེལ་མང་པོ་ཞིག་ལས་ཀྱང་གསལ་ཁ་མཛད་ཡོད་པ་རེད། འོན་ཀྱང་འདི་ལ་དོགས་པ་གཏན་ནས་མེད་པའང་མ་ཡིན་ཏེ། དེ་ཡང་ཡོངས་སུ་གྲགས་པའི་ཉན་ཐོས་སྡེ་པ་བཅོ་བརྒྱད་དམ་ཉི་ཤུའི་གྲས་སུ་མེད་པའི་ཉན་ཐོས་སྡེ་པ་ཁྱད་པར་བ་ཞིག་ཡོད་ཅིང་། དེ་ནི་གཙོ་བོར་སིངྒ་ལའི་ཡུལ་དུ་དར་ལ་ལྷོ་བརྒྱུད་ནང་བསྟན་གྱི་ཁོངས་སུ་གཏོགས་པའི་རྒྱས་པའི་སྡེ་པ་ཞེས་བྱ་བའི་ཉན་ཐོས་སྡེ་པ་དེ་ཡིན། སྡེ་པ་དེའི་སྟོང་ཉིད་ཀྱི་འདོད་ཚུལ་ལ་ཕྱིས་ཀྱི་མིས་རྒྱ་སྐད་དུ་ 恶趣空 ཞེས་འབོད་ཅིང་། སྟོང་ཉིད་ཀྱི་ལྟ་བ་དེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདོད་ལ། དེ་ནི་ངེས་པ་དོན་གྱི་དོན་སྟོང་རིང་ལུགས་པ་ཡིན་ཞེས་གྲགས། རྒྱས་པའི་སྡེ་པ་ཚོའི་ལུགས་ཀྱི་སྟོང་ཉིད་ཀྱི་ལྟ་བ་ནི་ཅི་ཡང་མེད་པའི་སྟོང་ཉིད་ཀྱི་ལྟ་བ་ཞིག་སྟེ། དཔེར་ན་རི་བོང་རྭ་དང་རུས་སྦལ་གྱི་སྤུ་ལྟར་ཆོས་ཐམས་ཅད་གདོད་ནས་མེད་པར་ཡོད་སྣང་ཐམས་ཅད་འཁྲུལ་སྣང་ཙམ་ཡིན་པར་བཤད། འོན་ཀྱང་སྟོང་ཉིད་ཀྱི་ལྟ་བ་འདི་ལ་རྟེན་འབྲེལ་ལ་སོགས་པའི་རྣམ་བཞག་དང་དེ་ཙམ་འབྲེལ་མི་ཆེ་བའི་རྒྱུ་མཚན་གྱིས་ནང་པའི་གྲུབ་མཐའ་མང་ཆེ་བས་འཐད་ལྡན་དུ་ངོས་འཛིན་མཁན་ཉུང་སྐད་ཡོད། འོན་ཀྱང་ལུགས་འདི་ནང་པའི་གྲུབ་མཐའ་གང་ཞིག་ལ། གྲུབ་མཐའ་བཞི་པོ་གང་གི་ལུགས་ཡིན་པ་དང་། འདི་ཕལ་ཆེན་སྡེ་པར་གཏོགས་པའི་སྡེ་པ་ཞིག་ལགས་པས་བྱེ་བྲག་ཏུ་སྨྲ་བ་ཡིན་དགོས་པའམ། ཅི་སྟེ་དེ་ལྟར་ཡིན་ན་འདི་དངོས་སྨྲ་བ་ཡིན་ཐབས་ཡོད་དམ། ང་ཚོའི་གཞུང་ལུགས་རྣམས་ལས་བཤད་སྲོལ་ལྟར་བྱས་ན་བྱེ་མདོ་སེམས་ཙམ་གསུམ་པོ་གང་ཡིན་ཡང་དངོས་སྨྲ་བ་ཡིན་དགོས་པའི་བཤད་སྲོལ་ཆགས་ཡོད། ཁྱད་པར་དུ་བོད་སྔ་རབས་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གདོད་ནས་མ་གྲུབ་པའི་སྟོང་ཉིད་ཀྱི་ལྟ་བ་དེ་དང་རྒྱས་པའི་སྡེ་པ་འདིའི་སྟོང་ཉིད་ལྟ་བའི་བར་ལ་ཁྱད་པར་དང་ཧེ་བག་གང་ཡོད་སོགས་ལ་དཔྱད་དགོས་ས་ཤིན་ཏུ་མང་པོ་འདུག་སྙམ། མདོར་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་སོགས་སྡེ་པ་ལ་ལས་གང་ཟག་གི་བདག་མེད་པའི་སྟོང་ཉིད་ཙམ་ལས་རྩལ་འདོན་མཛད་མེད་ཀྱང་། ཕལ་ཆེན་སྡེ་པའི་ནང་དུ་སྟོང་ཉིད་ཀྱི་སྐོར་རྩལ་དུ་བཏོན་ནས་བཤད་མཁན་གྱི་སྡེ་པ་ཡང་དུ་མ་བྱུང་ཡོད། དེ་ཡང་ཕལ་ཆེན་སྡེ་པའི་ཁོངས་སུ་གཏོགས་པའི་ཐ་སྙད་གཅིག་པའི་སྡེ་པས་སྟོང་ཉིད་སྟོན་པ་ལ་གཞོལ་ཅིང་། ཆོས་ཐམས་ཅད་སྒྲ་རྟོག་གིས་བཏགས་པ་ཙམ་ལས་ཡུལ་རང་ངོས་ནས་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་ཅེས་པ་སོགས་སྟོང་ཉིད་ཀྱི་ལྟ་གྲུབ་ཧ་ཅང་དམིགས་བསལ་བ་གསུངས་པ་ཆགས་ཡོད། འདིས་སྒྲ་རྟོག་གི་བཏགས་ཙམ་གྱི་ཆ་ནས་ཐ་སྙད་ཀྱི་རྣམ་བཞག་དང་། དོན་དམ་པར་ཆོས་ཐམས་ཅད་རང་ངོས་ནས་མ་གྲུབ་པར་བཤད་ཀྱིན་འདུག་པས། དབུ་མ་ཕྱི་རབས་པ་ཚོས་སྒྲ་རྟོག་གིས་བཏགས་ཙམ་གྱི་ཐ་སྙད་དང་དོན་དམ་པར་གདོད་ལུགས་ཀྱི་ངོས་ནས་མ་གྲུབ་པར་བཤད་པའི་རྣམ་བཞག་དེ་དང་ཕན་ཚུན་གོ་བསྡུར་དགོས་ས་ཧ་ཅང་མང་སྙམ། འགྲེལ་བཤད་མང་ཉུང་དང་རྒྱ་ཆེ་ཆུང་ལ་ཁྱད་པར་ཡོད་པ་ཙམ་ལས་རྩ་བའི་གནད་དོན་ལ་ཁྱད་པར་ཡོད་མེད་ནི་དཔྱད་གཞི་ལས་མ་འདས་པ་རེད། གཞན་ཡང་ཕལ་ཆེན་སྡེ་པའི་ནང་གསེས་སུ་གྱུར་པ་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པས་འཇིག་རྟེན་གྱི་ཆོས་ནི་བདེན་པར་མ་གྲུབ་ལ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་འབའ་ཞིག་བདེན་གྲུབ་ཡིན་པའི་ལྟ་གྲུབ་རྩལ་དུ་བཏོན། ཕྱིས་ཀྱི་དབུ་མ་གཞན་སྟོང་པའི་ཁྲོད་དུ་ཀུན་རྫོབ་ཐམས་ཅད་བདེན་མེད་དང་དོན་དམ་ཐམས་ཅད་བདེན་གྲུབ་ཏུ་འདོད་པའི་རྣམ་བཞག་དེ་དང་འདྲ་བའི་ཆ་ཧ་ཅང་མང་།

