ཉི་འོད་མཐོང་ཕྱིར་ང་རང་འཇིག་རྟེན་དུ་ཡོང་བ་ཡིན།
——པལ་མོན་ཐི།
ཉི་མ་དུས་ལྟར་ནམ་མཁའི་མཐོངས་སུ་འཕགས་ནའང་། ཉི་འོད་དུས་ལྟར་ས་གཞིའི་ངོས་སུ་འཕྲོས་ནའང་། ཡིད་དུ་འོང་ཞིང་ངོ་མཚར་བ་དང་། མཛེས་སྡུག་འབུམ་གྱིས་ཕྱུག་པའི་ལྟད་མོ་དེ་དག་ང་ཚོ་དང་ལས་འཕྲོ་ཡེ་ནས་ཡོད་མི་སྲིད། རྒྱུ་མཚན་ནི་ང་ཚོ་ལུང་པ་ཁ་བྱང་ལྟ་ཞིག་གི་ཕུགས་སུ་སྒྱིད་ལུག་བག་འཁུམ་ངང་རང་སྣང་སྐྱིད་པའི་ལབ་རྡོལ་ལ་མགོ་འཁོར་ནས། ཉི་མ་དང་ཉི་འོད་ལ་གཡོལ་ཅི་ཐུབ་ཀྱིས། དྲོད་ཁོལ་དང་འོད་སྣང་ལ་གཟུར་ཅི་ཐུབ་ཀྱིས། ནམ་ནམ་ཞར་ཞར་ཡང་ལུང་པ་ཁ་བྱང་ལྟའི་ནང་གཉིད་ཀྱི་བདེ་བར་ཚིམ་མེད་དུ་རོལ་ཡོད་པས་སོ།།
ལུང་པ་ཁ་བྱང་ལྟ་འདི་ཐོག་མ་ཉིད་ནས་ང་ཚོའི་བགོ་སྐལ་དུ་སྨིན་པ་ཡིན་ནམ་ཟེར་ན། དེ་ནི་གཏན་ནས་མི་ཡིན་ཏེ། ང་ཚོར་ཐང་ཆེན་པོ་བང་གིས་འཇལ་མྱོང་མ་མྱོང་བའི་བྱུང་བ་ཡོད་ལ། ང་ཚོར་ཆུ་གཙང་མོ་འཕྲེད་ཀྱིས་བཅད་མྱོང་བའི་གཏམ་རྒྱུད་ཀྱང་ཡོད། ང་ཚོར་ད་དུང་ཉི་མ་དང་འགྲོགས་ཤིང་། ཉི་འོད་ལ་རོལ་མྱོང་བའི་བདེན་ཐུབ་ཀྱི་ལོ་རྒྱུས་ཀྱང་ཡོད་དོ།།
ལུང་པ་ཁ་བྱང་ལྟ་འདི་སུས་ང་ཚོར་བསྩལ་པ་ཡིན་ནམ།
ང་ཚོ་ཅིའི་ཕྱིར་ལུང་པ་ཁ་བྱང་ལྟ་འདིའི་ནང་དུ་སྡོད་དགོས་པ་ཡིན་ནམ། འོ། དེ་ནི་གཞན་མ་ཡིན་ཏེ། དེ་ནི་ཏག་ཏག་ང་ཚོ་རང་གིས་རང་བསྐྲུན་ཞིང་། ང་ཚོ་རང་གིས་དཀའ་བ་བརྒྱ་ཕྲག་དང་བརྩོན་པ་སྟོང་ཕྲག་སྤྱད་དེ་བཞེངས་པའི་འཇིག་རྟེན་ཞིག་སྟེ། སྨག་རུམ་སྟུག་པོ་ལང་ལོང་འཐིབས་པའི་ལུང་པ་ཁ་བྱང་ལྟ་འདིའི་ནང་དུ། ང་ཚོས་ཚེ་ཚེ་རབས་རབས་དང་། ང་ཚོས་ལོ་ཐོག་ཟླ་བརྩེགས་ཀྱིས་མིག་ཟུང་མུན་པས་བསྒྲིབས་ཏེ། ཤར་རིའི་