ཕྱི་ནང་གི་ཟུར་གང་ཞིག་ནས་བལྟས་རུང་། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་མཚོན་ན། ད་ལྟའི་དུས་འདི། རང་གཞན་དགྲར་ལངས། རྐྱེན་ངན་སྣེ་འདོམས། སྙིགས་མ་དྲག་ཏུ་བདོ་བའི་དུས་ངན་ནམ་ངན་ཞིག་ལ་ཁེལ་ཡོད་པ་མིག་ལྡན་ཀུན་ལ་མཐུན་སྣང་ཡིན། དེ་ལྟར་ཡང་རང་ཅག་དགའ་འོས་པ་ཞིག་ནི། རི་གཟར་རྦབ་རྡོ་གྱེན་དུ་བཟློག་པ། ཐུར་འབབ་ཆུ་བོ་མཐའ་ནས་འགོག་པ། མཐུ་བཙན“བསྐོས་ཐང”རྩ་ནས་བསྒྱུར་བ་ལ་མངོན་པར་ཕྱོགས་པའི་གཞོན་སྐྱེས་སྐོར་ཞིག མ་བགྲོས་སེམས་པ་གཅིག་ཏུ་མཐུན། མ་བསྐུལ་བབས་འགན་ཕྲག་ཏུ་བླངས། མ་བསྡུས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་རྗེས་སུ་འབྲངས་ནས། ཡིད་གཉིས་ཐེ་ཚོམ་མེད་པར་སྒྲ་བསྒྱུར་གྱི་ལས་སུ་འཇུག་གིན་པ་དེའོ། །བདེན་ཏེ། ནུབ་ཕྱོགས་ཀྱི་ཤེས་རབ་བོད་ཁམས་སུ་འདྲེན་པ། བོད་མིའི་གོ་རྟོགས་ནང་ནས་སད་པ། བོད་ཀྱི་ངོ་བོ་ཇི་སྲིད་དུ་མི་ཉམས་པ་བཅས་ལ། སྒྲ་བསྒྱུར་གྱི་ལམ་འདི་ཐབས་དམ་པ་ཞིག་ཡིན་པ་དངོས་འབྲེལ་རེད།
ཚང་མས་མཁྱེན་གསལ་ལྟར། ལས་གང་ཞིག་བསྒྲུབ་པར་ཀུན་སློང་གཙང་མ་ཞིག་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྣང་མོད། འོན་ཀྱང་ཀུན་སློང་ལ་རྨ་མེད་པ་ཙམ་གྱིས། ལས་དེ་གྲ་རྒྱས་པོ་ཡོང་བའི་ངེས་པ་ག་ལ་ཡོད། དཔེར་ན། ཉེ་ཆར་ཐོན་ཟིན་པའི་འགྱུར་རྩོམ་དང་འགྱུར་དེབ་དག་ལ་མཇལ་ཚེ། མང་དག་ཅིག་ལ། མ་ཡིག་གི་དོན་ཇི་བཞིན་དུ་མ་ཐོན་པ་དང་། བུ་ཡིག་རང་སྐད་ཀྱི་འགྲོ་ལུགས་དང་མི་མཐུན་པ། ཐ་ན་བརྡ་སྤྲོད་བརྡ་དག་གི་སྐྱོན་གྱིས་སྦགས་པས་གོ་བརྡ་མི་འཕྲོད་པར། སྣུམ་ཡང་ཟད་ལ་མར་མེ་ཡང་མ་གསལ་བར་སོང་འདུག་པ་མཐོང་ཡོང་། དེ་དང་དེ་ལྟ་བུའི་འགྱུར་ལ། “ཆོས་ཀྱི་གཞུང་ལུགས་ཀྱི་བརྗོད་བྱའི་དོན་དང་མི་འགལ་བ། བོད་མི་རང་གིས་གོ་བདེ་བ་སྟེ་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་པ”། ཞེས་པའི་སྒྲ་སྦྱོར་བམ་གཉིས་ཀྱི་ཚད་གཞི་མི་ལོངས་པ་མངོན་གསལ་རེད།