       འདི་ལྟར་མཐོང་རྒྱ་སྐྱེད་ནས་ང་ཚོས་བལྟས་ན་བཤད་སྲོལ་མང་ཆེ་བ་ཞིག་ནི་གཞི་རྒྱ་ཆུང་བའི་རྣམ་བཞག་ཙམ་ལས་ཡོངས་ཁྱབ་རང་བཞིན་ཅན་གྱི་བཤད་སྲོལ་མ་ཡིན་པར་ཤེས་ཡོང་གིན་ཡོད། འདི་དག་གི་སྐོར་རྒྱས་པར་ཕལ་ཆེན་སྡེ་པ་དག་གི་སྡེ་སྣོད་གསུམ་གྱི་གཞུང་ལུགས་ཁག་ལ་མཇལ་བས་ཤེས་ནུས་ཤིང་། བསྡུས་ཙམ་ཞིག་ཤེས་འདོད་མཁན་རེ་ཡོད་ན། རྒྱའི་ནང་བསྟན་ཉམས་ཞིབ་པ་གྲགས་ཅན་ཡའོ་ཝེ་ཆོན་ (姚卫群) གྱིས་མཛད་པའི་རྒྱ་གར་གྱི་ཆོས་ལུགས་མཚན་ཉིད་རིགས་པ་སྤྱི་བཤད་ 《印度宗教哲学概论》ཅེས་པ་དེ་དང་། གཞན་ཡང་ཁོང་གིས་མཛད་པའི་སངས་རྒྱས་ཆོས་ལུགས་སྤྱི་བཤད་ 《佛学概论》 ཅེས་པའི་གཞུང་གཉིས་སོགས་ལ་བལྟས་ནས་ཤེས་ནུས་ཤིང་། ཁྱད་པར་དེང་དུས་ཀྱི་ཞིབ་འཇུག་པ་ཁང་དཀར་ལགས་ཀྱིས་བྲིས་པའི་དེབ་ཐེར་སེར་པོ་དང་སྔོན་པོ་སོགས་ཁོང་གི་གསུང་རྩོམ་ཁག་ལས་ཀྱང་རྣམ་བཞག་འདི་དག་རགས་ཙམ་རེ་ཤེས་ནུས། མདོར་ན་གནས་བརྟན་སྡེ་པ་ལས་གྱེས་པའི་གཞི་ཐམས་ཅད་ཡོད་སྨྲའི་སྡེ་དང་གནས་མ་བུ་སྡེ་པ་སོགས་ཀྱིས་ཆོས་རྣམས་བདེན་པར་གྲུབ་པའི་ལྟ་གྲུབ་བཤད་ཡོད། དེ་ནི་ཉན་ཐོས་སྡེ་པ་ལ་ཤུགས་རྐྱེན་ཆེ་ཞེས་དང་། ཕལ་ཆེན་སྡེ་པ་ལས་གྱེས་པའི་ཐ་སྙད་གཅིག་པའི་སྡེ་པས་ཆོས་ཐམས་ཅད་བདེན་མེད་དང་། འཇིག་རྟེན་ལས་འདས་པའི་སྡེ་པ་སོགས་ཀྱིས་འཁོར་བའི་ཆོས་ཐམས་ཅད་བདེན་མེད་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བདེན་གྲུབ་ཏུ་འདོད་པའི་ལྟ་གྲུབ་འདིས་ཕྱིས་ཀྱི་ཐེག་པ་ཆེན་པོའི་ལྟ་གྲུབ་ཁག་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་དེང་གི་ཞིབ་འཇུག་པ་ཚོས་རྒྱལ་སྤྱིའི་ཐོག་ཏུ་གླེང་ནས་དུས་ཡུན་རིང་པོ་ཞིག་ཕྱིན་ཚར་ཡོད་ཀྱང་། ང་ཚོ་མང་ཆེ་བས་གནད་དོན་འདི་དག་ལ་དོ་སྣང་བྱེད་མཁན་ཙམ་ཡང་མེད་པར་ལྷག་ཡོད། སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞིར་ཕྱེ་བའི་ནང་གསེས་ཀྱི་བྱེ་བྲག་སྨྲ་བ་ཞེས་པ་དེ་གོང་དུ་དྲངས་པའི་སྡེ་པ་བཅོ་བརྒྱད་ལས་གང་ལ་ངོས་འཛིན་དགོས་མིན་གསལ་ཁ་ཐོན་པ་ཞིག་སྔོན་གྱི་གཞུང་རྣམས་ལས་མི་འབྱུང་མོད། འཕགས་ཡུལ་གྱི་ནཱ་ལེནྡྲའི་མཁས་པའི་གཞུང་དུ་བྱེ་སྨྲའི་རང་ལུགས་གཏན་ལ་ཕབ་པ་རྣམས་ལ་བརྟགས་ཏེ། བྱེ་བྲག་སྨྲ་བ་ནི་ཐམས་ཅད་ཡོད་སྨྲ་ཞེས་པ་དེར་ངོས་འཛིན་པའང་ཡོད་པར་སྣང་། འཕགས་པ་གནས་བརྟན་པའི་ལུགས་ཀྱི་བཞེད་སྲོལ་ལྟར་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་གནས་བརྟན་མཽ་གལ་ཏྟིས་ཞེས་བྱ་བས་གཙོ་མཛད་དེ་གཏན་འབེབས་མཛད་པའི་མངོན་པའི་གཞུང་གཏམ་གྱི་གཞི་སྟེ་ཀ་ཐ་བ་ཏུ་ཞེས་པ༠་བརྩམས་ལ། གཞུང་དེའི་ནང་གནས་བརྟན་སྡེ་པས་དམིགས་ཀྱིས་བཀར་ཏེ་ཕྱོགས་སྔ་དགེ་འདུན་ཕལ་ཆེན་པ་དང་། ཐམས་ཅད་ཡོད་སྨྲ་གཉིས་ལ་དགག་པ་བྱས་འདུག་པས། ཐམས་ཅད་ཡོད་སྨྲའི་མངོན་པ་སྡེ་བདུན་པོ་ཆ་ཚང་ཕྱི་ལོ་མ་ཚུགས་པའི་སྔོན་ནས་ཡོད་མེད་གང་ལྟར་ཡང་། སྡེ་པ་རང་ཉིད་ནི་ཕྱི་ལོའི་སྔོན་ནས་ཀྱང་ཡོད་པར་སྣང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དེ་ནི་སྔོན་འཔགས་ཡུལ་དུ་དར་ཁྱབ་ཆེ་ཤོས་ཤིག་ཏུ་གྱུར་སྣངམ་ལ། གྲུབ་མཐའ་འདི་རྒྱ་གར་དབུས་པཱ་ཊ་ལ་པུ་ཏྲ་ནས་རྒྱ་གར་ས་གནས་གཞན་དུ་ཕྱི་ལོའི་གོང་གི་དུས་རབས་གཉིས་པ་ཡས་མས་ནས་དར་བའི་མགོ་ཚུགས་ཤིང་། དེ་ཡང་ཐོག་མར་བཅོམ་བརླག་གི་ཡུལ་དུ་དར་ལ་དེར་ཉེར་སྦས་ཀྱིས་གྲུབ་མཐའ་འདི་ཆེད་དུ་སྤེལ་བ་ཡིན་ཞེས་བཤད་ཀྱིན་ཡོད། བཅོམ་བརླག་ནས་རྙེད་པའི་དུས་རབས་དང་པོའི་ནང་གི་སེང་གེའི་མགོ་ཅན་གྱི་རྡོ་རིང་སྟེང་སྐབས་དེར་ཐམས་ཅད་ཡོད་སྨྲའི་དགོན་པ་དང་དགེ་འདུན་གྱི་སྡེ་ལ་ས་ཆ་དང་རྒྱུ་ནོར་ཕུལ་བའི་སྐོར་འཁོད་ཡོད་པ་སོགས། ཕྱིས་ཀྱི་འཇར་མན་མཁས་པ་ཀླའུས་ཇེ་ནེརཊ་བྱ་བས་བརྩམས་པའི་བཅོམ་བརླག་གི་རྡོར་བཀོད་ཡི་གེ་ཞེས་པའི་དཔེ་དེབ་ཏུ་གསལ།

