གླེང་གཞི།

དེ་ཡང《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པའི་སྒྲུང་དེ་ལྷ་བྱམས་རྒྱལ་གྱིས་ཉིས་སྟོང་བཅོ་ལྔ་ལོར་གསར་དུ་བརྩམས་པའི་འབྲུང་འབྲིང་ཞིག་སྟེ། ༢༠༡༦ལོའི་སྦྲང་ཆར་རྩོམ་རིག་དུས་དེབ་དང་པོའི་ཐོག་བཀོད་ཡོད།  དེ་མཚུངས༢༠༡༦ལོའི་ཟླ༡༠པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི། ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས་ནང་བཏུས་ཡོད།

《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པའི་ནང་ཡར་འབྲོག་རྒྱུད་ནས་ཡིན་པའི་དཔལ་ལྷ་ཞེས་པའི་རིག་གནས་དམའ་ལ་སྤྱི་ཚོགས་ཐོབ་ཐང་སྐྱོ་བའི་བུ་མོ་ཞིག པེ་ཅིང་གྲོང་ཁྱེར་དུ“ལྷ་སའི་ཉི་འོད”ཅེས་པའི་བོད་ལུགས་གསོལ་ཁང་ཞིག་ཏུ་བྲོ་འཁྲབ་ནས་ཡོང་བབས་གསོག་པར་ཡོང་བའི་ལོ་གསུམ་རིང་གི་མི་ཚེའི་སྐྱིད་སྡུག་ཅིག་བརྗོད་ཡོད་དེ།  མོའི་ལས་དབང་ནི་ཐོག་མ་ཉིད་ནས་གཡོལ་ཐབས་མེད་པའི་བརྩེ་དུང་གི་བསླུ་བྲིད་ཀྱིས་ཟིན་པས།  བརྩེ་དུང་དང་འཚོ་གནས་ཀྱི་བར་དུ་མོའི་དྭངས་གཙང་གི་ལུས་པོ་ཤོར་ལ། དྭངས་གཙང་གི་སེམས་ཁམས་བོར་བ་དང་།  མཐའ་མར་རྩ་ཆེན་གྱི་ནོར་བུ་གཟི་མིག་དགུ་མ་དེའང་རྐུ་ལ་ཤོར་ནས། མཇུག་ཏུ་རླངས་འཁོར་གྱི་ཆག་སྒོས་རྐྱེན་པས་གཞན་ཡུལ་དུ་རང་སྲོག་ཤོར་བའི་སྐྱོ་གར་ཞིག་སྤྲོས་བརྗོད་བྱས་ཡོད།   དཔལ་ལྷའི་སྐྱོ་གར་དེ་ལས་དེང་གི་བོད་པའི་མི་རབས་ཤིག་གི་རིག་གནས་ཉམས་གུད་དང་།  མི་གཞི་་འགྱུར་འགྲོ་བའི་སྤྱི་ཚོགས་ཀྱི་སྐྱོ་གར་ཆེན་མོའི་འཕེལ་གྲིབ་ཅིག་རྩོམ་པ་པོས་དངོས་ཡོད་རིང་ལུགས་དང་མོང་ཐ་རྗིའི་སྤྲོས་བརྗོད་ཐབས་རྩལ་ལ་བརྟེན་ནས་ཀློག་པ་པའི་སྤྱན་ངོར་འཇམ་ཤའི་ཟུར་ཁ་ཐོན་པའི་ངང་སྐྱོ་གར་གྱི་མཛེས་པ་ཞིག་སྤྲོས་སོ། །

དང་པོ།  སྒྲུང་གཏམ་ནང་གི་གཙོ་བོའི་མི་སྣ་ཁག

སྒྲུང་གཏམ་དེའི་ནང་གི་མི་སྣ་གཙོ་བོ་ལྔ་ནི། དཔལ་ལྷ་དང་། སུམ་པ།  རྣམ་གྲོལ། གཡུ་སྒྲོན། དཔལ་རྣམ་བཅས་ཡིན།  མི་སྣ་དེ་དག་ནི་གཟུགས་བརྙན་འབུར་དུ་ཐོན་པའི་མི་སྣ་ཤ་ཅིག་སྟེ།  ཁོ་ཚོའི་ལུས་ཐོག་ནས་མངོན་པའི་གཤིས་ཀའི་ཁྱད་ཆོས་དེ་དག་ནི་དེང་གི་བོད་པའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་སྣ་མང་པོ་ཞིག་གི་འདུས་གཟུགས་ལྟ་བུར་ཆགས།   སྒྲུང་གཏམ་གྱི་མི་སྣ་གཙོ་བོ་དཔལ་ལྷ་ནི་རྩོམ་པ་པོས་སྨྱུག་ཁ་ཤེད་ཀྱིས་འབྲི་བཞེངས་མཛད་པའི“སྤྱི་ཚོགས་ཀྱི་རིམ་པ་དམའ་གྲས་ཀྱི་མི་སྣ་སྟེ།  གཡོག་རྒྱུག་མཁན་ནམ་རྒྱལ་ཁབ་ཀྱི་གླ་ཕོགས་མེད་པར་སོ་སོའི་ལག་ཟུང་ལ་་བརྟེན་ནས་འཚོ་བར་རོལ་མཁན་གྱི་བོད་རིགས་དེ་ཚོའི་འགྱུར་ལྡོག་དང་།  ལས་དབང་།   མི་ཚེ།  ཁོ་ཚོའི་ལྟ་ཚུལ་སོགས་འབྲི་བ་རེད།” རྩོམ་པ་པོས།  “ཁོ་ཚོའི་འགྱུར་ལྡོག་ནི་གལ་ཆེན་པོ་ཞིག་རེད་”གསུངས་ཤིང་།  “ཁོ་ཚོའི་འགྱུར་ལྡོག་ནི་འཚོ་གནས་ཀྱི་འགྱུར་ལྡོག་ཡིན་པ་དང་།  འཚོ་གནས་ཀྱི་འགྱུར་ལྡོག་ནི་སྤྱི་ཚོགས་ཤིག་དང་མི་རིགས་ཤིག ཡང་ན་རྒྱལ་ཁབ་ཅིག་གི་མ་འོངས་པའི་ལམ་ཀ་བདམས་གསེས་བྱེད་པའི་ཆེས་ཆེ་བའི་སྒུལ་ཤུགས་དེ་ཡིན་ལ།  མི་གཤིས་རྣལ་མ་དེ་ཤར་སའི་མེ་ལོང་ཡང་ཡིན་ངེས”ཞེས་གསུངས་པ་ལྟར།  སྒྲུང་གཏམ་འདིར་འཚོ་གནས་ཀྱི་འགྱུར་ལྡོག་སྐོར་གྱི་བརྗོད་བྱ་ཞིག་བློས་བསླང་བྱས་ཡོད་ཡོད།  འཚོ་གནས་ཀྱི་དོན་དུ་མི་སྣ་ཁག་གི་ལུས་ཐོག་ན་མངོན་པའི་གཤིས་ཀའི་འགྱུར་ལྡོག་དང་།  ལས་དབང་འགྱུར་ལྡོག་དེ། སྒྲུང་གི་བྱུང་རིམ་གྱི་ཁུངས་སྣེ་གཙོ་བོ་ཞིག་དང་། སྒྲུང་འབྲིང་དེའི་ཐུན་མིན་གྱི་སྐྱོ་གར་གྲུབ་པའི་སྒྲོམ་གཞི་ཆེན་མོ་ཞིག་ཏུ་གྱུར་ཡོད།

མི་སྣ་གསར་བཞེངས་ཐད་དམིགས་བསལ་ཐོད་བརྒལ་ཞིག་ནི། སྒྲུང་དེའི་ནང་མདོ་དབུས་ཁམས་གསུམ་ཀྱི་བོད་པ་ཚང་ལ།   རྒྱ་མི་དང་ཕྱི་རྒྱལ་སོགས་པའི་མི་རིགས་གཞན་པའི་མི་སྣའི་གཟུགས་བརྙན་ཀྱང་འབྲི་བཞེངས་མཛད་ཡོད།  དེ་མིན་ན།  དེང་རབས་དངོས་མཚོན་གྱི་བོད་པའི་སྒྲུང་གཏམ་མང་པོ་ཞིག་ལ།  ཡུལ་བྱེ་བྲག་པ་དང་།  མི་རིགས་ཆིག་རྐྱང་པའི་མི་སྣ་ལས་མངོན་རྒྱུ་མེད་པའི་སྟོང་ཆ་ཞིག་ལུས་ཡོད།

གཅིག   དཔལ་ལྷ།

དཔལ་ལྷ་ནི་སྒྲུང་གཏམ་ནང་གི་གཙོ་བོའི་མི་སྣ་ཞིག་སྟེ།  ཐོག་མ་ནས་སྐྱོ་གར་རང་བཞིན་ཅན་གྱི་མི་སྣ་ཞིག་ཡིན།  ཆུང་དུས་ཡར་འབྲོག་གཡུ་མཚོའི་འགྲམ་གྱི་ཤེལ་དཀར་གྲོང་ཚོར་འཚར་ལོངས་བྱུང་ཞིང་།  སློབ་ཆུང་མ་གཏོགས་འགྲིམས་མ་མྱོང་། ཆུང་ནས་ཕ་མེད་དེ། དཔལ་ལྷས་ག་དུས་རང་གི་ཨ་མར་ཕ་སུ་ཡིན་མིན་བརྩད་ཀྱང་ཨ་མས་ལན་གསལ་པོ་ཞིག་མ་བཏབ། རྗེས་སུ་ན་སོ་ལོན་པ་དང་དང་བསྟུན་མོའི་ཨ་མས་བཤད་པ་ལྟར་ན། མོའི་ཕ་དེནི་ཚོང་དཔོན་ཆེན་མོ་ཞིག་ཡིན་པ་དང་།  ལོ་ཞིག་ལ་ཡར་འབྲོག་གཡུ་མཚོའི་མཐའ་ནས་མོའི་ཨ་མ་དང་ཁ་ཐུག་ཤིང་ལུས་སྦྲེལ་བྱུང་། འགྲོ་ཁར་ལེགས་སྐྱེས་གཟི་མིག་དགུ་མ་ཞིག་བཞག་ནས་ལོ་ཕྱི་མའི་དྲུག་པ་ཚེས་བཞིར་ཐུག་རྒྱུའི་ཁ་ཆད་བྱས། ཏག་ཏག་དེའི་ལོ་ཕྱི་མར་མོའི་ཨ་མས་སྒུག་སྒུག་ཀྱང་ཚོང་དཔོན་རེད་ཟེར་བའི་སྐྱེས་པ་དེ་མ་བསླེབ་རུང་དཔལ་ལྷ་བཙས། དེས་ན་དཔལ་ལྷ་ནི་ཆུང་དུས་ནས་ཨ་མ་དང་ལྷན་དུ་འཚོ་རྩིས་ཀྱི་ཐག་པ་གཅིག་ཏུ་སྦྲེལ་ནས་ནར་སོན། རྟིང་ལ། ཨ་མ་ལོ་རྒས་པ་དང་བསྟུན་གྲུམ་ནད་འཕོག་པས་སློབ་མཚམས་བཞག་ནས་ཁྱིམ་དུ་ཨ་མའི་འཁྲིས་སུ་མི་སྡོད་དཀའ་མེད་བྱུང་། དེའི་རིང་དུ་དཔལ་ལྷ་ནི་ནམ་ཞག་རྒྱུན་དུ་ཁྱིམ་ལས་ཙག་ཙིག་ཕུད།  གམ་པ་ལ་མོའི་ཉག་ཁར་ལམ་མགྲོན་ཚོར་དར་ལྕོག་འཚོང་གིན་འཚོ་ཐབས་བྱེད་པའོ། །

སྒོས་སུ་ཡོང་བབས་མཐོན་པོ་དང་འཚོ་བའི་ཆ་རྐྱེན་དྲ་རྒྱས་པོ་མེད་རུང་། དེ་དུས་ཁོ་མོ་ནི་སེམས་ཁམས་ཡར་འབྲོག་གཡུ་མཚོ་ལྟར་དྭངས་ཤིང་ཡིད་དབང་འཕྲོག་པའི་ཞིང་གྲོང་གི་བུ་མོ་ལྷད་མེད་ཞིག་རེད་ཨང་།  དེ་དག་ཐམས་ཅད་སྒྲུང་གཏམ་ཧྲིལ་པོར་དཔལ་ལྷའི་རྒྱུན་མེད་པའི་རྒྱུན་གྱི་དྲན་འཆར་ཁྲོད་ནས་ཁུངས་འདེད་བྱ་ཐུབ།  མོའི་ལས་དབང་ལ་འགྱུར་བ་འགྲོ་བའི་དཀྱོགས་མཚམས་གཙོ་བོ་ཞིག་ནི། གམ་པ་ལ་མོའི་རྩེར་དར་ལྕོག་ཚོང་རྒྱག་དུས་གཡུ་སྒྲོན་ཟེར་བའི་བུ་མོ་ཞིག་དང་ངོ་ཤེས་པ་ལ་བརྟེན་ནས།  ཁོ་མོའི་ངག་ལ་ཉན་ནས་པེ་ཅིང་དུ་ལས་ཀ་འཚོལ་བར་བསྐྱོད་དོ། །

མོ་པེ་ཅིང་དུ་སླེབས་ནས་ལོ་གསུམ་སོང་ཤུལ་དུ།  “ལྷ་སའི་ཉི་འོད་”ཅེས་པའི་བོད་པའི་སྤྲོ་སྐྱིད་གསོལ་ཁང་ཆེན་མོ་ཞིག་ཏུ་མཚན་མོར་ཞབས་བྲོ་འཁྲབ་རྒྱུའི་ལས་ཀ་ལས། དཔལ་ལྷ་ལྟ་བུའི་ཞིང་གྲོང་ནས་ཡོང་བའི་བུ་མོ་སྤྱིར་བཏང་བ་ཞིག་ལ་མཚོན་ན། འཚོ་གནས་ཀྱི་འགྲན་རྩོད་རབ་ཏུ་རྒོད་པའི་པེ་ཅིང་དུ་ཡོང་བབས་གསོག་རྒྱུ་ནི་དཀའ་ཁག་ཅན་ཞིག་མོད་ཀྱང་། ལས་ཀ་རག་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི།  མོ་ནི་སྐྱེས་གཟུགས་ལེགས་ཤིང་ཁ་འབྲས་མཚར་བའི་སྟབས་ཀྱིས། གཡུ་སྒྲོན་གྱིས་ཀྱང་དང་ཐོག་མོའི་དགེ་མཚན་དེར་བསམ་ནས་པེ་ཅིང་དུ་བཀུག་འོང་བའོ། །

བུ་མོ་ཞིག་ལ་མཚོན་ན།  ཁ་ངོ་སྐྱེ་འབྲས་མཚར་བ་ནི་གཞན་ལ་ངོམ་རིན་ལྡན་པའི་ལུས་ཐོག་གི་དགེ་མཚན་ཞིག་ལ། ལྷག་པར་ཡོད་ཚད་ཕྱིའི་མཛེས་པ་དང་ཚུལ་འཆོས་ཀྱིས་རློམས་པའི་གྲོང་ཁྱེར་འཚོ་བའི་ཁོར་ཡུག་ཁྲོད། བུད་མེད་ཞིག་གི་རྒྱུད་ལ་མངའ་བའི་ལྷན་སྐྱེས་ཀྱི་མཛེས་པ་དེ་ནི་ཀུན་གྱིས་ཡིད་སྨོན་དང་སེམས་པ་འཆོར་བའི་གནས་ཤིག་དང་།  བུད་མེད་རང་སྟེང་གི་འཚོ་ཐབས་ཀྱི་མ་རྩ་ཞིག་ཏུ་ངོས་འཛིན་ཆགས་ཡོད།  དཔལ་ལྷ་དང་ཐོག་གཡུ་སྒྲོན་དང་གམ་པ་ལ་མོའི་རྩེར་གཏམ་གླེང་བྱེད་དུས།  ཁོ་མོས་སྣང་མེད་དུ་བཞིན་གྱི་ཁ་རས་དཀྲོལ་བར། གཡུ་སྒྲོན་ནི་དངོས་གནས་དཔལ་ལྷའི་ཁ་ངོ་སྐྱེ་འབྲས་ལ་ཧ་ལས།  དེའང་དཔལ་ལྷ་རང་ཉིད་ནས་ཀྱང་མ་གཞིར་བོད་ལ་པེ་ཅིང་ལྟར་མཁའ་དབུགས་རྫབ་རྫོབ་མེད་རུང་།  ཡིན་ཅིག་ཁ་རས་རྒྱག་དགོས་པའི་རྒྱུ་རྐྱེན་ཞིག་ནི། རང་ཉིད་ཀྱི་ཁ་འབྲས་ཀྱིས་རྐྱེན་པས་ཡུལ་སྐོར་བ་དང་ལམ་འགྲོ་བའི་པར་ཆས་ཀྱི་དོ་སྣང་བྱ་ཡུལ་ལས་གཡོལ་ཆེད་དུ་རེད།   དཔལ་ལྷ་རང་ཉིད་ནས་དང་ཐོག་པེ་ཅིང་དུ་ཡོང་དུས།  རང་གི་མཛེས་པ་དེ་ལ་བརྟེན་ནས་ནང་མ་ཨར་ཁང་དུ་མཚན་བྲོ་འཁྲབ་ནས་སྐུ་མགྲོན་གྱི་མིག་གདངས་འགུགས་པའི་འཕྱོར་རློམ་སྐྱེས་མ་མྱོང་རུང་།  གྲོང་ཁྱེར་འདིའི་མི་ཚོའི་གཟུགས་མེད་ཀྱི་བག་ཆགས་ཁྲོད་ན་མོ་བུ་མོ་གཞན་དང་འདྲ་བར་ངོ་མ་དེ་ལྟ་བུའི་ཤ་དངོམ་མཁན་གྱི་བུ་མོ་ཞིག་ཏུ་ངོས་འཛིན་ཡོད། མཐར་གཏུག་མོའི་ལྷན་སྐྱེས་ཀྱི་མཛེས་པ་དེ་ན་ཇི་བཞིན་རང་ཉིད་བརླག་བྱེད་ཀྱི་སྐྱོ་གར་གྱི་རྒྱུ་གཙོ་བོ་ཞིག་ཀྱང་ངོ་། དཔལ་ལྷར་མཚོན་ན་དེ་ལ་ཐབས་ཤེས་མེད་དེ། མོ་ལྟ་བུའི་ཞིང་གྲོང་ནས་ཡོང་བའི་སློབ་གསོ་ཆུ་ཚད་ཞན་ལ། རྒྱ་ཡིག་ཀྱང་ཡག་པོ་བལྟ་མི་ཐུབ་པའི་འཁོས་ཞན་ཞིག་ལ་མཚོན་ན། ངོམ་རྒྱུ་བརྟེན་རྒྱུ་རང་གི་མཛེས་པ་མ་གཏོགས་ཅི་ཡོད། དེ་བས་གནས་བབས་གང་འདྲ་རུང་དེར་བརྟེན་ནས་ནང་གི་འགྲོ་གྲོན་དང་གཅུང་པོའི་སློབ་ཡོན། ཨ་མའི་སྨན་ཡོན་དང་བཅས་པ་བསམ་པ་རྣམ་དག་གིས་གསོག་གིན་འབད། དེའི་ངོས་ནས་དཔལ་ལྷ་ནི་དངོས་གནས་དེང་དུས་བོད་ཁུལ་ན་རྒྱུན་མཐོང་ལ་ཡང་རྙེད་དཀའ་བའི་ཕ་མའི་དྲིན་ལ་བསམ་ཞིང་། ཁྱིམ་ཚང་གི་འགན་ཁུར་ཆེད་དུ་དཀའ་སྡུག་གང་ཡང་མྱངས་འཕོད་པའི་བསམ་ཤེས་ཅན་གྱི་བུ་མོ་ཡིད་ལུགས་ཚུལ་ལྡན་ཞིག་ཡིན་མོད།  འོན་ཀྱང་། པེ་ཅིང་གྲོང་ཁྱེར་ལྟ་བུའི་མཁའ་དབུགས་རྫབ་རྫོབ་དང་། མི་སེམས་རབ་རིབ།  ཁྲམ་དང་གཡོ་སྒྱུ་ཁོ་ན། བསམ་རྒྱུ་དངུལ་དང་དྲན་རྒྱུ་ནོར་ལས་མེད་པའི་སྤྱི་ཚོགས་ཁོར་ཡུག་རབ་རིབ་དེ་འདྲའི་ཁྲོད། མོར་རང་གི་རྣམ་དཔྱོད་ཕྲ་མོ་དེས་ཡོད་ཚད་ལ་བཟོད་བསྲན་བྱེད་པ་དང་། གཡོལ་ཐུབ་པའི་ནུས་པ་འདང་གི་མི་འདུག ཡ་ང་བའི་འཚོ་གནས་ཀྱི་རྔམ་ཁས་མོའི་དྭངས་གཙང་གི་ལུས་པོ་དང་དྭངས་གཙང་གི་སེམས་པ་དང་བཅས་པ་གྲོང་ཁྱེར་དེའི་མཁའ་དབུགས་བཞིན་སྣོག་སོང་།དེ་ནི་སྒྲུང་འདིའི་སྐྱོ་གར་གྱི་བརྗོད་བྱ་གལ་ཆེན་ཞིག་སྟེ། ལོ་གསུམ་ནང་དུ་མོ་དང་ཐོག་གྲོང་ཁྱེར་འཚོ་བར་མི་གོམས་མཁན་ཞིག་ནས་གོམས་ལོབས་ཅན་ཞིག་ཏུ་འགྱུར་སོང་བ་དང་། ནང་མ་ཨར་ཁང་ནང་སྐུ་མགྲོན་གྱི་མདུན་དུ་གླུ་ལེན་གར་འཁྲབ་དང་ཁ་ཡག་ངོ་བསྟོད། ཐ་ན་ཆང་རག་ཁ་ལ་མི་ལེན་མཁན་ཞིག་ནས་རིམ་གྱིས“དཔལ་ལྷ་བྱང་མར”འགྱུར་སོང་། “ལུས་ཀྱི་ཤ་རྗེན་གྱི་ཆ་མང་བོ་ཞིག་མངོན་སུམ་འཛེམ་མེད་ཀྱིས་ཕྱི་རུ་ངོམ་པར་བྱེད་པའི་འཁྲབ་ལྭ་དེ་རིགས་ལ་འཚེར་སྣང་སྐྱེས་མཁན་ཞིག་ནས་གོམས”ཡོད་པར་གྱུར།

“བྱང་མར”འགྱུར་བའི་གོ་རིམ་དེའི་ཁྲོད་དུ། ཁོ་མོས་མཐའ་གཅིག་ཏུ་བརྩེ་དུང་ཟེར་བ་དང་རྒྱུ་འབྲས་ཟེར་བ་བརྩོན་ལེན་དང་བསྲུང་བཞིན་ཡོད་རུང་།  མཐའ་མ་ཡོད་ཚད་རིན་ཐང་ཤོར་བའི་རེ་ཟད་འབའ་ཞིག་ཏུ་གྱུར། དེའི་དོན་དུ་རང་གི་ལང་ཚོའི་མེ་ཏོག་ཤོར་ལ།  དྭངས་གཙང་གི་སེམས་པ་ཤོར། ཐ་ན་ཤིན་ཏུ་གཅེས་པའི་གཟི་མིག་དགུ་མ་དེའང་ཧ་གོ་འདི་གོ་མེད་པར་ཤོར་བ་དང་ལྷན་དུ། ཉམ་ཆུང་གི་ཚེ་སྲོག་ཀྱང་གང་ཡིན་འདི་ཡིན་མེད་པར་འཕྲོག་སོང་། དཔལ་ལྷ་ནི་དངོས་གནས་ཡོད་ཚད་དངུལ་གྱིས་གཞལ་བའི་དེང་གི་སྤྱི་ཚོགས་གསོག་གསོབ་དེའི་ཁྲོད་དུ། གོ་མེད་ཚོར་མེད་དུ་ཁྱུར་མིད་བཏང་བའི་ཚེ་སྲོག་གཅིག་དང་། དུས་རབས་གསར་པའི་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཁྲོད། རང་གི་ལས་དབང་རང་གིས་ཅིས་ཀྱང་ཚོད་འཛིན་དང་ཁ་ལོ་མི་ཐུབ་པར།  སྤྱི་ཚོགས་ཀྱི་ཁོར་ཡུག་ཆེན་མོའི་ཁྲོད་ཇི་བཞིན་འཐིམ་འགྲོ་ཞིང་བརླག་འགྲོ་བའི་བོད་མིའི་རྣམ་ཤེས་ཤིག་རེད། མི་སྣ་དེ་རིགས་ཀྱི་མི་གཤིས་ལ་གཟུགས་མེད་ཀྱི་བརྡབ་གསིག་དང་རྡོག་བརྫིས་ཐེབས་རུང་།  ཁོ་ཚོའི་རྒྱུད་ན་ཡོད་པའི་བོད་མིའི་ལས་རྒྱུ་འབྲས་བརྩི་ཞིང་དྲིན་ཕ་མ་བསམ་པའི་གཤིས་སྤྱོད་དེ་ནི་གཏན་ནས་རང་གར་བོར་མེད་པ་ནི།  དཔལ་ལྷའི་མི་གཤིས་ལས་འཕྲོས་པའི་འོད་ཟེར་ཞིག་མིན་ནམ།

གཉིས།   ཁྱི་དང་འདྲ་བའི་སུམ་པ།

ཁམས་ཕྱོགས་ནས་ཡིན་པའི་སུམ་པ་ནི་པེ་ཅིང་གྱི་ལྷ་སའི་ཉི་འོད་ཅེས་པའི་གསོལ་ཁང་ནང་གི་གླུ་པ་ཡོད་ན་མེད་ན་དེ་ཡིན་ཏེ། ཁོའི་གླུ་གཞས་ནི་པེ་ཅིང་གྱི་ལྷ་སའི་ཉི་འོད་ནང་དུ་སྐད་གྲགས་ཆོད་པས་མི་ཚད་པར།  གླུ་གཞས་ཆེད་བསྒྲིགས་ཀྱི་འོད་སྡེར་དེ་ཡང་བོད་པ་ཀུན་གྱིས་ཆེས་དགའ་ས་དང་།  ས་ཁྱབ་རྡོ་ཁྱབ་ཏུ་གྲགས།  ལྷག་པར་དཔལ་ལྷ་ལྟ་བུའི་ཞིང་གྲོང་བུ་མོ་དེར་མཚོན་ན།  ཁོའི་གླུ་སྐད་ཀྱི་བསླུ་བྲིད་ནི་གདོད་ནས་ཡ་ཆུང་གི་སེམས་ཁར་བཟློག་ཐབས་མེད་པར་གྱུར་ཟིན་ཏེ། བོད་ལ་ཡོད་དུས་ག་དུས་ཡིན་རུང་སུམ་པའི་གཞས་ཉན་རྒྱུར་ལོབས་ཤིང་། རྒྱུན་དུ་གཞས་པ་དེ་དང་ངོ་ཐུག་རྒྱུའི་རྨི་ལམ་དང་རེ་ལྟོས་ཤིག་འཆང་ཡོད། གཡུ་སྒྲོན་གྱི་ཁ་ནས་སུམ་པ་ཟེར་བ་མོ་དང་མཉམ་དུ་པེ་ཅིང་དུ་ལས་ཀ་བྱེད་བཞིན་ཡོད་པ་གོ་བས།  དཔལ་ལྷས་བསླུ་བྲིད་དེ་ལྡོག་མ་ཐུབ་པར་པེ་ཅིང་དུ་ཡོང་། རྗེས་ནས་སུམ་པ་ནི་དངོས་གནས་རང་གི་རྨི་ལམ་ནང་དུ་འཁོར་བ་ནང་ལྟར་ཕོ་གསར་རྫིག་པོ་ཞིག་ཡིན་པ་ཤེས་དུས།  སྔ་ས་ནས་མོའི་སེམས་ནང་གི་དགའ་རོགས་སུ་གྱུར་ཟིན། དེའི་ཐད་དཔལ་ལྷས་ཡིད་ཆེས་བརྟན་པོས་ཁས་ལེན་བྱེད་རུང་།  སུམ་པས་མོའི་ལྷད་མེད་ཀྱི་བརྩེ་དུང་དེར་གཡོལ་གང་ཐུབ་ལས་ཁས་ལེན་གང་ཡང་བྱས་མེད་དོ། །  འོ་ན་སུམ་པ་ཞེས་པའི་ན་གཞོན་གླུ་བ་དེ་ནི་ཡང་སྙིང་མི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཁོ་ནི་ཟང་ཟིང་ཅན་གྱི་གྲོང་ཁྱེར་གྱི་འཚོ་བའི་ཁ་དོག་འདྲ་མིན་ལ་ཡོངས་སུ་ལོབས་ཟིན་ཅིང་། དེ་བསྟུན་རང་གི་ཁ་དོག་ཀྱང་བརྗེས་མཁས་ལ། བསམ་ཚོད་གཏིང་ཐུབ་པའི་མི་གྲུང་པོ་ཞིག་ཡིན་པ་ཤེས་ཐུབ་སྟེ། ནམ་ཡིན་ཡང“གཏན་ནས་ར་བཟི་རྒྱུ་མེད་པ”ཞིག་གོ །

“སུམ་པ་ཁྱི་དང་འདྲ།”  དེ་ནི་གཡུ་སྒྲོན་གྱི་ངོས་འཛིན་རེད། གཡུ་སྒྲོན་གྱིས་དེ་ལྟར་ལབ་དོན་ནི་ཁོ་གཉིས་དབར་ལ་དེ་སྔོན་གྱི་བརྩེ་དུང་གི་འགལ་བ་ཡོད་ཀྱང་སྲིད།  འོན་ཀྱང་རྩོམ་པ་པོས་དམིགས་བསལ་གསལ་བཤད་བརྒྱབ་མེད། དཔལ་ལྷས་སུམ་པར་རེ་བ་རྒྱག་སྐབས། གཡུ་སྒྲོན་གྱིས་“ཁོ་ནི་ཁྱི་ཞིག་རེད”ཅེས་ལབ་རྐྱང་བྱེད། དང་ཐོག་དཔལ་ལྷས་གཡུ་སྒྲོན་གྱི་གཏམ་དེར་མི་འཐད་རུང་། རྟིང་ལ་རིམ་གྱིས་གོ་དོན་རྟོགས་སོང་།  དེ་ཡང་“ལྷ་སའི་ཉི་འོད”ཀྱི་ནང་གི་སྐུ་མགྲོན་གཙོ་བོ་སྟེ། ཨ་ཅག་པའེ་ལགས་ཞེས་པའི་བུད་མེད་དེ་བརྒྱུད་ནས་དཔལ་ལྷས་སུམ་པའི་གདོང་རིས་ངོ་མ་མཐོང་། བུད་མེད་དེ་ནི“ལྷ་སའི་ཉི་འོད”ནང་དུ་རྟག་པར་སུམ་པའི་གཞས་ཉན་པ་དང། སུམ་པ་དང་ཆང་འཐུང་རྒྱག་རྒྱུར་ལོབས་པའི་པེ་ཅིང་གྲོང་ཁྱེར་བ་ཞིག་རེད། མོ་ནི་སུམ་པའི་སྦྱིན་བདག་དྲིན་ཅན་ཏེ།  མོས་འགྲོ་གྲོན་བཏང་ནས་སུམ་པའི་གླུ་གཞས་ཆེད་བསྒྲིགས་བཏོན་ཐུབ་པས། སུམ་པས་ག་དུས་ཡིན་ཀྱང་བུད་མེད་དེའི་མདུན་ན།  གཉའ་སྒུར་སྒུར་དང་། གདོང་འཚེར་འཚེར་གྱིས། མོ་ལ་ཁ་ཡག་ངོ་བསྟོད་དང་། འཐུང་ཟེར་ན་འཐུང་རྐྱང་། ཤོག་ཟེར་ན་འགྲོ་རྐྱང་། གླུ་ལོངས་ཟེར་ན་ལེན་ཀྱང་བྱེད། སུམ་པའི་སྤྱོད་ཚུལ་དེས་དོན་ངོ་མར་དཔལ་ལྷ་དང་གཡུ་སྒྲོན་ལྟ་བུའི་བོད་རིགས་བུ་མོ་ཚོའི་མདུན་དུ་སྐྱུག་མེར་བསླང་སོང་། ཁོ་གཉིས་མིག་ནང་སུམ་པ་ནི་རང་དོན་འགྲུབ་ཆེད་གཞན་ངོ་བསྟུན་མཁས་པའི་ཁྱི་ལྟ་བུ་རྔ་མ་གཡུག་མཁན་གྱི་ངོ་ཚ་ཁྲེལ་མེད་ཞིག་ཏུ་མཐོང་བར་བདེན། སུམ་པས་རང་གི་སྦྱིན་བདག་དྲིན་ཅན་དེར་ཁ་ཡག་བྱེད་ཆེད། ཐ་ན་རང་ཉིད་དགའ་བའི་དཔལ་ལྷའང་མོའི་འཁྲིས་སུ་འབོད་ནས།  མོར་ཆང་འདྲེན་དུ་བཅུག་པ་དང་།  ཁ་ཡག་བརྗོད་དུ་བཅུག་སྟེ།  དཔལ་ལྷའི་སེམས་ནང་གི་བརྩི་ཐང་ལ། མངོན་སུམ་འཛེམ་མེད་དུ་ཕོག་ཐུག་བཟོས་སོང་།  སྐབས་དེར་དཔལ་ལྷ་སེམས་གཏིང་ནས་ཞེ་འཕངས་བཞིན།  “ངའི་སེམས་ལ་སྐྱུར་བྲེང་བྲེང་གི་ཚོར་བ་ཞིག་བྱུང། རྨི་ལམ་ལྟ་བུའི་སུམ་པ། ས་མཐར་འཁྱམས་པའི་སུམ་པ། རྩེད་ཆས་ལྟ་བུར་གྱུར་པའི་སུམ་པ། ཁྱི་ལྟ་བུར་གྱུར་པའི་སུམ་པ།” ཞེས་སྨྲེང་བ་ཐལ།  སུམ་པ་རང་ངོས་ནས་རང་ཉིད་དངོས་གནས་དེ་ལྟར་གྱུར་ཟིན་པར་ཁས་ལེན་གྱིན་ཡོད་དེ།  ཁོས། “དཔལ་ལྷ། ཁྱོད་བུ་མོ་ཡ་རབས་ཤིག་རེད། ངས་དེ་ལྟར་ཁྱོད་བརླགས་མི་འདོད། ”

“གལ་ཏེ་ཁྱོད་གཡུ་སྒྲོན་ལྟ་བུའི་བུ་མོ་འཁྱམ་པོ་ཞིག་ཡིན་ན། ཁྱོད་དང་ལྷན་དུ་རྩེད་མོའི་ཚུལ་དུ་འགྲོག་ཆོག་་་”ཟེར།   སུམ་པས་དཔལ་ལྷས་རང་ལ་སེམས་གཏིང་ནས་དགའ་བ་ཤེས་བཞིན་དུ་དང་ལེན་མི་བྱེད་པའི་རྒྱུ་མཚན་གཙོ་བོ་ནི།   ཁོ་རང་ཉིད་འཚོ་གནས་ཀྱི་ཆེད་དུ་དེ་འདྲའི་ཁྱི་ལྟ་བུའི་མི་ངོ་ཚ་མེད་པ་ཞིག་ཏུ་འགྱུར་ཟིན་རུང་།  མི་གཤིས་གསིང་ན་བོར་མེད་པའི་བཟང་སྤྱོད་ཕྲན་བུ་ཙམ་དེས། མི་གཞན་ཞིག་ཀྱང་རང་ཉིད་ལྟར་འགྱུར་བ་མཐོང་འདོད་མེད་པས་རེད།  དེའི་ཐད་ནས་གཅིག་ནས་ཁོ་ནི་མི་སྒེར་སེམས་ཅན་ཞིག་ཡིན་པ་མངོན་ཐུབ་ལ།  ཅུང་ཟད་ཁྲེལ་ཡོད་པ་ཞིག་ཡིན་པ་ཤེས་ཐུབ།  མ་མཐར་ཁོ་ལ་བོད་པ་ཞིག་གི་རྒྱུད་ན་མངའ་བའི་སྙིང་རྗེའི་སེམས་པ་དེ་ཡོངས་སུ་དོར་མེད། སུམ་པ་ལྟ་བུའི་དེང་དུས་བོད་པ་དག་གི་མི་གཤིས་ཐོག་གི་སྐྱོ་གར་ནི་ཁོར་ཡུག་གིས་བཟོས་རུང་།  གཏན་ནས་བཟློག་ཐབས་མེད་པ་ཞིག་མ་ཡིན་ཏེ།  མ་མཐར་མི་དེ་ཚོར་སྐྱོ་གར་མཇུག་སྒྲིལ་བ་དང་འཚམས་འཇོག་བྱེད་ནུས་པའི་བློ་མིག་དང་དཔྱོད་ཤེས་ཡོད།  འོན་ཀྱང་རང་གར་མི་གཞི་བོར་ཅིང་བརླག་ཟིན་དུས། དངོས་གནས་སྙིང་རྗེ་བྱ་རིན་མེད་པའི་སྐྱོ་གར་ཞིག་ཏུ་གྲུབ་བོ། །

གསུམ།  རྣམ་གྲོལ་རབ་བེ་རིབ་བེ།

རྣམ་གྲོལ་ནི་ཕ་ཡུལ་ཨ་མདོ་ནས་ཡིན།  ཆུང་དུས་དཔལ་ལྷ་དང་མཚུངས་པར་རི་གྲོང་ཞིག་ནས་འཚར་ལོངས་བྱུང་།  མི་འདྲ་ས་གཅིག་ནི་དཔལ་ལྷ་ནང་བཞིན་སློབ་མཚམས་མ་བཞག་པར་སློབ་གྲྭ་ཆུང་འབྲིང་རིམ་བར་བརྒྱུད་ནས་བསླབ་གནས་ཐོན་པོ་བླངས་ཤིང་། མཇུག་མཐར་པེ་ཅིང་གྱི་བོད་འབྲེལ་ཞིབ་འཇུག་ལས་ཁུངས་ཤིག་ཏུ་ལས་སྒྲུབ་བྱས།  སྒྲུང་གཏམ་དེའི་ནང་མཚོན་ན།  ཁོ་ནི་དངོས་གནས་ཚད་མཐོའི་སློབ་གསོ་ལོངས་སྤྱོད་ཐུབ་པའི་རིག་གནས་པ་གཅིག་པོ་དེ་ཡིན།  ལྟོས་བཅས་ཀྱིས་དཔལ་ལྷ་དང་སུམ་པ། གཡུ་སྒྲོན་བཅས་དང་སྡུར་ན་ལས་དབང་ཤིན་ཏུ་བཟང་བ་ཞིག་རེད།  ཁོ་ལ་ཤེས་ཡོན་གྱིས་བསྩལ་བའི་ཤེས་རབ་ལ་བརྟེན་ནས་རྐང་ཚུགས་པའི་པའི་འཇོན་ནུས་དེ་ཡོད།  སྤྱི་ཚོགས་ཀྱི་སྟེང་དུ་ལོངས་སྤྱོད་ཐུབ་པའི་ཁེ་དབང་ཡང་ཅུང་ཟད་མཐོ། ཁོར་མཚོན་ན་འཚོ་གནས་ཀྱི་ཁོར་ཡུག་གང་འདྲ་ཞིག་ཏུ་གནས་ཀྱང་། མ་མཐར་ལོ་མང་སློབ་གསོས་བསྩལ་བའི་རྣམ་དཔྱོད་ལས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ཤུགས་རྐྱེན་གྱིས་རྐྱེན་རང་གི་མི་ཚེའི་ལྟ་བ་དང་།  རིན་ཐང་ལྟ་བ། འཇིན་རྟེན་ལྟ་བར་འགྱུར་བ་ཐེབས་སླ་བ་དེ་འདྲ་མིན།   ལྡོག་སྟེ། དཔལ་ལྷ་ནི་ཁོ་དང་ཐ་དད་པའི་འགྱུར་སླ་བ་དང་ཁོགས་ཐབས་མེད་པའི་མི་སྣ་ཤིག་ཏུ་གྲུབ་པས། མི་སྣ་དེ་གཉིས་དབར་ལ་གཤིབ་བསྡུར་གྱི་ཁྱད་པར་ཆོད། འོན་ཏེ། རྣམ་གྲོལ་ལྟ་བུའི་ཤེས་ཡོན་པ་དེ་མངོན་སུམ་འཚོ་བའི་གནད་འགག་ཏུ“རབ་བེ་རིབ་བེ”ཞིག་ཏུ་འགྱུར་ཡོད་པ་རེད།