རྩེ་ནས་འོད་ཀྱི་ཟེར་མ་ལམ་ལམ་འཕྲོ་བའི་ཉི་གཞོན་སྒོར་མོར་གཏན་ནས་ཅེར་མ་མྱོང་། དེ་ནི་ང་ཚོ་འོད་སྣང་ལ་སྐྲག་པས་ཡིན་ལ། དེ་ནི་ང་ཚོ་འོད་སྣང་ལ་སྡང་བས་ཀྱང་ཡིན། ང་ཚོར་མཚོན་ན་འོད་སྣང་ནི་འཇིག་རྟེན་གྱི་གཏེ་བོ་སྟེ། ནམ་ཞིག་འོད་སྣང་གིས་སྨག་རུམ་བཅོམ་ཚེ་ཅི་བྱ། འོད་སྣང་གིས་འཇིག་རྟེན་གསལ་ཚེ་ཅི་བྱ། ང་ཚོ་ལ་འོད་སྣང་མི་དགོས། ང་ཚོའི་སྨག་རུམ་ལ་གཏོར་བརླག་གཏོང་མཁན་ནི་ང་ཚོ་ལུང་པ་ཁ་བྱང་ལྟ་འདིར་འཚོ་བའི་སྐྱེ་འགྲོ་ཀུན་གྱི་དགྲ་བོ་ཡིན། ང་ཚོས་འདི་ལྟར་དྲན་ཞིང་བསམས་ནས། ང་ཚོ་འོད་སྣང་དང་རྒྱང་དུ་བཀྱེད། ང་ཚོ་ལུང་པ་ཁ་བྱང་ལྟའི་ཕུག་ནས་ཕུགས་སུ་འཛུལ་ཞིང་། ང་ཚོ་བསྐྱར་ཟློས་ཡང་ཟློས་ཀྱི་འཚོ་བར་ཞེན་པ་མི་ལོག་ཅིང་བག་མི་ཚ་བར་རོལ་ནས་ཡོང་།
ལུང་པ་ཁ་བྱང་ལྟ་འདི་ཆེ་དྲགས་ཟེར་ན་ཧ་ཅང་ཆེ་སྟེ། འདིའི་ནང་དུ་མར་གྱུར་སེམས་ཅན་ཐམས་ཅད་མ་རུ་སྒོམ་པའི་ཐུགས་དཀྱེལ་ཡངས།ལུང་པ་ཁ་བྱང་ལྟ་འདི་ཆུང་དྲགས་ཟེར་ན་ཤིན་ཏུ་ཆུང་སྟེ། སེམས་ཀྱི་དྲན་པ་གང་ཞིག་གླུ་རུ་ལེན་པའི་བར་སྣང་དོག ལུང་པ་ཁ་བྱང་ལྟ་འདིའི་ནང་དུ་ལྷ་ཡི་བྱམས་བརྩེ་འཁོལ་ཞིང་།ལུང་པ་ཁ་བྱང་ལྟ་འདིའི་ནང་དུ་བདུད་ཀྱི་ཆོ་འཕྲུལ་རྒོད། ལུང་པ་ཁ་བྱང་ལྟ་འདིའི་ནང་དུ་བདེན་པའི་སྐད་སྒྲ་སྒྲོག་མཁན་ཉུང་ཞིང་།ལུང་པ་ཁ་བྱང་ལྟ་འདིའི་ནང་དུ་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་མོད།
མདོར་ན། ལུང་པ་ཁ་བྱང་ལྟ་འདི་ནི་མུན་ནག་གི་འཇིག་རྟེན་ཞིག་ཡིན། ལུང་པ་ཁ་བྱང་ལྟ་འདི་ནི་ཤེས་རྨོངས་ཀྱི་འཇིག་རྟེན་ཞིག་ཡིན། འདི་རུ་སུ་ཞིག་མུན་ནག་གི་ལྕགས་སྒྲོག་ལས་ཐར་བར་འདོད་ན་བདུད་དུ་བརྩི་ལ། འདི་རུ་སུ་ཞིག་རྨོངས་པའི་ལྕེབས་ཐག་ནང་འཛུལ་བར་བྱེད་ན་ལྷ་རུ་སྒོམ་པ་ཡིན།