འོ་ན། སྤྱང་པོའི་ཁུར་བླངས་ཏེ་ལྐུགས་པའི་རྒྱུགས་སྤྲད་པ་ལྟ་བུའི་ངང་ཚུལ་དེ་ལས་ཐར་བ་ལ། གཅིག་ཏུ། གང་བསྒྱུར་བར་བྱ་བའི་ཕྱི་ནང་གསང་གསུམ་གྱི་ནང་དོན་གོ་བར་ཐོས་པ་མང་དུ་བསག་དགོས་ལ། ཡང་གཅིག་ཏུ། སོ་སོའི་མཁས་པ་སྔ་མ་དག་གི་གླེགས་བམ་ཇི་སྙེད་སེམས་མཇལ་གྱིས། སུམ་རྟགས་དག་གསུམ་ཚུད་པའི་རང་སྐད་རང་ཡིག་ལ་ནང་བྱན་ཆུད་པར་མཛད་དགོས་པ་སྨོས་མེད་ཡིན། དེ་ལྟར་འབྱོང་བ་ལ། ང་ཚོས་གཞན་དག་མིག་དཔེར་བལྟ་མི་དགོས་ཏེ། རང་རིགས་ཀྱི་ལོ་ཙཱ་བ་སྔ་མ་ཚོས་ཅི་མཛད་ལ་བལྟས་པས་འགྲིག་གོ །དེ་ཡང་ཐོག་མར། རི་ཚོགས་དང་ཆུ་ཀླུང་གི་བར་གཅོད་ཞབས་ཀྱིས་བཅད། ཆོམ་རྐུན་དང་ཨར་ཇག་གི་འཚེ་བ་གདོང་གིས་བསུས། གཅན་གཟན་དང་དུག་སྦྲུལ་གྱི་འཇིགས་པ་ཐོད་དུ་བླངས། ཚ་གདུག་དང་གྲང་ངར་གྱི་སྡུག་བསྔལ་ཁོག་ཏུ་བཅུག མདོར་ན། སོ་སོའི་བླ་ཚེ་སྲོག་གསུམ་འབེན་ལ་བཞག ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ཏེ། ཐོས་བསམ་སློབ་གཉེར་ཇི་ལྟར་མཛད་ཚུལ་ཤེས་པར་ཁོང་ཅག་གི་རྣམ་ཐར་ལ་མཇལ་དགོས་པ་དང་། དེ་ནས། ཁོང་ཅག་སླར་རང་ཡུལ་དུ་ལོག་རྗེས། བཀའ་དང་བསྟན་བཅོས་བསྒྱུར་མཛད་པ་དག་ཅི་འདྲ་ཞིག་བྱོན་འདུག་ཚུལ་ཡང་ཤེས་ན་ལེགས།
དེ་ལ། དེང་དུས་ཀྱི་མཁས་པ་ཆེན་པོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་འདི་སྐད་དུ། “རྒྱུ་མཚན་གཞན་ཞིག་ནས་བསམ་ཞིབ་བྱས་ན། ལེགས་སྦྱར་སྐད་ཡིག་འདི་བཞིན་རྒྱ་ནག་སྐད་ཡིག་སོགས་སྐད་ཡིག་མང་པོ་ཞིག་གི་ཐོག་ཏུ་བསྒྱུར་ནས་འགྱུར་ཡག་ཤོས་བོད་སྐད་ཡིན་པར་འཛམ་གླིང་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་པ་རེད”། ཅེས་གསུངས། ཁྱེད་ཀྱིས་དེ་ནི་ངན་པས་རང་བསྟོད་དང་རུལ་མས་བུ་བསྟོད་ཀྱི་རྗེས་སུ་སོང་མེད་དམ་སྙམ་ན། འོག་ཏུ་རྒྱ་གར་སཾསྐྲྀཏའི་མཐོ་རིམ་སློབ་གྲྭ་ཆེན་མོའི་སློབ་དཔོན་མི་ཤ་རའི་གསུང་ལ་ཅིག་ཉོན་དང་། ཁང་དཀར་ཚང་གི་ཚིག་དེ་གཟུ་བོའི་གཏམ་དུ་ཡིད་ཆེས་འོང་། མི་ཤ་ར་ན་རེ།
“སྔོན་དུ་སྤྱོད་འཇུག་སོགས་གཞུང་འགྲེལ་ཕྱག་དཔེ་ཁག་ཅིག སཾསྐྲྀཏའི་སྐད་ཡིག་ནང་དུ་མ་རྙེད་པས། ཁོ་བོས་བོད་ཡིག་གི་མ་དཔེའི་ནང་ནས་ཚུར་བསྒྱུར་ནས་བཞག་ཡོད་པ་ལ། ཕྱིས་སུ་སཾསྐྲྀཏའི་མ་དཔེ་རྙེད་སོན་བྱུང་བར། སྔོན་བོད་ཡིག་ཏུ་ཕབ་སྒྱུར་བྱས་པའི་དཔེ་ཆ་དེ་དང་ཕན་ཚུན་བསྡུར་སྐབས། བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་སྒྲ་སྒྱུར་དོན་སྒྱུར་ཚང་མ་ཚུད་དུ་སོན་འདུག་ཅིང་། བརྒྱ་ཆ་ལྔ་པོ་དེ་ཡང་ཚིག་སྦྱོར་གྱི་ཁྱད་ལས། དོན་འགྱུར་ལ་ནོར་བ་ཅི་ཡང་མི་འདུག