“རྣམ་གྲོལ་རབ་བེ་རིབ་བེ་ཞིག་ཡིན་མིན་ང་ལ་རྒྱུས་མངའ་མེད།  ཁོའི་གདོང་ཁུག་ན་གཟར་བའི་མཐའ་སྒྲོམ་ནག་པོའི་རྒྱང་སྒྲིབ་མིག་ཤེལ་དེས་མི་ལ་ཁོ་ནི་རིག་གནས་ཅན་ཞིག་ཡིན་པའི་ཚོར་བ་ངམ་ཤུགས་ཀྱིས་སྤྲོད་པར་བྱེད་མོད།  ཁོའི་གཤིས་ཀ་ནི་རིག་གནས་ཅན་ཡིན་ཟེར་མཁན་དེ་དག་བཞིན་བག་ཆུང་ལ་ལྷོད་ཉམས་ཅན་ཞིག་མ་ཡིན་པར།  དེ་ལས་ལྡོག་སྟེ་ཁོ་ནི་མི་རྩེད་མཚར་ལ་དགའ་བ་ཞིག་ཡིན་པ་འདྲ་སྟེ།  ཀུ་རེ་ཀྱལ་ཀ་སྣ་ཚོགས་ལབ་པར་མཁས་ཤིང་ཧ་ཧ་དང་ཧོ་ཧོ་ཞེས་གད་མོ་དགོད་པར་མཚམས་ཚིགས་ཤིག་མི་འདུག་པས།  ཕྱི་ཚུལ་ནས་བལྟས་ན་ཁོ་ནི་གམ་པ་ལ་ཡི་ཉག་ཁར་རླུང་གིས་སྐྱོད་པའི་དར་ལྕོག་ལྟར་ལྷབ་ལྷུབ་བྱེད་ཅིང་ལྷོད་འཇགས་ཀྱི་གོ་སྐབས་ཤིག་དཀོན་པར་སྣང་། དེར་བརྟེན། སུམ་པས་རྣམ་གྲོལ་ཟེར་བ་འདི་རབ་བེ་རིབ་བེ་ཞིག་རེད་ཟེར་དུས། ངའི་སེམས་སུ་དེ་ནི་རྣམ་གྲོལ་གྱི་མིག་ཤེལ་གྱི་ཤེལ་ལེབ་དེ་གཉིས་ལ་ཟེར་བཞིན་ཡོད་པ་རེད་སྙམ་བྱུང་།”   རྩོམ་ཆོས་ནང་དུ་དཔལ་ལྷས“རབ་རིབ”ཅེས་པ་ནི་རྣམ་གྲོལ་གྱི་མིག་ཤེལ་ཤེལ་ལེབ་ཀྱི་དྲེག་པ་དེ་ལ་གོ་བ་དང་།  ག་དུས་རྣམ་གྲོལ་མཐོང་རུང་ཐོག་མར་ཁོའི་མིག་ཤེལ་ངོས་ཀྱི་“དྲེག་པ”དེར་དོ་སྣང་བྱུང་གི་ཡོད།  དེ་ནི་རྩོམ་པ་པོས་སྒྲུང་གཏམ་དུ་སྤྱད་པའི་གབ་དོན་རང་བཞིན་གྱི་སྤྲོས་བརྗོད་ཅིག་ཡིན་པ་ཤེས་སླ་སྟེ། རྣམ་གྲོལ་ལྟ་བུའི་མིག་ཤེལ་འདོགས་མཁན་གྱི་རིག་གནས་པ་དེ་ཚོར།  མ་གཞིར་རིག་གནས་ཀྱིས་བསྩལ་བའི“མཐོང་རྒྱ”ཞིག་དང་“གསལ་ནུས”ཤིག་ལྡན་རུང་། ཁོ་ཚོའི་མིག་ཤེལ་གྱི་ཤེལ་ལེབ་ངོས་སུ“དྲེག་པ”འཁོར་བས་ནམ་ཡང་ཡོད་ཚད“རབ་རིབ”ཅིག་ལས་མཐོང་མི་ཐུབ་པ་གྲུབ་སྟེ།  དྲེག་པ་དེ་ནི་རིག་གནས་པའི་ཁོག་ཏུ་མངའ་བའི་རྒྱུན་ལྡན་གྱི་རང་རློམ་དང་།  གུ་དོག་པའི་བོད་པའི་རིག་གནས་པའི་བསམ་བློའི་འདུ་ཤེས་དང་། སྒེར་ཚུགས་དང་རང་རྟོན་བྲལ་བའི་མི་གཤིས་རང་ཐོག་གི་རྨོངས་འཐོམ་ཆ་དེས་བཟོས་སོང་བ་མིན་ནམ་སྙམ།

རྣམ་གྲོལ་གྱི་མི་གཤིས་རབ་རིབ་ཏུ་འགྱུར་བའི་གོ་རིམ་ནི།  ཁོས་རང་གི་བརྩེ་དུང་ལ་སྟངས་འཛིན་མ་ཐུབ་པས་འདྲ།  ཁོ་སློབ་འབྲིང་ལོ་རིམ་གསུམ་པའི་སྐབས་སུ་ཕ་རྒན་གྱིས་གྲོང་ཚོ་གཅིག་པའི་ཁྱིམ་ཚང་ཞིག་ལ་མག་པར་བྱིན་པ་དང་།   ལོ་ན་ཤིན་ཏུ་ཆུང་དུས་ནས་འཇིན་རྟེན་མཐུན་འཇུག་གི་འཚོ་བར་རོལ། མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ་ཁོའི་ཟླ་བོ་གཡུ་མཚོ་སྒྲོལ་མར་བུ་ཞིག་སྐྱེས།  རང་ཉིད་དེ་ལྟར་དུ་མིའི་ཕར་འགྱུར་བ་ནི་ཁོ་ལ་མཚོན་ན་ལས་དབང་གི་རྩེད་མཚར་ཞིག་ཡིན་ཏེ། ཁོ་དང་གཡུ་མཚོ་སྒྲོལ་མའི་དབར་བརྩེ་དུང་གི་རྨང་གཞི་མེད་པས་སོ། །མཐར་གཏུག་ཁོ་ཡང་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་པའི་ལྕགས་སྒྲོག་གི་རྒྱས་བཅིངས་པས། ཁོའི་ལས་དབང་གི་ལ་སྔར་བཞིན་སྐྱོ་གར་གྱི་ཚོས་མཐུག་པོ་ཞིག་བྱུགས་ཡོད།  གལ་ཏེ་དེ་ལྟ་བུ་དཔལ་ལྷར་ཐུག་ན་དེ་ལྟར་བསྟུན་ཐབས་ལས་མེད། རྣམ་གྲོལ་མི་གཅིག་སྟེ།  ཁོར་མ་མཐར་སློབ་གསོས་སྤྲད་པའི་གོ་རྟོགས་ཤིག་ཡོད་པར་བརྟེན། མི་གཞིའི་ཐོག་ལ་བཟློག་སྤོབས་དང་རང་ཤེད་ཅིག་བསྐྲུནད། །ཁོའི་གདམ་ག་ནི་གཏན་དུ་བརྩེ་དུང་མེད་པའི་འཚོ་བ་དེ་ལས་གཡོལ་རྒྱུ་སྟེ། ཞིབ་འཇུག་སློབ་མ་བཏང་ནས་ཀྱང་ཕ་ཡུལ་དུ་མ་ལོག་པར་པེ་ཅིང་དུ་སྡོད་འཕོད་པའོ། །

ཏག་ཏག་དེ་ནི་རྣམ་གྲོལ་ལྟ་བུའི་རིག་གནས་པའི་ལུས་ཐོག་ནས་མངོན་པའི་རབ་རིབ་ཀྱི་ཆ་དེ་ཡིན་གཤིས།  ཁོས་རང་གི་བརྩེ་དུང་གི་ལས་སྐལ་དམན་པར་གདོང་གཏོད་མི་འཕོད་པར།  ཕ་ཡུལ་བསྐྱུར་ནས་གཞན་ཡུལ་ན“རབ་རིབ”ཀྱི་འཚོ་བར་རོལ་ཅིང་མི་ཚེ་གདའ་ཐབས་བྱེད་པ་དང་།  ཉེ་འཁོར་གྱི་མི་གཞན་ཚོའང་ཚོར་མེད་དུ་“རབ་རིབ”ཏུ་བཏང་སོང་།  རྣམ་གྲོལ་གྱིས་བརྩེ་དུང་ཡོད་མདོག་གིས་དཔལ་ལྷར་མགོ་སྐོར་བཏང་ནས་མོའི་ལང་ཚོའི་མེ་ཏོག་འཕྲོག་ཚར་རྗེས།   ད་དུང་དགོད་འཛུམ་དང་བཅས། “དེང་སྐབས་ཞེད་དགོས་ས་ནི་འཆལ་པོ་མ་ཡིན་ཏེ། རིག་གནས་པས་འཆལ་པོའི་ལས་ཀ་སྒྲུབ་པ་ནི་ཆེས་ཞེད་དགོས་ས་དེ་ཡིན་ཟེར་བ་མ་ཐོས་སམ།” ཞེས་རང་གིས་རང་ལ་ཁ་ཡ་ལྟ་བུ་ཞིག་བྱས།   རྣམ་གྲོལ་གྱིས་ལས་དབང་གིས་རང་ཉིད་ལ“རྩེད་མཚར”བྱས་པ་ཤེས་བཞིན།  མི་གཞན་གྱི་ལས་དབང་ལ“རྩེད་མོ”བྱེད་པ་ནི་དངོས་གནས་མི་གཞིའི་ཐོག་གི“རབ་རིབ”དེ་ཅི་ལ་མ་ཡིན།   དེ་དང་བསྡུར་ན་སུམ་པའི་མི་གཞིའི་ཐོག་ན་བཟང་ཆ་ཞིག་མངོན་རྒྱུ་ཡོད།  ད་ལྟའི་དུས་རབས་འདིར་མཚོན་ན་ང་ཚོའི་མི་རིགས་འདིར་རྣམ་གྲོལ་ལྟ་བུའི་གཞིས་བྱེས་རིག་གནས་པ་དེ་རིགས་མང་པོ་ཡོད་དེ། ཁོ་ནི་དེའི་ཁྲོད་ཀྱི་ཐུན་མོང་གི་ཚབ་མཚོན་ཞིག་ལས་མ་འདས།   རྣམ་གྲོལ་གྱི་མིག་ཤེལ་ཤེལ་ལེབ་ཐོག་གི་དྲེག་པ་འདི་ནི།  བོད་པའི་རིག་གནས་པ་མང་པོའི་ལུས་ཐོག་ལ་མངའ་བའི་རབ་རབ་ཀྱི་ཆ་སྟེ།  འདུ་ཤེས་རབ་རིབ།  སྦྱོར་བ་རབ་རིབ།  མི་གཤིས་རབ་རིབ་བོ།  །

དེའི་ཐད་རྩོམ་པ་པོས་སྒྲུང་གཏམ་ནང་དུ་ཟུར་ཟའི་རང་བཞིན་གྱི་སྤྲོས་བརྗོད་ཐབས་ཤིག་སྤྱད་འདུག་སྟེ། དཔལ་ལྷ་ལྟ་བུའི་རིག་གནས་ཀྱི་གོ་རྟོགས་དམའ་བའི་ཞིང་གྲོང་གི་བུ་མོ་དེས།  “རྣམ་གྲོལ་གྱི་མིག་ཤེལ་གྱི་རབ་རིབ་ཀྱི་ཤེལ་ལེབ་དེ་གཉིས་མཐོང་དུས།  ལག་པ་ཡར་བསྲིངས་ནས་དེ་གཙང་མར་འབྱིད་པའི་འདོད་འདུན་འགོག་མེད་ཅིག་སྐྱེས” པའོ། །