ལུང་པ་ཁ་བྱང་ལྟ་འདིའི་ཕྱི་ནས་བལྟས་ན། ལྕགས་རི་ར་བས་ཀུན་ནས་བསྐོར་ཞིང་། ཕྱོགས་བཞི་མཚམས་བརྒྱད་ནི་མཐོ་ཞིང་བརྗིད་པ་ནམ་མཁའི་མཐོངས་སུ་ཟུག ལུང་པ་ཁ་བྱང་ལྟ་འདིའི་ནང་ནས་བལྟས་ན། སྨག་རུམ་སྟུག་པོས་བར་སྟོང་མ་ལུས་གཡོགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནི་ནག་གནག་པས་གས་སྲུབ་ཙམ་ཡང་མཐོང་བར་དཀོན།
ནམ་ཞིག་གི་དུས་ན། ལུང་པ་ཁ་བྱང་ལྟ་འདིའི་ནང་རང་གི་མགྲིན་པ་བརྒྱུད་དེ་རང་གི་སྐད་སྒྲ་ཤེད་ཀྱིས་སྒྲོག་པའི་སྐྱེས་སུ་སྐོར་ཞིག་བལྟམས། ཁོ་ཚོས་རང་གི་རྣམ་ཤེས་ལ་རང་གིས་ཚ་འདྲི་ནན་གྱིས་བཏང་། རང་གི་བདེ་སྡུག་རང་གི་ཕྲག་ཏུ་སྟོབས་ཀྱིས་བཀྱགས། རང་གི་མདུན་ལམ་རང་གིས་བདམས་ཤིང་རང་གིས་གཤགས། རང་གི་སྐྱབས་མགོན་རང་ཉིད་ཁོ་ན་བཀུར། རང་གི་ཉེས་པར་རང་གིས་འགྱོད་བཤགས་བྱས། ཁོ་ཚོས་ད་དུང་གས་སྲུབ་མེད་ས་ནས་གས་སྲུབ་བཏོད་དེ་འོད་སྣང་འདྲེན་པའི་སྟ་གོན་བྱས། ཁོ་ཚོས་ད་དུང་རྒྱང་རིང་མིག་གིས་འཇལ་ཏེ་ལུང་པ་ཁ་བྱང་ལྟ་དང་འབྲལ་གྲབས་བྱས། ཁོ་ཚོས་ད་དུང་ནག་ནོག་དང་ལྗན་ལྗུན་བཀྲུས་ཏེ་ཁོར་ཡུག་དེ་ཕྱི་གསལ་ནང་གསལ་དུ་བསྒྱུར་རྩིས་བྱས། ཁ་ཚོས་ད་དུང་གཉེན་ཉེ་དང་དགྲ་བོ་རིས་མེད་དུ་བཀུར་ཏེ་བརྩེ་བའི་ལག་རྡང་སྦྲེལ་རྩིས་བྱས། ཁོ་ཚོས་ད་དུང་རང་གི་དྲན་ཚུལ་མ་ལུས་གསོང་བོར་བརྗོད་དེ་ཀུན་ཡང་དཔུང་དུ་སྡེབ་རྩིས་བྱས།