“བོད་གངས་ཅན་གྱི་ལྗོངས་སུ་སྐབས་དེ་དུས། རྒྱ་གར་འཕགས་པའི་ཡུལ་ནས་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གཞུང་རྣམས། བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཡིན་པར། གཞུང་རྣམས་ཀྱི་རྩ་བའི་སྐད་ཡིག་རྣམས་ཀྱང་རྩ་སྤོས་གནང་ཡོད། རྩ་སྤོས་ཞེས་པ་ནི། དཔེར་ན་ཤིང་སྡོང་ཞིག་ཡོད་ན་དེ་ཉིད་ཀྱི་རྩ་བ། ས་ཆ་གཅིག་ནས་གཞན་ཞིག་ཏུ་སྤོ་འཛུགས་བྱེད་པ་ཞིག་ལ་ཟེར། སྐད་ཡིག་རྩ་སྤོས་བརྒྱབ་ཟེར་བ་ལ་རྒྱུ་མཚན་གཉིས་ཏེ། ཐོག་མར་སྔོན་གྱི་འཕགས་ཡུལ་གྱི་པཎ་ཊི་ཏ་རྣམས་ཀྱི་བཀའ་དང་། བསྟན་བཅོས་ཀྱི་གཞུང་རྣམས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སློབ་གཉེར་དང་། སྙིང་པོའི་དོན་ལ་ཇི་ལྟ་བ་བཞིན་ཉམས་སུ་བླངས་པ་ཡིན། རྒྱུ་མཚན་གཞན་ཞིག་ནི། གཞན་སེམས་ཅན་རྣམས་ལའང་ཕན་པའི་བློས་བོད་སྐད་དུ་བསྒྱུར་བ་ཡིན། བོད་སྐད་དུ་བསྒྱུར་ཞེས་པ་ནི། ལོ་པཎ་རྣམས་ཀྱིས་ཡིད་ཁར་གང་དྲན་ཚད་བསྒྱུར་བ་མ་ཡིན་པར། དེ་ནི་རྒྱ་གར་གྱི་སྐད་ཡིག་ཐོག་ཏུ་གང་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་རྣམས། ཇི་ལྟ་བ་བཞིན་དུ་བསྒྱུར་བ་ཡིན། དེ་ལྟ་བུ་ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་རྣམས། རྒྱ་གར་འཕགས་པའི་ཡུལ་སྐད་ནས་བོད་སྐད་དུ་སྒྱུར་སྐབས། ཐོག་མར་བོད་སྐད་དུ་སཾསྐྲྀཏའི་སྐད་ཡིག་དང་ཆ་མཚུངས་པའི་ཚིག་འབྲུ་ཇི་ཡོད་མ་ལུས་པ་གཏན་ལ་འབེབས་དགོས། དེ་ནས་རྒྱ་གར་གྱི་སྐད་ཡིག་དབྱངས་གསལ་རྣམས་ཀྱང་བསྒྱུར་བར་མ་ཟད། ཡིག་གཟུགས་རྣམས་ཀྱང་ཕལ་ཆེར་འཕགས་པའི་ཡི་གེ་དང་མཚུངས་པར་གསར་སྐྲུན་མཛད། …