             རང་རེའི་གྲུབ་མཐའི་གཞུང་རྣམས་སུ་བྱེ་སྨྲ་ལ་ནང་གསེས་ཡུལ་དབུས་ཀྱི་བྱེ་སྨྲ་དང་། ཉི་འོག་པ་དང་། ཁ་ཆེ་བྱེ་བྲག་སྨྲ་བ་ཞེས་གསུམ་དུ་དབྱེ་བའང་ཕལ་ཆེར་ཐམས་ཅད་ཡོད་སྨྲའི་གྲུབ་མཐའ་ཡུལ་དབུས་ནས་རིམ་གྱིས་ཁྱབ་ཚུལ་འདི་ལ་བརྟེན་སྙམ། ཐམས་ཅད་ཡོད་སྨྲའི་གྲུབ་མཐའ་དེ་ཡུལ་དབུས་ནས་རིམ་གྱིས་ཁྱབ་སྟེ་མཐར་ཀ་ཆེའི་ཡུལ་དུ་དར་བ་དང་། ཕྱིས་ཁ་ཆེའི་བྱེ་སྨྲའི་ལུགས་དེ་ཐམམས་ཅད་ཡོད་སྨྲའི་ལུགས་གཙོ་བོར་གྱུར་པར་གྲགས། གཞན་ཡང་རྒྱའི་བཙུན་པ་ཧྱན་ཙང་གི་ལམ་ཡིག་ཏུ་བཀོད་པ་ལྟར་ན་། རྒྱ་གར་བྱང་ཕྱོགས་དང་དབུས་ཆུ་མོ་གངྒའི་གཞུང་རྒྱུད་དུ་དགོན་པ་ཆིག་སྟོང་བརྒལ་བའི་ནང་མང་བཀུར་བའི་དགེ་འདུན་དྲུག་ཁྲི་བརྒལ་བ་བཞུགས་པ་དང་། རྒྱ་གར་ནུབ་བྱང་ཁུལ་དང་དབུས་ཨེ་ཤ་ཡའི་ས་ཀུལ་དུ་དགོན་སྡེ་དྲུག་བརྒྱ་ཙམ་གྱི་ནང་ཐམས་ཅད་ཡོད་སྨྲའི་དགེ་འདུན་ཆིག་ཁྲི་དྲུག་སྟོང་ཙམ་དང་། རྒྱ་གར་ལྷོ་ཕྱོགས་དང་སིངྒ་ལའི་གླིང་བཅས་པར་དགོན་སྡེ་ཉིས་བརྒྱ་ཙམ་གྱི་ནང་གནས་བརྟན་པའི་དགེ་འདུན་ཉིས་ཁྲི་སྐོར་ཞིག་ཡོད་ཚུལ་འཁོར། ལམ་ཡིག་དེ་ལྟར་ན་ཧྱན་ཙང་གི་དུས་སྐབས་སུ་ཀ་ཆེ་ཀསྨིརི་དང་དྲི་ཟའི་ཡུལ་དུ་ཕལ་ཆེན་པའི་དགོན་པ་ཉི་ཤུ་སྐོར་ཞིག་གི་ནང་དགེ་འདུན་ཆིག་སྟོང་ཙམ་ཞིག་ཡོད་པ་དང་། ཐེག་ཆེན་པའི་དགེ་འདུན་ནི་རྒྱ་གར་ས་ཁུལ་མང་པོར་ཁྱབ་ཅིང་། ཨ་ཧྥུ་གྷ་ནིསྟན་དང་། ལི་ཡུལ་བཅས་པར་བསྡོམས་དགེ་འདུན་པ་བདུན་ཁྲི་སྐོར་ཞིག་ཡོད་པར་སྣང་། འགའ་ཞིག་གིས་མདོ་སྡེ་པའང་ཐམས་ཅད་ཡོད་སྨྲའི་སྡེ་པ་དེ་ལས་ཕྱིས་སུ་གྱེས་པར་ཡང་བཤད། གང་ལྟར་བྱེ་མདོ་གཉིས་ཀྱི་གྲུབ་མཐའི་ཚུལ་ལེགས་པར་མཁྱེན་པ་ལ་སྡེ་པའི་སྐོར་འདི་ཧ་ཅང་གལ་ཆེ་ཞིང་། ཁྱད་པར་དུ་ནང་པ་སངས་རྒྱས་པའི་གྲུབ་མཐའི་གྱེས་པ་ཐོག་མའི་གནས་བབ་ཀྱི་སྐོར་ཇི་བཞིན་མཁྱེན་པ་ལ་ཐོག་མར་སྡེ་པའི་སྐོར་ལ་དོ་སྣང་མ་བྱས་རང་བྱས་ཆགས་ཡོད། དེ་བས་ད་ཐེངས་སྡེ་པའི་སྐོར་བསྟན་པའི་གཞུང་རང་རྐང་བ་གསུམ་པོ་དང་འབྲེལ་བའི་དཔྱད་ཞིབ་ཅུང་ཙམ་བརྗོད་པ་ཡིན།

 

ཞེས་པ་འདི་ནི་ཤེས་རབ་མཆོག་ལྡན་གྱིས་ཆབ་མདོའི་གྲོང་ཁྱེར་དུ་སྦྱར་བའོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3340