ཡིན་ནའང་། མ་གཞི། ཁོ་ཚོ་སོག་ལེ་དང་སྟ་གྲིའི་སོ་ཁ་ཐག་ཐག་འཐབ་པའི་འཇིག་རྟེན་ཞིག་ཏུ་ལུས་འདུག ཁོ་ཚོ་སྒྲོ་སྐུར་དང་བསྙད་དཀྲིའི་ཡོ་ལང་རབ་ཏུ་འཁྲུགས་པའི་འཇིག་རྟེན་ཞིག་ཏུ་ལུས་འདུག ཁོ་ཚོ་དམའ་འབེབས་དང་མཆིལ་ཞགས་ཐོལ་ཐོལ་འཕྱུར་བའི་འཇིག་རྟེན་ཞིག་ཏུ་ལུས་འདུག མ་གཞི། ཁོ་ཚོ་ནི་ཁ་ཆུང་དབང་ཆུང་ཏག་ཏག་ཡིན། ཁོ་ཚོ་ནི་འཁོས་ཆུང་ཉམ་ཆུང་ཏག་ཏག་ཡིན། ཁོ་ཚོ་ནི་གུས་ཆུང་གཉོམ་ཆུང་ཏག་ཏག་ཡིན། དེ་ལྟ་ནའང་། ཁོ་ཚོས་འུག་པའི་སྐྱེས་པ་བླངས་ཡོད་པས། ཕྱོགས་བཞི་སྨག་གིས་བཅིངས་པའི་མཚན་མོར། ཁོར་ཡུག་གི་སྐྱོན་ཡོན་དང་། ཡག་བཙོག བདེན་རྫུན། བདེ་སྡུག་སོགས་ལ་དྲང་བོས་མིག་གིས་ལྟ་ཞིང་མེལ་ཚེ་བྱེད་པ་དེ་རང་གི་འགན་དུ་བླངས་ཡོད།
རྒྱ་ནག་གི་མཁས་དབང་ལུའུ་ཞུན་གྱིས། ང་ཚོ་རྒྱ་ནག་པས་ཐོག་མ་ཉིད་ནས་མི་ཚེ་ལ་ཐད་ཀར་གདོང་གཏོད་མི་ཐུབ་པས། སྦ་གསང་དང་མགོ་སྐོར་གཏོང་བར་གོམས་པ་རེད། དེར་བརྟེན་ང་ཚོར་སྦ་གསང་དང་མགོ་སྐོར་གཏོང་བའི་རིག་རྩལ་ཞིག་ཀྱང་དར་འདུག རིག་རྩལ་དེས་རྒྱ་ནག་པ་རྣམས་སྔར་ལས་ཀྱང་སྦ་གསང་དང་མགོ་སྐོར་གཏོང་བའི་འདམ་མྱགས་སུ་འབྱིང་དུ་བཅུག་པ་མ་ཟད། ང་ཚོས་ད་དུང་དེ་ཚོར་གྱིན་མི་འདུག་ཟེར། ཁོང་གིས་ད་དུང་གསུངས་དོན། བདག་གིས་དངོས་གནས་མི་གཞན་ལ་ནམ་ནམ་ཞར་ཞར་གཤག་བཅོས་བྱེད་བཞིན་ཡོད། ཡིན་ནའང་ལྷག་པར་དུ་རང་ཉིད་ལ་བརྩེ་མེད་དུ་གཤག་བཅོས་བྱེད་བཞིན་ཡོད།
ཐའེ་ཝན་གྱི་མཁས་ཆེན་པའོ་དབྱང་གིས། ང་ཚོ་རྒྱ་ནག་པར་ངེས་པར་དུ་དགོས་པ་གཉིས་ཡོད་དེ། གཅིག་ནི་བཟོད་སྒོམ་དང་། ཅིག་ཤོས་ནི་བརྩི་བཀུར་ཡིན། མི་གཞན་ལ་བརྩི་བཀུར་བྱེད་ཤེས་དགོས་ཤིང་། མི་གཞན་གྱི་མི་གཞི་ལ་བརྩི་བཀུར་བྱེད་ཤེས་དགོས། ད་དུང་མི་གཞན་གྱི་བསམ་འཆར་ལ་བརྩི་བཀུར་བྱེད་ཤེས་དགོས་པ་མ་ཟད། རང་ལ་ངོ་རྒོལ་བྱེད་པའི་བསམ་འཆར་ལའང་བརྩི་བཀུར་བྱེད་ཤེས་དགོས། དེ་ལྟར་བྱས་ཀྱང་གཞན་གྱིས་རང་ལ་བཀུར་བར་མི་བྱེད་ཚེ། ཁྱེད་ལ་བླ་མེད་ཀྱི་གཤིས་ཀ་གཞན་ཞིག་མཁོ་སྟེ། དེ་ནི་བཟོད་སྒོམ་ཡིན་ཟེར། ཁོང་གིས་ད་དུང་གསུངས་དོན། རྫུན་གཏམ་གྱིས་ཁེངས་པའི་སྤྱི་ཚོགས་ཤིག་གི་ནང་དུ་རྒྱལ་དམངས་ལ་བླ་མེད་ཀྱི་གཤིས་ཀ་བཟང་བོ་ཞིག་ཆགས་ཐབས་ཡོད་པ་མ་རེད།
དེ་བཞིན་དུ། ང་ཚོའི་ལུང་པ་ཁ་བྱང་ལྟ་འདིར་རང་སྣང་སྐྱིད་པའི་ལབ་རྡོལ་འབྱིན་མཁན་དག་ལའང་། མི་ཚེར་ཐད་ཀར་གདོང་གཏོད་པའི་སྤོབས་པ་དབེན་ཞིང་། གཞན་ལ་དོན་དངོས་སྦ་གསང་དང་མགོ་གཡོག་མགོ་སྐོར་གཏོང་བའི་གོམས་གཤིས་ཤིག་ཤ་གསེང་རུས་གསེང་དུ་ཆགས་ཡོད་ལ། ང་ཚོས་གཞན་ལ་དོན་དངོས་སྦ་གསང་དང་མགོ་གཡོག་མགོ་སྐོར་གཏོང་བ་དེ་རང་ཉིད་ཀྱི་གཟི་བརྗིད་དུ་བརྩིས་ནས་ངོམ་སོ་ཅི་ཡང་བྱེད། ཆེས་སྐྲག་པ་ནི་ཤེས་རྨོངས་མིན་པར། ཤེས་རྨོངས་དེ་དབང་གྲགས་སུ་བརྩི་བ་དེ་རེད་ཅེས་པ་ལྟར། ང་ཚོའི་ལུང་པ་ཁ་བྱང་ལྟ་འདིར་ཤེས་རྨོངས་དབང་གྲགས་སུ་བརྩི་བའི་རང་རློམ་ཅན་ས་ཁྱབ་རྡོ་ཁྱབ་ཡིན་པས། ང་ཚོས་མི་གཞན་ལ་གཤག་བཅོས་བྱེད་པའི་མཚུངས་སུ་རང་ཉིད་ལའང་གཤག་བཅོས་བྱ་དགོས་སོ།།
ང་ཚོའི་ལུང་པ་ཁ་བྱང་ལྟ་འདིར་རང་སྣང་སྐྱིད་པའི་ལབ་རྡོལ་འབྱིན་མཁན་དག་ལའང་། ངེས་པར་དུ་མཁོ་བ་ནི་གཞན་ལ་བཟོད་སྒོམ་དང་བརྩི་བཀུར་བྱེད་པའི་སྙིང་སྟོབས་གཉིས་ཡིན་ཏེ། འབུར་འཇོམས་དང་གཏུབ་གཅོད་ཀྱི་སྟ་རེ་ཅི་མི་སྙམ་པར་ཐོགས་པའི་རང་རློམ་ཅན་རྣམས་ཀྱིས་གཞན་གྱི་མི་གཞི་ལ་རྡོག་རྫུས་གཏོང་ཞིང་། ནོར་འཁྲུལ་ལ་དགག་རྒྱག་དང་ཐེར་འདོན་བྱས་ཚེ། ཁ་ཕོ་འབྲུག་ལྟར་སྒྲོག་ཅིང་ཁ་སྡིགས་ཁོག་སྡིགས་ཅི་ཡང་བྱེད་པ་ནི་ཆོས་ཉིད་དུ་གྲུབ་ཡོད་པས། ང་ཚོར་བླ་མེད་ཀྱི་གཤིས་ཀ་ཞིག་ཆགས་དགོས་ན་གཞན་ལ་བཟོད་སྒོམ་དང་བརྩི་བཀུར་བྱེད་པའི་དུས་མཚུངས་སུ། གསོག་གསོབ་ཚུལ་འཆོས་དང་རྫུན་གཏམ་མགོ་སྐོར་གཏོང་བའི་ལས་དང་རིང་ནས་རིང་དུ་འབྲལ་དགོས་སོ།།
ཁ་ཆུང་དབང་ཆུང་གི་ང་ཚོས། འཁོས་ཆུང་ཉམ་ཆུང་གི་ང་ཚོས། གུས་ཆུང་གཉོམ་ཆུང་གི་ང་ཚོས། ཇི་སྲིད་བར་དུ་བདེན་པའི་ང་རོ་བསྒྲག་ངེས། རང་དབང་གི་གླུ་གཞས་གཏང་ངེས། ཁ་ཆུང་དབང་ཆུང་གི་ང་ཚོས། འཁོས་ཆུང་ཉམ་ཆུང་གི་ང་ཚོས། གུས་ཆུང་གཉོམ་ཆུང་གི་ང་ཚོས། དུས་ནམ་ཡང་སུ་ལའང་མགོ་བོ་བསྒུར་མི་སྲིད། གང་ལའང་ལགས་སོ་ཟེར་མི་སྲིད། ང་ཚོ་ནམ་ཡང་དཔྱ་ཁྲལ་སྤྲོད་པ་ལྟ་བུའི་ལས་དང་རིང་དུ་བྲལ་ནས་རྫུན་གྱི་གདོང་འབག་དབྲལ་བར་འབད་ངེས། ང་ཚོ་ནམ་ཡང་གསོག་གསོབ་དང་ཚུལ་འཆོས་ཀྱི་ལས་དང་རིང་དུ་བྲལ་ནས་སྐྲན་ནད་ཀྱིས་ཟིན་པའི་སེམས་རྨ་ལ་གཤག་བཅོས་བྱེད་པར་བརྩོན་ངེས། ང་ཚོ་ནམ་ཡང་ཇོ་བཟང་གི་རྣམ་ཐར་སྐྱོང་བའི་ལས་དང་རིང་དུ་བྲལ་ནས་སྐྱོན་གྱིས་གོས་པའི་མི་གཤིས་ལ་དགག་གཞག་ནན་གྱིས་སྤྲོད་ངེས། ཡིན་ནའང་། ང་ཚོས་གཞན་ལ་བརྩི་བཀུར་བྱ་ངེས། ང་ཚོས་གཞན་གྱི་མི་གཞི་ལ་བརྩི་བཀུར་བྱ་ངེས། ང་ཚོས་གཞན་གྱི་བསམ་འཆར་ལ་བརྩི་བཀུར་བྱ་ངེས་པ་མ་ཟད། ང་ཚོས་རང་ཉིད་ལ་ངོ་རྒོལ་བྱེད་མཁན་ཀུན་ལའང་བརྩི་བཀུར་དང་བཟོད་སྒོམ་བྱ་ངེས།
ང་ཚོས་ད་དུང་གཞན་ལ་གཤག་བཅོས་བྱེད་པའི་དུས་མཚུངས་སུ་རང་ཉིད་ལའང་རྣམ་ཀུན་ཏུ་གཤག་བཅོས་བྱ་ངེས་སོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3299
དཔྱད་མཆན་སྤེལ།