“རབ་རིབ”དེ་ལས། རྣམ་གྲོལ་ལྟ་བུའི་བོད་པའི་རིག་གནས་པ་དག་ད་དུང་སྔར་བཞིན་རབ་རིབ་ཀྱི་སྤྱི་ཚོགས་ཁོར་ཡུག་ལ་འཁང་བའི་བློ་མ་གཏོགས།  མངོན་སུམ་གྱི་འཚོ་བར་གདོང་ལེན་དང་།  ངོ་ལོག་གི་སྤོབས་པ་དབུལ་ལ་།   རང་གི་ཤེས་བྱའི་ནུས་པས། རང་ཉིད་ཡར་བསྐྱེད་དང་། སྤྱི་ཚོགས་ཡར་རྒྱས་ཡོང་རྒྱུར་ཕན་ཐོགས་བསྐྲུན་ཐུབ་རྒྱུ་མེད་པར། རང་གི་མི་གཤིས་འཐོམ་སྦྲིད་དུ་བཏང་ནས། རང་གཞན་ཀུན་བརླག་པར་བྱེད་པའི་རབ་རབ་ཀྱི་སྐྱོ་གར་ཡ་མ་བརླ་བ་ཞིག་འཁྲབ་ཀྱིན་པའོ། །དེ་འཕྲོས་བོད་པའི་རིག་གནས་པ་དག་ད་དུང་ཡོངས་སུ་སད་མེད་པའི་སྐྱོ་གར་དེ་ནི་མི་སྒེར་གྱི་ཕམ་ཁ་ཙམ་མ་ཡིན་པར།  མི་རིགས་ཤིག་གི་ལས་དབང་འཕེལ་ཕྱོགས་ཀྱི་གྱོང་གུད་དང་ཕམ་ཁ་མིན་ནམ།

བཞི།  གཡུ་སྒྲོན།

གཡུ་སྒྲོན་ནི་དཔལ་ལྷ་པེ་ཅིང་གྲོང་ཁྱེར་དུ་འཁྲིད་ཡོང་མཁན་དེ་ཡིན་ལ།  དཔལ་ལྷའི་གྲོགས་མོའོ། །  ཡུ་སྒྲོན་གྱིས་བརྗོད་པ་ལྟར་ན་མོ་ནི་ལོ་བཅོ་བརྒྱད་ཐོག་ཏུ་ཕྱི་རུ་འཁྱམས་ཡོང་བ་ཡིན་ཅིང་།  པེ་ཅིང་དུ་བྲོ་འཁྲབ་ནས་ལོ་བདུན་འགོར་ཟེར།  དཔལ་ལྷ་དང་འདྲ་བར་སློབ་གསོའི་ཆུ་ཚད་དམའ་ལ་དཔལ་འབྱོར་འཁོས་ཀ་ཞན་པ་དང་། རང་གི་མཛེས་པར་བརྟེན་ནས་འཚོ་ཐབས་བྱེད་མཁན་གྱི་ཞིང་གྲོང་བུ་མོ་ཞིག་ཡིན།  མི་འདྲ་བ་ནི་གཡུ་སྒྲོན་ནི་ཟང་ཟིང་ཁོར་ཡུག་གི་བསླུ་བྲིད་འོག་ཏུ་སྔ་ས་ནས་རང་ཚུགས་མི་བརྟན་པར་མི་གཤིས་རབ་རིབ་ཏུ་གྱུར་ཟིན་པའི་གྲས་ཤིག་རེད།  མོར་མཚོན་ན་བསམ་རྒྱུ་དངུལ་དང་དྲན་རྒྱུ་ནོར་མ་གཏོགས་མེད།  རྒྱུ་དངུལ་གྱི་དོན་དུ་རང་ལུས་དང་རྒྱུ་འབྲས་ལའང་སྣང་བ་མི་ཞོགས་མཁན་ཞིག་ཏུ་གྱུར་ཟིན། དཔལ་ལྷའང་མོ་ལྟ་བུའི་གྲོགས་མོ་དང་འགྲོགས་ནས་རང་གི་མི་གཤིས་ལ་ལྷད་ཤོར་ཡོད་ཨང་།

གཡུ་སྒྲོན་ནི་སྔ་ས་ནས་གྲོང་ཁྱེར་གྱི་ཟང་ཟིང་འཚོ་བར་གོམས་ཟིན་པ་དང་།   འཚོ་བརྟན་སྒོར་མོའི་ཆེད་དུ་གནས་བབས་གང་འདྲར་ཡང་བསྲན་ཐུབ་ལ།  ཚེ་སྲོག་གི་སྐྱེ་སྟོབས་སྲ།  གཡུ་སྒྲོན་གྱི་འདུས་གཟུགས་ནི་དེང་དུས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་རིག་གནས་དབུལ་ལ་གནས་བབས་སྐྱོ་བའི་བུད་མེད་ཕལ་མོ་ཆེའི་གཟུགས་བརྙན་ཏེ། འཚོ་གནས་ཀྱི་ཆེད་དུ་ལས་རྒྱུ་འབྲས་ཀྱི་བརྩི་ཐང་སོགས་ཇི་བཞིན་བོར་གྱིན་པའོ། །གཡུ་སྒྲོན་ལུས་ཐོག་གི་སྐྱོ་གར་དེ་ནི་དཔེ་གསོན་པོ་དང་།  རྗེས་འབྲས་བདེན་པ་ཞིག་གོ །སྐྱོ་གར་དེའི་གྱོང་གུད་ནི་གུ་དོག་པའི་སྤྱི་ཚོགས་ཀྱི་འཚོ་གནས་ཁོར་ཡུག་གིས་བཟོས་པའི་ཤུགས་རྐྱེན་ཆེ་ཞིང་མི་གཤིས་རང་སྟེང་ནས་བསྔོག་ཐབས་ཅུང་ཞན་འདུག།

སྒྲུང་ཧྲིལ་པོར་རྩོམ་པ་པོས་གཡུ་སྒྲོན་ཐད་ཀྱི་སྤྲོས་བརྗོད་ཉུང་།  དེ་ནི་མི་འདང་པའི་ཆ་ཞིག་ཏུ་མཐོང་སྟེ།  རྩོམ་པ་པོས་གཡུ་སྒྲོན་ལྟ་བུའི་མི་སྣ་དེ་རིགས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྒྱུན་མཐོང་ཞིག་ཡིན་པར་བརྟེན་ནས་ཞིབ་སྤྲོས་བྱས་མེད་པར་ངེས་ན།   རྩོམ་རིག་ལམ་དུ་མི་སྣ་དེའི་གཟུགས་བརྙན་འབུར་དུ་ཐོན་ཐུབ་རྒྱུར་སྐྱོན་ཆེ་བས།  རྩོམ་རིག་རང་སྟེང་གི་འཚོ་བ་ལས་རིམ་པ་གང་གིས་མཐོ་བའི་སྒྱུ་རྩལ་བསྔོག་འདོན་ཆ་དེ་རྩོམ་པ་པོས་ཡོངས་སུ་རྫོགས་པར་གྲུབ་ཐུབ་མེད་པར་སྙམ།

ལྔ།   དཔལ་རྣམ།

དཔལ་རྣམ་ནི་དཔལ་ལྷ་དང་མ་གཅིག་རུང་ཕ་མི་གཅིག་པའི་འབྲེལ་བ་ཡོད་པའི་གཅུང་པོ་སྟེ།  ར་བཟི་བསོད་ཚེའི་བུ་ཡིན་པར་རིགས་འདེད་ཐུབ།  སྒྲུང་ཧྲིལ་པོར་དཔལ་རྣམ་ཐད་དུ་སྤྲོས་བརྗོད་མང་པོ་བྱས་མེད་རུང་།  དེ་ནི་འབུར་དུ་ཐོན་པའི་མི་སྣ་ཞིག་ཏུ་མཐོང་སྟེ།  “ཨ་ཅག དངུལ་རྫོགས་སོང་།”   “ཨ་ཅག ཨ་ཅག ངའི་དངུལ་ཚར་སོང”ཞེས་དཔལ་རྣམ་གྱིས་ག་དུས་དཔལ་ལྷར་ཁ་པར་བཏང་འོང་།  ཁོ་ནི་དངོས་གནས་དེང་གི་དཔེ་མཚོན་རང་བཞིན་གྱི་ཕ་མ་སྤུན་ལ་བསམ་ཤེས་མེད་ལ།   རང་ཚུགས་བྲལ་བའི་སློབ་གྲྭ་བ་ཀླད་སྟོང་དེ་ཚོ་ཡིན་པར་རང་ཤུགས་སུ་རྟོགས་སླ།  དཔལ་ལྷས་ཟ་མཁས་འཐུང་མཁས་ཀྱིས་སྤྱི་ཚོགས་ཀྱི་རིམ་པ་དམའ་གྲས་སུ་རང་ཉིད་བརླག་གིན་པའི་སྡུག་བསྔལ་བཟོད་ཀྱིན་ཡོད་ཀྱང་།  ད་དུང་རང་གི་གཅུང་པོ་བསམ་ཞིང་།  གཅུང་པོར་མིག་དཔེ་བཟང་པོ་ཞིག་གཏོད་ཐུབ་ཆེད་བྱ་སྤྱོད་གང་སྤྱིའི་ཐད་ལ་གཟབ་གཟབ་གསིག་གསིག་བྱེད། ཐ་ན་རང་ཉིད་ལའང“ཀུ་ཤུ་རབས་ལྔ་པ”ཞིག་ཀྱང་ཉོ་མི་འཕོད་པར་བསག་བསག་གྲུང་གྲུང་གིས་དཔལ་རྣམ་གསོ་བཞིན་ཡོད་མོད།  བསམ་ཤེས་ཀྱི་གོ་རྟོགས་ཞན་པའི་དཔལ་རྣམ་ནི་སློབ་ཆེན་དུ་ཨ་ཅག་གི་རྔུལ་ཁྲག་དེ་དག་གིས་དགའ་རོགས་རྒྱ་མོ་ཞིག་གསོ་གྱིན་པའོ། །

ཁོས་རང་ཉིད་ལ“ཀུ་ཤུ་རབས་ལྔ་པ”ཉོས་ཤིང་།  དགའ་རོགས་རྒྱ་མོ་དེ་ལའང་སྐྱེས་སྐར་ལག་རྟགས་སུ“ཀུ་ཤུ་རབས་བཞི་པ”ཞིག་སྤྲད།   དཔལ་ལྷ་མ་ཤི་གོང་དོན་དངོས་དེ་ཤེས་དུས།  “ཨ་ཅག ཨ་ཅག དངུལ་རྫོགས་སོང་ཟེར། མ་གཞིར། ཁོའི་དངུལ་ནི་འདི་ལྟར་རྫོགས་བཞིན་ཡོ་དམ”ཞེས་ཞེ་འཕངས་པའི་ལྡོག་འདྲི་ཞིག་བྱུང་།  དཔལ་རྣམ་གྱི་འདུས་གཟུགས་ལས་མཚོན་པའི་དེང་གི་བོད་པའི་སློབ་ཆེན་པ་དེ་ཚོ་ནི།  དོན་ལ་དེ་ལྟར་ཞེ་འཕངས་དགོས་པ་ཞིག་སྟེ། གཅིག་ནས་དཔལ་འབྱོར་ཐོག་ལ་སྒེར་ཚུགས་བྲལ་ལ།  གཉིས་ནས་མི་གཤིས་ཐོག་ལ་སྒེར་ཚུགས་ཐུབ་མེད།  ཁོ་ཚོ་མ་གཞིར་དེང་རབས་ཀྱི་ཆེས་བཟང་བའི་སློབ་གསོའི་ཁོར་ཡུག་ཏུ་རིག་གནས་སྦྱོང་རྒྱུའི་མཐུན་རྐྱེན་ཡོད་ཀྱང་།  རང་ག་རང་གསོ་དང་། རང་མགོ་རང་འཁྱོངས་ཀྱི་སྤོབས་པ་དེ་དང་འཇོན་ནུས་དེ་དབུལ་བས།  སྔར་བཞིན་ཕ་མའི་རྔུལ་ཁྲག་འཇིབ་མཁན་གྱི་གཞན་བརྟེན་སྲིན་འབུའི་བརྟུལ་བཞུགས་འཛིན་མཁན་འབའ་ཞིག་འགྱུར་ཡོད།  དེ་ནི་ང་ཚོའི་མི་རབས་འདིའི་སྐྱོ་གར་ཏེ།  རང་ཚུགས་དབུལ་བའི་མི་རབས་ཤིག་གི་མི་གཤིས་རང་སྟེང་ལ་གཟུགས་མེད་གཏན་འཇགས་སུ་གནས་པའི་སྐྱོ་གར་ཞིག་མ་ཡིན་ནམ།

གཉིས་པ།  སྒྲུང་གི་བརྗོད་སྙིང་།

རྩོམ་རིག་ནི་གལ་ཏེ་མེ་ལོང་ལྟ་བུར་ཞིག་ལ་ཆ་བཞག་ན། ཁོའི་ལས་འགན་གཙོ་བོ་ནི་ “དངོས་ཡོད་ཀྱི་འཚོ་བ་དང་མེ་ལོང་ངོས་སུ་བསྐྱར་མཚོན་བྱེད་རྒྱུ་ཡིན། ཚད་ངེས་ཅན་ཞིག་གི་ཐོག་ནས་རྩོམ་རིག་གི་དེ་ལས་ཀྱང་བརྒལ་སྲིད་པའི་སྒྱུ་རྩལ་གྱི་མཛེས་པ་ཞིག་གཏོད་་རྒྱུའོ། །”