“དཔེར་ན་བུདྡྷ་ཞེས་པའི་ཚིག་ལ་མཚོན་ན། ཡོངས་གྲགས་འཇིག་རྟེན་ཕལ་པའི་སྣང་ངོར་སངས་རྒྱས་ཞེས་པ་ནི། སྔོན་ཤཱཀྱའི་རིགས་སུ་འཁྲུངས་པ། མཐར་རབ་ཏུ་བྱུང་ནས་སངས་རྒྱས་སོ་ཞེས། གང་ཟག་བྱེ་བྲག་པ་ཞིག་གི་མིང་དུ་ངོས་འཛིན་བྱེད་པ་ནི། བླ་དྭགས་ཀྱི་ཚིག་ཡིན། སྦྱོར་བའི་ཚིག་དོན་ནི། སཾསྐྲྀཏའི་སྐད་དུ་བུདྡྷ་ཞེས་པའི་སྐབས་སུ། བུ་སྒྲ་བྱིངས་དང་། བཀྟ་ཞེས་པའི་རྐྱེན་གཉིས་སྦྱར་བས། བུ་ཞེས་པའི་བྱིངས་སྒྲ་དོན་མང་པོར་འཇུག་པ་དང་། དེ་ཡང་གཉིད་ལས་སངས་པ་དང་། མཁྱེན་པ་དང་། མེ་ཏོག་དང་། པདྨ་ལ་སོགས་པ་རྒྱས་པའི་དོན་དུ་འཇུག་པ་ཡིན། ཚིག་འདི་ཉིད་བོད་སྐད་དུ་སངས་རྒྱས་ཞེས་བསྒྱུར་བས། སངས་རྒྱས་ཞེས་པ་མ་རིག་པའི་གཉིད་ལས་སངས་ཤིང་། མཁྱེན་པའི་དཔལ་ཡོན་རྒྱས་པ་སོགས་ལ་འཇུག་པས། སཾསྐྲྀཏའི་སྐད་ཡིག་ཐོག་གང་ཡོད་པའི་བྱིངས་དང་རྐྱེན་གྱི་སྦྱོར་བ་རྣམས་མ་ལུས་པ་གསལ་བར་སྟོན་ནུས་པས། བླ་དྭགས་དང་སྦྱོར་བའི་དོན་གཉིས་ཀ་མཚོན་ནུས་པ་ཡིན་ཅིང་། …
“དེ་ལྟར་སཾསྐྲྀཏའི་སྐད་ཡིག་ཐོག་ཏུ་ཡོད་པའི་བྱིངས་དང་། རྐྱེན་དང་། ཉེ་འགྱུར་གྱི་དོན་རྣམས་ཚང་བར་སྟོན་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་ངེས་པར་མཁོ་བ་སྟེ། སཾསྐྲྀཏའི་སྐད་ཡིག་ཐོག་གང་ཡོད་པའི་ཟབ་པ་དང་། རྒྱ་ཆེ་བའི་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གཞུང་རྣམས། ཚང་ལ་མ་ནོར་བར་བོད་སྐད་དུ་བསྒྱུར་དགོས་པས་སོ། །དེས་ན་སྔོན་གྱི་ལོ་པཎ་རྣམས་ཀྱིས། རྒྱལ་བའི་བཀའ་བསྟན་གྱི་འགྱུར་རྣམས་ནི། གཞུང་རྣམས་བོད་སྐད་དུ་བསྒྱུར་བ་ཙམ་མ་ཡིན་པར། དེ་ནི་རྩ་སྤོས་བྱས་པ་རེད་ཅེས་བརྗོད་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ལགས”།(བོད་བཙན་པོའི་རྒྱལ་རབས་ཀྱི་ཤོག་ངོས་༤༦༠་ནས་༤༦༡་ལ་གསལ) ཞེས་པའོ། །
རང་ཅག་ནི་ཁོང་ལོ་ཙཱ་བ་བཀའ་དྲིན་ཅན་དེ་དག་དང་གདུང་རྒྱུད་གཅིག་ཏུ་སོང་ལ་ཡི་གེའང་དེ་ག་རང་སྤྱོད་མཁན་ཡིན་ན། ཁོང་ཅག་ལྟར་གཞན་གྱི་གཞུང་དག་རྩ་སྤོས་མ་ཐུབ་རུང་། གང་བསྒྱུར་བར་བྱ་བ་དེའི་ནང་དོན་ཆ་ཚང་ཞིང་མ་ནོར་ལ། རང་སྐད་ཀྱི་འགྲོ་ལུགས་དང་ཡང་མཐུན་པ་ཞིག་དགོས་པ་ནི་མ་མཐའི་རེ་བ་ཙམ་ལགས་པས། དེ་དོན་ཅིས་ཀྱང་ཡིད་འདོམས་གྱིས།
ཕྱི་ལོ་༢༠༡༨་ཟླ་༧་པའི་ཚེས་༣་ལ་དབུས་ལྷ་ལྡན་གྲོང་དུ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3305
དཔྱད་མཆན་སྤེལ།