《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཞིག་ཡིན》ཞེས་པའི་སྒྲུང་གཏམ་དེར་མཚོན་ན། རྩོམ་རིག་གི་མེ་ལོང་ལྟ་བུའི་ནུས་པ་དེ་ཐོན་ཡོད།   མེ་ལོང་དེའི་ངོས་ལས་ང་ཚོས་དེང་གི་ཡོད་ཚད་རིན་ཐང་དངུལ་གྱི་གཞལ་བའི་ཟང་ཟིང་གི་སྤྱི་ཚོགས་འཚོ་བའི་ཁྲོད།  བོད་པ་ཡུལ་བྱེས་པ་ཚོར་འཕྲད་པའི་འཚོ་གནས་ཀྱི་དཀའ་ཁག་དེ་གསལ་ལོ། །

གཅིག  བརྩེ་དུང་གི་བསླུ་བྲིད།

དཔལ་ལྷའི་སྐྱོ་གར་གྱི་ནང་རྐྱེན(རང་ཐོག)གཙོ་བོ་ཞིག་ནི་བརྩེ་དུང་གི་རྐྱེན་ནོ། ། ཐོག་མ་ནས་དྭངས་གཙང་གི་བྱིས་བློའི་སྣང་བ་དང་ལྡན་པའི་བུ་མོ་དེས་བརྩེ་དུང་ཟེར་བའི་བསླུ་བྲིད་དེ་ལས་ལྡོག་མ་ཐུབ་པར།  ལོ་གསུམ་སྔོན་དུ་པེ་ཅིང་དུ་ཡོང་།  ལྐོག་ནས་སུམ་པར་ཁ་གསང་མི་འཕོད་པའི་བརྩེ་དུང་ཞིག་བཅངས་བཞིན་སྡད། གདོད་ནས་མོའི་གཉོམ་ཞན་གྱིགཤིས་ཀ་དེས་རྐྱེན་པས་མོ་ལ་སྡུག་བསྔལ་རབ་དང་རིམ་པ་བཟོས་ལ།  དེ་བས་སུམ་པ་ནི་ཨ་ཅག་པའེ་ལགས་ཞེས་པའི་རྒྱ་མོ་དེ་དང་འགྲོགས་བཟང་གི་འབྲེལ་བ་ཡོད་པ་ཤེས་ཤིང་། དངོས་སུ་ཁོ་གཉིས་བར་གྱི་དོགས་མི་བདེ་པའི་སྤྱོད་ཚུལ་དག་མིག་མཐོང་ལག་འཛིན་བྱུང་དུས་མོའི་དྭངས་གཙང་གི་བརྩེ་དུང་ལ་རྨ་ཁ་་ཆེན་པོ་ཞིག་བཟོས་སོང་། དེ་བས། རབ་རིབ་ཀྱི་འཚོ་བ་དེའི་ཁྲོད་དུ་རང་དབང་མེད་པར་མི་གཞན་ཞིག་ལ་གྱུར་དུས།  “ངའི་སེམས་པ་རྐུ་ལ་ཤོར་སོང་།  རྐུ་མཁན་ཁྱོད་ཡིན”ཅེས་བརྫུན་ཤོད་མཁན་གྱི་རྣམ་གྲོལ་ལ་བློ་གཏོད་པ་ནི་སྐྱོ་གར་གྱི་འཕོ་མཚམས་ཤིག་གོ །

བརྩེ་དུང་ཟེར་བ་རིམ་བཞིན་རེ་བ་འབྲས་མེད་དུ་སྟོང་ཟིན་དུས།  དཔལ་ལྷ་བློ་ཕམ་ཞིང་རང་ཚུགས་མི་བརྟན་པར་ཆང་རག་ལ་བརྟེན་ནས་འཐོམ་སྦྲིད་དུ་གཏོང་མཁན་ཞིག་ལ་འགྱུར་འགོ་རྩོམ། མོས་རང་གི་སྐྱེས་སྐར་ཉིན་མོའི་མཚན་དེར།  སུམ་པ་དང་རྣམ་གྲོལ་བར་ན་ཆང་རག་བཏུངས་པའི་འབྲས་བུར།  རྣམ་གྲོལ་གྱིས་མོའི་ལང་ཚོའི་མེ་ཏོག་འཕྲོག་སོང་ལ། གཟི་མིག་དགུ་པ་དེའང་བརྗེས་ཡོད་ན་ཐང་།  དེ་ནི་དཔལ་ལྷས་བརྗོད་པ་ལྟར། “ལོ་ངོ་དུ་མའི་རྗེས་སུ། ངས་རང་གི་ཨ་མའི་ཁ་ཏ་དང་བསླབ་བྱ་སྟེ། ཆང་རག་དང་། གླུ་སྙན་པོ་གཏོང་མཁན། བུ་རྫིག་པོ་ཅན་ལ་རིང་དུ་གྱེས་ཤིག་ཟེར་བའི་བསླབ་བྱ་དེ་རྣམས་རྣ་རྒྱབ་ཀྱི་ལྷགས་པར་བརྩིས”པའི་རྗེས་འབྲས་དང་།   “བུ་མོ་ཚོས་ཆང་འཐུངས་ན་གྱོང་རང་གིས་འཁུར་རྒྱུ་ལས་མེད”ཅེས་པའི་ཨ་མའི་ཁ་ལ་མ་ཉན་པའི་ལ་ཡོགས་བརྒྱབ།

དུས་དེར་རྣམ་གྲོལ་ཟེར་བའི་མི་རབ་རིབ་དེས་མོ་ལ། “འགྲོགས་བཟང་འགྲིག་འདོད་པ་ལས། དགའ་རོགས་སྒྲིག་རྩིས་མེད”ཅེས། སྐད་ཆ་དམར་རྗེན་དུ་འཕངས་འོང་བས་ན།  ད་གཟོད་མོ་ལ་རང་ཉིད་དངོས་གནས“བྱང་མར”འགྱུར་པའི་ཚོར་བ་བྱུང་།  ཐད་ཐད་དུ་རང་སེམས་རྡོ་ལྟར་འཁྱགས་ནའང་གྲོང་ཁྱེར་དེའི་ཟང་ཟིང་ཡོད་ཚད་ལ་གོམས་པར་གྱུར་ཟིན་པར་ཤེས་སོང་།

སྒོས་སུ་བརྩེ་དུང་བསླུ་བྲིད་ལས་བྱུང་བའི་སྐྱོ་གར་དེ་རིགས་ནི་རྩོམ་རིག་ལོ་རྒྱུས་ཐོག་གི་རྒྱུན་མཐོང་གི་བརྗོད་བྱ་རྒྱ་ཆེན་པོ་ཞིག་རེད། དཔལ་ལྷའི་སྐྱོ་གར་དེའི་ཐད་ལ།  《ལམ་གྱི་ཉི་འོད》ནང་གི་ལྷ་མཛེས་དམ་ཐུན་མོང་འདྲ་ཆོས་ཤིག་ཀྱང་མཆི།  མི་འདྲ་ས་ནི་དཔལ་ལྷའི་བརྩེ་དུང་གི་སྐྱོ་གར་དེ་ནི་གཏིང་ཚད་ཡོད་པ། ལྗིད་ཚད་ཡོད་པ། ཟབ་ཚད་ཡོད་པ་གཅིག་རེད།  མཐར་སྒྲུང་གཏམ་གྱི་མཇུག་ཏུ་དཔལ་ལྷའི་གཅེས་པའི་སྲོག་ཀྱང་ཤོར་བའི་སྐྱོ་གར་གྱི་གནད་འགག་ཀྱང་དེ་ལ་ཐུག་པ་མིན་ནམ།

  གཉིས།   གཟི་མིག་དགུ་མའི་རིན་ཐང་།

དཔལ་ལྷའི་སྐེར་བཏགས་པའི་གཟི་མིག་དགུ་མ་དེ་ནི་སྒྲུང་དེའི་ནང་གི་སྐྱོ་གར་གྱི་མཚོན་བྱེད་དངོས་པོ་གལ་ཆེན་ཞིག་སྟེ།   སྒྲུང་གཞི་འཕེལ་ཕྱོགས་ཀྱི་ལྐོག་གི་ཁུངས་སྣེ་དེ་གཟི་མིག་དགུ་མ་དེ་དང་འབྲེལ་བ་ཡོད། གཟི་མིག་དགུ་མ་དེ་ནི་དཔལ་ལྷའི་པ་ཕས་བཞག་པའི་ཤུལ་བཞག་གཅིག་པོ་དེ་ཡིན་པས།  གཏན་དུ་འབོར་མི་ཉན་པར་ཨ་མས་ཁ་ཏ་བྱེད་མྱོང་།  དོན་དུ་གཟི་མིག་དགུ་ཅན་ནི་ཤིན་ཏུ་དཀོན་པོ་ཡིན་པས།  མོའི་ལུས་ཐོག་ལ་ཡོད་པའི་ངོམ་རིན་ཡོད་པའི་རྒྱུ་གཅིག་པོ་དེ་ཡིན། འོན་ཀྱང་།  འཚོ་གནས་ཀྱི་ཟང་ཟང་གི་སྤྱི་ཚོགས་ཁར་ཡུག་ཁྲོད་དུ་མི་ཕལ་ཆེར་རྒྱུ་ལ་དགའ་བ་ཤ་སྟག་ཡིན་པས།   མོའི་གཟི་མིག་དགུ་མ་དེར་ཧམ་སེམས་བཅངས་མཁན་མང་པོ་ཞིག་ཡོད་པ་དཔལ་ལྷའི་བསམ་ཚོད་ལས་འདས།

སྔ་བར་མཇུག་གསུམ་དུ་དཔལ་ལྷའི་གཟི་མིག་དགུ་མ་དེའི་རིན་ཐང་བསམ་སྡོད་མཁན་ནི་མོའི་གཅུང་པོ་ཡིན་ཏེ།  ཁོས་ཐོག་མ་ནས།  “ཨ་ཅག ཨ་ཅག དངུལ་མེད་ན་གཟི་མིག་དགུ་མ་དེ་ཚོངས་དང་།  ཁོ་ཚོས་བཤད་ཚུལ་ལ་རིན་གོང་ཆེན་པོ་རེག་གི་རེད།  རེག་གི་རེད།”ཅེས་དྲན་སྐུལ་བཏང་།  རྗེས་སུ་པེའི་ལགས་དང་ཝང་ཙུང་ཟེར་བའི་རྒྱ་མི་སྐུ་མགྲོན་དེ་གཉིས་ཀྱིས་ཀྱང་དོ་སྣང་བྱུང་།  ཝང་ཙུང་གིས་དཔལ་ལྷའི་སྐེར་བཏགས་པ་འདི་གཟི་མིག་དགུ་མ་ཞིག་ཡིན་པ་ཤེས་དུས། “བུ་མོ། ཁྱེད་ཀྱིས་དེ་སྐེ་ནས་བཀྲོལ་ཏེ་ང་ལ་བསྟན་ན་ཆོག་གམ”ཟེར། དཔལ་ལྷས་མོས་མཐུན་མ་བྱས་སྟབས། པེའི་ལགས་ཀྱིས་ཀྱང་།  “སུམ་པ། དེས་ནས་ཁྱོད་དཔལ་ལྷ་དང་དགའ་རོགས་སྒྲིགས་དང་།  མོས་གཟི་མིག་དགུ་མ་དེ་བཙོངས་ན་ཁྱེད་གཉིས་པེ་ཅིང་དུ་ཁང་པ་ཉོ་ཉུབ་པར་མ་ཟད།  ད་དུང་ཁྱོད་ཀྱི་གཞས་ཀྱི་འོད་སྡེར་པར་སྐྲུན་བྱེད་པར་ཡང་མ་དངུལ་ཡོད་པ་མ་ཡིན་ནམ”ཞེས་པའི་སྐོར་གཏམ་ཞིག་ཀྱང་བརྒྱབ། ད་དུང་དཔལ་ལྷས་ཝང་ཙུང་གི་མདུན་དུ་ཀུ་ཤུ་རབས་ལྔ་པ་ཉོ་འདོད་རུང་དངུལ་མེད་པའི་སྡུག་ཡུས་འདོན་སྐབས། ཝང་ཙུང་གིས། “ཁྱོད་ཀྱིས་སྐེ་ཡི་གཟི་རྡོ་དེ་བཙོངས་ན།  ཏན་ཏན་ང་ལས་ཕྱུག་པོ་ཆགས་ངེས་རེད”ཅེས་བཀོད་པ་འཐེན། ལྷག་པར་རང་གི་ཨ་མ་ན་ནས་གཤག་བཅོས་བྱེད་པའི་དངུལ་མཁོ་དུས།  ཆུང་ངུའི་དུས་སུ་མོ་ལ“གཟི་གང་བྱུང་དུ་མི་ལ་མ་བསྟན”ཞེས་སློབ་གསོ་གཏོང་མཁན་གྱི་བསོད་ཚེས་ཀྱང་། “དཔལ་ལྷ།  དཔལ་རྣམ་གྱིས་ཟེར་བ་ལྟར་ན།  ཁྱོད་ཀྱི་སྐེ་རུ་བཏགས་ཡོད་པའི་གཟི་དེ་རིན་གོང་ཆེན་པོར་བྲིན་རབས་ཟེར།  དེ་བཙོངས་ཐུབ་ན་ཡག་ཤོས་རེད། ཚང་མས་དཀའ་ལས་མྱོང་མི་དགོས” ཞེས་བསམ་ཤེས་མེད་པའི་སྐད་ཆ་དེ་འདྲ་བསྙད།

མཇུག་ཏུ་དཔལ་རྣམ་གྱིས་ཀྱང་བསམ་དོན་དེ་ཁྱོན་ནས་བློས་མ་བཏང་བར།  གཟི་བརྟག་དཔྱད་བྱེད་མཁན་གྱི་སྐུ་ཞབས་ཀྲང་ཟེར་བ་ཞིག་ཀྱང་འཁྲིད་འོང་ནས། ཨ་ཅག་མདུན་དུ་བཟི་འཚོང་བའི་ཨུ་ཚུགས་རྒྱག་དུས།  མ་གཞིར་དཔལ་ལྷའི་བློར་ཤིན་ཏུ་མ་འཐད་རུང་།  སྐུ་ཞབས་ཀྲང་གིས་བརྗོད་པ་ལྟར་དེ་དུས་དཔལ་ལྷས་རང་གི་སྐེར་བཏགས་པའི་གཟི་མིག་དགུ་མ་དེ་མིག་དྲུག་མ་ཅན་ཞིག་ཏུ་འགྱུར་ཡོད་པ་ཤེས་བྱུང་།  ད་གཟོད་མོས“རང་ཉིད་པེ་ཅིང་དུ་ཁྲིད་ཡོང་མཁན་གྱི་གྲོགས་མོ་གཡུ་སྒྲོན་དྲན་བྱུང་།  མིག་ཤེལ་གྱི་ཤེལ་ལེབ་ངོས་སུ་ནམ་ཡང་རབ་རིབ་ཀྱི་དྲེགས་པ་འགོས་ཡོད་པའི་རྣམ་གྲོལ་དྲན།  རྨི་ལམ་གྱི་བར་གསེང་ནས་ལག་པ་བརྐྱངས་ཡོང་དུས་གམ་དུ་དཔལ་ལྷ། དཔལ་ལྷ་ཞེས་འབོད་པའི་སེམས་ནང་གི་མི་སྟེ་སུམ་པ་དྲན།”  དྲན་འཆར་དེ་དག་གི་གོ་རིམ་ཁྲོད་ན་དོགས་པ་ཆེ་ཤོས་དེ་ནི།  རྣམ་གྲོལ་ཡིན་ཏེ། རྣམ་གྲོལ་གྱིས་ཐོག་དང་པོར་བསམ་གཞིག་གཏོང་བ་ལྟར་མོའི་སྐེ་ལ་ཅེ་རེར་ལྟ་བཞིན། “དཔལ་ལྷ། ཁྱེད་ཀྱི་སྐེ་ཡི་དེ་གཟི་མིག་དགུ་མ་རེད་དམ”ཞེས་བཤད།  ཚུལ་དེར་སུམ་པས་དེ་དུས་ཆེད་དུ་མོ་ལ།   “གཟབ་གཟབ་བྱོས་ཨང་།  ཤེས་ཡོན་པས་ཁྱོད་ཀྱི་སྐེ་ཡི་གཟི་མིག་དགུ་མ་བརྐུས་འགྲོ་ངེས”ཞེས་དྲན་སྐུལ་བཏང་།  དེ་བས་རྣམ་གྲོལ་གྱིས་དཔལ་ལྷ་དང་དགའ་རོགས་སྒྲིགས་འདོད་ཡོད་བརྫུ་སྟོན་སྐབས། གཡུ་སྒྲོན་གྱིས། “མི་དེ་ཁྱོད་ལ་དགའ་བཞིན་འདུག ཡིན་ནའང་ཁྱོད་ཀྱི་གཟི་ལ་དགའ་བ་ཡིན་ནམ་ཁྱོད་ལ་དགའ་བ་ཡིན་མིན་དེར་གཟབ་གཟབ་བྱོས་ཨང”ཞེས་ཁ་ཏ་བྱས།   རྣམ་གྲོལ་གྱིས་དཔལ་ལྷ་ར་བཟི་བའི་མཚན་དེར་མོའི་ལང་ཚོའི་མེ་ཏོག་འཕྲོག་པར་མ་ཟད།  མོའི་སྐེ་ལ་བཏགས་པའི་གཟི་དེའང་བཀྲོལ་རྩིས་བྱེད་མྱོང་།   ཁྲིགས་ཁྲིགས་མེད་ན་རྣམ་གྲོལ་ནི་གཟི་བརྗེ་མཁན་གྱི་རྐུན་མ་དེ་ཡིན་ཡང་ངེས།

ལྗང་བུའི་སྙན་ངག་ཏུ།  “རྡོ་གཞན་དང་འདྲ་བར/གཟི་དེ་ཡང་རྡོ་ཡིན/མི་དང་མི་ཕན་ཚུན་གྱི་དབྱེ་བ་ཇི་བཞིན/གཟི་དེ་ཡང་རྡོ་གཞན་དང་འདྲ་གི་མི་འདུག” ཅེས་སྐབས་འདིར་དཔལ་ལྷའི་སྐེར་བཏགས་པའི་གཟི་དེ་ཡང་རྡོ་གཞན་དང་མི་འདྲ་བ་ནི།  གཟི་མིག་དགུ་མ་ཡིན་པས་སྲིད་ལ་གཟི་མིག་དྲུག་མར་འགྱུར་བས་ཀྱང་འདྲ་ས་མེད།  དེ་བཞིན་མི་ཕན་ཚུན་གྱི་དབྱེ་བ་ཇི་བཞིན།  དཔལ་ལྷའང“གཟི་སྟོན་དང་ཟེར་མཁན”དང“གཟི་ཚོངས་དང་ཟེར་མཁན”གྱི་མི་དེ་ཚོ་དང་གཏན་ནས་མི་འདྲ་བ་ནི།  མོས་རང་ནོར་དངུལ་ལ་བརྗེ་མི་སྲིད་པ་དེའོ།  །དེ་ནི་སུམ་པ་དང་། གཡུ་སྒྲོན།  རྣམ་གྲོལ། དཔལ་རྣམ་སོགས་དང་མི་འདྲ་བའི་དཔལ་ལྷའི་ཁྱད་པར་དེ་རེད།  ཁོ་ཚོ་ཡོད་ཚད་དངུལ་གྱི་བསླུས་ཟིན་རུང་། དཔལ་ལྷའི་རྣམ་ཤེས་ལ་ལྷད་ཤོར་མེད་པ་མཚོན།  “བོད་པ་ཚོས་རྒྱན་ཆ་ལས་རིན་གོང་ཆེ་ཤོས་དེ”བརླག་ཟིན་དུས།  དཔལ་ལྷའི་ངོས་ནས་བརྗོད་ན་བླ་བོར་བ་དང་ཁྱད་མེད།  དེ་ནི་གཟི་མིག་དགུ་མ་ལས་འཕྲོས་པའི་སྐྱོ་གར་གྱི་དོན་སྙིང་གཞན་ཞིག་སྟེ།  བོད་མིའི་བླ་བོར་བཞིན་པའོ།  །དཔལ་ལྷ་ནི་སྐྱོ་གར་དེའི་ཁྲོད་བླ་བོར་སྲིད་ནའང་རང་གར་བླ་མི་འཚོང་མཁན་གྱི་བརྟན་སྲུང་བ་གཅིག་པོ་དེའོ།  །

སྒྲུང་མཇུག་ཏུ།  དཔལ་ལྷ་རླངས་འཁོར་གྱི་ཆག་སྒོས་ཤི་བའི་སྤྲོས་བརྗོད་དེས། སྒྲུང་འབྲིང་དེའི་སྒྱུ་རྩལ་གྱི་འབྱམས་ཀློང་རྒྱས་པ་སྟེ།  བོད་མིའི་ཐུན་མིན་གྱི་རིག་གནས་སེམས་ཁམས་ཤིག་ཆེར་བསྐྱེད་པའོ། །

གསུམ།  ཡུལ་བྱེས་པའི་ན་ཟུག

ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས《ལམ་གྱི་ཉི་འོད་ལམ་གྱི་ཉི་འོད》ཡིན་ནའང་འདྲ། སྒྲུང་རིང《བོད་ཀྱི་གཅེས་ཕྲུག》ལའང་རྩོམ་ཆོས་ཕལ་ཆེར་བར་གཅིག་འགྱུར་གྱི་སེམས་ཁམས་ཤིག་ཁྱབ་ཡོང་གི་འདུག་སྟེ།  ཕ་ཡུལ་དང་བྲལ་ཞིང་ཕ་ཡུལ་དུ་ལོག་མ་ཐུབ་པའི་བོད་པ་ཡུལ་བྱེས་པ་དག་གི་འཚོ་གནས་ཀྱི་དཀའ་སྡུག་བསྟན་གྱིན་པའོ། ། བོད་པའི་དེང་རབས་རྩོམ་རིག་ཁྲོད།  སྒྲུང་གཏམ་གྱི་ལམ་ནས་དམིགས་བསལ་ཕ་ཡུལ་དུ་ལྡོག་པའི་བརྗོད་སྙིང་ཞིག་བསྔོག་འདོན་བྱེད་མཁན་ཡང་ཁོང་རེད་འདུག་སྙམ།སྒྲུང་འདིར་མཚོན་ནའང་།   དཔལ་ལྷ་ཕུད། སུམ་པ་དང་།  གཡུ་སྒྲོན། རྣམ་གྲོལ་གསུམ་གར་བརྗོད་སྙིང་རྗེས་མཐུན་མཆིས་ཏེ།  དཔལ་ལྷས་ཕྱིར་ཕ་ཡུལ་དུ་ལོག་རྩིས་མེད་དམ་ཞེས་དྲིས་པར།

གཡུ་སྒྲོན་ན་རེ། “ཕ་ཡུལ་དུ་ལྡོག་ནས་ཅི་བྱེད་དམ།  ཕྱིར་ལྡོག་ན་འཚོ་བརྟེན་མེད་པས”  ཞེས་ལན་བཏབ། མོའི་རྒྱུ་མཚན་ནི། “ད་ནི་གྲོང་ཁྱེར་འདིའི་ཡོད་ཚད་ལ་གོམས་ཚར་བས།  ཕ་ཡུལ་དུ་ལྷིང་འཇགས་སེར་སྡོད་དུས་འདི་གའི་ཟང་ཟིང་དབང་མེད་དུ་དྲན་ཡོང་ངེས”ཟེར། སུམ་པས། “མི་ཚེ་འདིར་ཕལ་ཆེར་ལྡོག་ཐུབ་རྒྱུ་མ་རེད”ཟེར། རྒྱུ་མཚན་དུ། “མཚོ་གྲུ་ཁར་བཏགས་ཏེ་བསྡད་ན་ཆེས་བདེ་འཇགས་ཡིན་ནའང་།  དེ་ནི་མཚོ་གྲུ་བཟོ་བའི་མཐའ་མཇུག་གི་དམིགས་ཡུལ་མ་ཡིན།  དེ་བཞིན་དུ་ང་ཚོ་ཕ་ཡུལ་དུ་བསྡད་ན་ཆེས་སྐྱིད་ཤོས་ཡིན་ནའང་།  དེ་ནི་ང་ཚོ་མི་ཡུལ་འདིར་ལན་གཅིག་ཡོང་བའི་མཐར་ཐུག་གི་དམིགས་ཡུལ་མ་རེད”ཅེས། ཡིད་བརྙན་དང་ལྡན་པའི་ལན་ཞིག་བཏབ།

རྣམ་གྲོལ་གྱིས།  “ང་ལ་མཚོན་ན། ད་ནི་ས་མཐའ་མི་ཡི་ལུང་བ་འདི་རུ་ཚེ་ཡི་འདུ་བྱེད་སྟོང་དགོས་རུང་།  ད་ནི་ཕ་ཡུལ་ཕྱོགས་སུ་ལོག་མི་འདོད”ཅེས་རང་ཉིད་ཡུལ་བྱོལ་པ་ཞིག་ཡིན་པར་ཁས་བླངས་ཤིང་། གཏན་དུ་ཕ་ཡུལ་དུ་ལོག་མི་འདོད་པའི་རྣམ་འགྱུར་གསལ་པོར་སྟོན།

གསུམ་ཀ་ཕ་ཡུལ་དུ་ལོག་འདོད་མེད་པ་ནི་བདེན་ཞིང་།  གཡུ་སྒྲོན་དང་སུམ་པ་ལ་མཚོན་ན་འཚོ་གནས་ཁོར་ཡུག་རྒྱ་ཆེ་བ་དང་། ཆ་རྐྱེན་བཟང་བའི་གྲོང་ཁྱེར་འཚོ་བར་གོམས་པས་ཕ་ཡུལ་དུ་ལོག་འདོད་མ་བྱུང་།  འོན་ཀྱང་རྣམ་གྲོལ་ལྟ་བུའི་རིག་གནས་པ་དེས་ནི་ལོག་མི་སྲིད་པའི་ཆོད་སེམས་ལས།  ཡུལ་བྱེས་སུ་གྱུར་པ་ནི་རང་དབང་གི་གདམ་ག་བྱས་པ་ཞིག་དང་།  སུམ་པ་དང་གཡུ་སྒྲོན་ནི་འཚོ་གནས་ཀྱིས་གཞན་དབང་དུ་བགྱར་བའི་འུ་ཐུག་དེ་མངོན་པ་མ་ཟད།   རྣམ་གྲོལ་ལྟ་བུའི་ཕ་ཡུལ་ལ་བརྩེ་བ་མེད་པར། ད་གཟོད་ཕ་ཡུལ་འདོར་མཁན་གྱི་ཡུལ་བྱོལ་པའི་ལུས་ཐོག་ནས།   དེང་གི་དུས་འདིར་ཕྱི་ཕྱོགས་སུ་ཡུལ་བྱེས་པའི་བོད་པའི་རིག་གནས་པ་དེ་ཚོས་ཕ་ཡུལ་དུ་ལོག་འདོད་མི་བྱེད་པ་དང་།  རང་གི་ནུས་པས་ཕ་ཡུལ་དུ་བསྲི་ཞུ་སྒྲུབ་པའི་བསམ་པ་དབུལ་བའི་མི་རབས་གསར་པའི་སྐྱོ་གར་དེ་མངོན་ནོ། །དེ་ལ་ཁག་མེད་དེ།  ཟབ་ས་ཞིག་བརྗོད་ན།  ཁོ་ཚོ་ལྟ་བུའི་ཡུལ་བྱེས་པ་དེ་དག་ལ།  རང་ཡུལ་དུ་འཚོ་གནས་ཀྱི་རྩ་བ་ཚུགས་ས་ཞིག་རྙེད་ཁག་པའི་ན་ཟུག་དེ་བསླང་འོང་། ན་ཟུག་དེའི་གཞོགས་ངོས་ལས།  བོད་པ་ཡུལ་བྱེས་པ་ཁྱུ་ཞིག་གི་ཟུག་གཟེར་ཚོར་ཐུབ། ཡང་དེ་ནི་དུས་རབས་འདིར་ང་ཚོའི་མི་རིགས་དེ་ཉམས་རྒུད་དུ་འགྲོ་བའི་སྐྱོ་གར་གྱི་མངོན་སྟངས་གལ་ཆེན་ཞིག་མིན་ནམ།

ཡུལ་བྱེས་པའི་ན་ཟུག་གི་གོ་རིམ་དེའི་ཁྲོད་ན།  ཁོ་ཚོའི་དད་པ་བོར་བཞིན་ཡོད་ལ།   ཁོ་ཚོའི་མི་གཞིའང་ཁ་དོག་འདྲ་མིན་དུ་འགྱུར་བཞིན་མཆིས།  ན་ཟུག་གི་གོ་རིམ་དེའི་ཁྲོད། བོད་མི་གཞིས་བྱེས་པ་དག་ཕ་ཡུལ་ཕ་ཡུལ་ཞེས་པའི་དྲན་པའི་ཚུར་སྣེ་ཞིག་ནས། ཕ་ཡུལ་ཕ་ཡུལ་ཞེས་འབོད་ཀྱང་རྩ་བ་ཚུགས་ཐབས་མེད་པའི་མངོན་སུམ་གྱི་ཕར་སྣེ་ཞིག་ལ་ཡལ་འགྲོ་བའོ། །

གསུམ་པ། སྐྱོ་གར་གྱིས་མཇུག་བསྡུ་སྟངས་ལས་འཕྲོས་པའི་གཏམ།

   ཉ་མོ་ཆུ་ལས་བྲལ་ན་འཆི་བའི་དཔེ་ལྟར། དཔལ་ལྷ་ཤི་བའི་སྐྱོ་གར་གྱིས་སྒྲུང་མཇུག་སྡུད་པ་ནི།  ཉ་ཡི་ཡིད་བརྙན་ལ་འཕལ་ག་འཕྲོད་པའི་སྒྱུ་རྩལ་གྱི་དགོས་མཁོ་ཞིག་ཏུ་འཁུམས། སྒྲུང་རིང་དང་མི་འདྲ་བར།   དཔལ་ལྷའི་མི་གཤིས་ཐོག་གི་གཟུགས་མེད་ཀྱི་སྐྱོ་གར་དེ། མཐའ་མཇུག་དཔལ་ལྷ་ཤི་བའི་སྐྱོ་གར་གཟུགས་ཅན་ཞིག་ཏུ་བསྐྲུན་པ་དེས།  སྒྲུང་འབྲིང་དེ་ལ་ཐུན་མིན་གྱི་མཛེས་པ་ཞིག་བཏོད་པ་སྟེ།  དེ་ལ་སྐྱོ་གར་གྱི་མཛེས་པ་ཞེས་སུ་བྱ་ཆོག  སྐྱོ་གར་གྱི་མཛེས་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་བདེན་སྟོབས་དང་མཐར་གཏུག་གི་མཛེས་སྟོབས་དེ་ཡིན་པ་པ་ལ།  སྒྲུང་འདིར།  རླངས་འཁོར་གྱི་ཆག་སྒོས་རྐྱེན་པས་དཔལ་ལྷའི་ཚེ་སྲོག་མཇུག་སྒྲིལ་ནས་སྒྲུང་མཇུག་བསྡུས་པར་དོན་སྙིང་དམིགས་བསལ་ཞིག་ཆགས།  གང་ལགས་ཤེ་ན།ད་བར་བོད་ཀྱི་དེང་རབས་རྩོམ་རིག་གི་སྒྲུང་རྩོམ་བྱུང་འཕེལ་གྱི་ལོ་རྒྱུས་ཐོག་ན་མི་སྣའི་སྲོག་བཅད་ནས་སྐྱོ་གར་གྱིས་མཇུག་བསྡུས་པ་ནི་ཉུང་ཉུང་ཡིན་ཏེ། སྒྲུང་རང་སྟེང་གི་ཐོག་ནས་བརྗོད་ན།  དཔལ་ལྷ་ནི་མཐའ་མར་བརྩེ་དུང་ཤོར་ལ།  དྭངས་གཙང་ལུས་པོ་ཤོར་ཅིང་།  གཟི་མིག་དགུ་མ་ཤོར་བའི་གྱོང་གུད་ཀྱི་གནས་བབས་སྐྱོ་པོ་ཞི་ཏུ་ལྷུང་ཡོད།  དཔལ་ལྷ་འཇིག་རྟེན་འདིར་གསོན་པའི་རེ་བ་ཉག་གཅིག་ནི་ཨ་མའི་སྨན་རིན་སྒྲུབ་རྒྱུ་དེ་ལས་ལྷག་མེད།  འོན་ཀྱང་སྐབས་དེར་དོན་སྙིང་དེ་ནི་མཐར་གཏུག་སྔར་བཞིན་འཁོས་ཞན་ཉམས་ཐག་དང་།   རིམ་པ་དམའ་བའི་སྤྱི་ཚོགས་ཐོབ་ཐང་གི་འཚོ་གནས་འཇིག་ཉེན་ཐོག་ཏུ་བབས་ཟིན།  ཐམས་ཅད་དངུལ་གྱིས་བསླུས་པའི་རབ་རིབ་ཀྱིས་སྤྱི་ཚོགས་ཁོར་ཡུག་ཞིག་ན་དཔལ་ལྷར་དངོས་གནས་རང་གི་རྣམ་ཤེས་ཕྲ་མོ་དེ་འཕྲལ་མར་ཉ་ཞིག་ཏུ་འགྱུར་ནས། དྭངས་གཙང་གི་ཡར་འབྲོག་གཡུ་མཚོའི་ནང་ལོག་འདོད་པའི་འཁྲུལ་བ་སྐྱེས་འོང་།   གློ་བུར་གྱི་རླངས་ཁོར་ཆག་སྒོ་དེས་མོའི་ཚེ་སྲོག་མཇུག་སྒྲིལ་བ་དེས།  མོ་ལ་ཐར་ལམ་ཞིག་སྦྱིན་ཡོད་ངེས་ལ།  སྒྲུང་གཞི་ཧྲིལ་པོའི་སྤྱི་ཡོངས་ཀྱི་དཀྱོགས་མཚམས་ཆེན་མོ་ཞིག་སྟེ། མོའི་ལུས་ཐོག་ག་འཚོ་གནས་ཀྱི་སྐྱོ་གར་དེ་དག་མོའི་ཚེ་སྲོག་མཇུག་སྒྲིལ་བ་དང་བསྟུན་ནས་དོན་སྙིང་ཆེར་བསྐྱེད་ཐུབ། ལྷག་པར་དུ་རབ་རིབ་ཏུ་གསོན་བཞིན་པའི་ཚེ་སྲོག་ལྷག་མ་འདི་ཚོར།   དཔལ་ལྷའི་འཆི་བས་དྲན་སྐུལ་དང་རྟོགས་སད་ཞིག་བསླང་བ་མིན་ནམ། བས་འདིར་སྐྱོ་གར་འདི་སྒྲུང་གཏམ་མི་སྣ་རང་སྟེང་གི་སྐྱོ་གར་ལས་བརྒལ་ཟིན་པ་སྟེ། བོད་མི་རིགས་སྤྱིའི་འཚོ་གནས་ཀྱི་སྐྱོ་གར་ཆེན་པོའི་ཐོག་ཏུ་འཕོས་སོང་།

གལ་ཏེ་ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན་ཞེས་པའི་སྒྲུང་འདི་དེང་གི་བོད་པའི་མི་རབས་དག་གི་འཚོ་གནས་ཀྱི་འདུས་གཟུགས་སུ་ངེས་ན། ང་ཚོའི་མི་རབས་འདིར་སྤྱི་ལ་མངའ་བའི་སྐྱོ་གར་གྱི་ཁ་དོག་ཅིག་སྟེ། ཉིན་རེ་ལས་མ་འདས་པའི་དངོས་པོའི་དཔལ་འབྱོར་དང་རིག་གནས་འཕེལ་ཕྱོགས་ཤུགས་དྲག་ཅན་གྱི་འགྲན་རྩོད་འོག  དུས་རབས་གསར་པའི་བོད་པ་དག་གིས་མྱོང་བཞིན་པ་ནི། རང་ས་རང་ཡུལ་ལས་བྲལ་བ་དང་། གཞན་ས་གཞན་ཡུལ་ན་ཚུགས་ཁག་པའི་སྡུག་བསྔལ་དེའོ། ། དཔལ་ལྷ་ལྟ་བུའི་སྤྱི་ཚོགས་ཀྱི་རིམ་པ་དམའ་གྲས་སུ་འཚོ་ཐབས་བྱེད་མཁན་གྱི་བོད་པ་དག་ནི་གནས་བཟོད་བདེ་པོར་སྤྱི་ཚོགས་ཐོག་རྐང་པ་ཚུགས་ཐུབ་རྒྱུ་ལྟ་ཅི།  ད་དུང་ཡོད་ཚད་ཤོར་འགྲོ་བའི་འཇིག་ཉེན་བཟོད་ཀྱིན་ཡོད། དཔལ་འབྱོར་གྱི་ཐད་ནས་ཚུགས་ཐབས་དཀའ་ལ།  མི་གཞིའི་ཐོག་ནས་ཀྱང་ཚུགས་ཁག་པར་གྱུར།  དེ་གཉིས་ཀའི་ཐོབ་ཤོར་གྱི་འགལ་བའི་ཁྲོད་ན་འུ་ཐུག་ཐབས་ཟད་ཀྱི་གནས་བབས་སུ་བགྱར་འགྲོ། ཁོགས་ཐབས་མེད་པའི་འཚོ་གནས་ཀྱི་འཇིག་ཉེན་སྟེ།  ཇི་བཞིན་གྱོང་གུད་མ་གཏོགས་རག་རྒྱུ་མེད་པར་ཉམས་གུད་ནི་རྒྱུ་འབྲས་དེའི་འཕེལ་ཕྱོགས་ཙམ་མོ།  །སྐྱོ་གར་གྱིས་མཇུག་བསྡུས་པ་དེས།  སྐྱོ་གར་ཡོངས་སུ་མཇུག་སྒྲིལ་བ་མཚོན་མེད་དེ།  སྐྱོ་གར་སྔར་བཞིན་འཕྲོ་མཐུད་པའི་དོན་སྙིང་གལ་ཆེན་ཞིག་སྟོན་ནོ། །

སྡོམ་ཆུང་།

ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན་ཅེས་པའི་སྒྲུང་རིང་དེ་ནི།     ད་བར་བོད་པའི་དེང་རབས་ཀྱི་སྒྲུང་གཏམ་ཐོག་ན་བརྗོད་གཞི་དང་།  མི་སྣ་གསར་བཞེངས། སྤྲོས་བརྗོད་ཐབས་རྩལ་སོགས་གང་ནས་བལྟས་ཀྱང་ཧ་ཅང་ལེགས་གྲུབ་ཐུབ་པ་ཞིག་དང་། སྐྱོ་གར་གྱི་མཛེས་པས་སྤུད་པའི་སྒྲུང་འབྲིང་ལེགས་གྲས་ཤིག་ཏུ་མཐོང་།  བརྩམས་ཆོས་དེ་ལས་འཕྲོས་པའི་རྩོམ་རིག་གི་རིན་ཐང་ནི་དུས་རབས་དེའི་བོད་མིའི་མི་གཤིས་དེ་ཤར་སའི་མེ་ལོང་བཞིན་ནོ།  །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3260