ཉིན་འགའི་སྔོན་དུ། ང་རང་པེ་ཅིན་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཁ་ཤས་དང་ལྷན་དུ་ཁ་བརྡ་ལ་འཇུག་པ་ཡིན། དེའི་ཐོག་ང་ཚོས་བསྐྱར་དུ་གནའ་ཉམས་ཀྱིས་ཕྱུག་པའི་མིང་ཚིག་ཞིག་སྟེ་”ཕུགས་བསམ”གླེང་བ་ཡིན། ཁོ་ཚོའི་བསམ་ཚུལ་རེ་རེས་ང་རང་རེ་ཞིག་ཧ་ལས་པའི་གནས་སུ་གྱར་སོང་། དང་ཐོག་ངའི་བསམ་པར་སློབ་མ་འདི་ཚོའི་བསམ་འདུན་ཆེ་ཤོས་ནི་པི་ཅིན་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་ལ་རྒྱུགས་འཕྲོད་བྱ་རྒྱུ་རེད་སྙམ་བྱུང་མོད། དོན་དམ་དུ་ཁོ་ཚོའི་ནང་འདི་ལྟར་བསམ་མཁན་གཅིག་ཀྱང་མིན་འདུག །
དེའི་ཁྲོད་ཀྱི་བུ་མོ་ཞིག་གིས་ཁོ་མོ་ནར་སོན་རྗེས་གློག་བརྙན་སྒྲིག་བཟོ་མཁན་ཞིག་བྱེད་འདོད་ཟེར། མོས་གླེང་བའི་གློག་བརྙན་སྒྲིག་བཟོ་མཁན་འདི་ཉིད་ནི་རང་དབང་གི་མི་བུ་ཞིག་དང་ད་ལྟའི་རྒྱུན་ཆགས་ཀྱི་གློག་བརྙན་དང་པར་སྤེལ་སྒྲིག་གཞི་ལ་མ་བསྟེན་ཞིང་། ཚོང་ལས་དང་འབྲེལ་བ་ཅི་ཡང་མེད་པ་ཞིག་ལ་ངོས་འཛིན་དགོས་ཀྱི་འདུག ཁོ་མའི་བསམ་པར་སློབ་འབྲིང་སློབ་ཐོན་བསྒྲུབ་རྗེས་ཨ་རིར་ཕྱིན་ཏེ། ལོ་ཕྱེད་ཀ་དཔེ་ཆ་ཀློག་པ་དང་ལོ་ཕྱེད་ཀས་འཛམ་གླིང་ལ་ལྗོངས་རྒྱུར་འགྲོ་འདོད་ཟེར། ཕྱི་ཡུལ་ལ་ཐོན་སྐབས་རྡོག་མཁྲེས་ཆེན་པོ་ཞིག་གཅིག་པུ་འཁྱེར་ནས་སྒོ་ཐོན་འདོད་དེ། འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་ཐད་ལ་བསམ་བློ་གཏོང་མི་དགོས་པར། ལམ་གྱི་ཞར་དང་ཞོར་ལ་མི་གཞན་པའི་ལམ་འཁེལ་འཕྲུལ་ཆས་ནང་དུ་ཕྱིན་ཆོག་ལ། དགོང་མོའི་དུས་སུ་ཆོས་ཁང་ནང་ཉལ་བར་འགྲོ་ཆོག ཁོམ་གསེང་ལ་ཆོས་ཁང་ནང་དུ་དང་བླངས་པ་བྱས་ནས་ཕར་རྔོ་ཐོགས་པའི་ལས་ཀ་ཤིག་བསྒྲུབ་ཐུབ་ན་དེས་འཐུས་ཆོག་ཟེར། །
བུ་མོ་དེས་ཁོ་མོ་ཕྱི་ལ་ཐོན་སྐབས་ལག་ནང་དུ་ཁྱིམ་སྤྱོད་ཀྱི་པར་ཆས་དཀྱུས་མ་ཞིག་བྱུང་ན་འགྲིག་སྟེ། ལྗོངས་རྒྱུའི་ཁྲོད་ནས་སྤྱི་ཚོགས་ཀྱི་དངོས་བདེན་གྱི་གནས་ཚུལ་དང་། ཆོས་ཁང་གནམ་གཅལ་ཐོག་གི་ལྡེབས་རིས། ལམ་གཡས་གཡོན་གྱི་ལྕང་མ་གྲལ་སྟར་སྒྲིག་པོ། དེ་བཞིན་ཁེར་མའི་མཛེས་པས་བསྟུམས་པའི་ཁང་ཆུང་དག་པར་དུ་ལེན་ཆོག་ལ། གྲོགས་སྣ་ཚོགས་འགྲིག་ཏེ། མཉམ་དུ་བཟའ་རིགས་འདྲ་མིན་སྣ་ཚོགས་ལ་བྲོ་བ་བལྟ་འདོད་ཟེར། །
ཁོ་མོ་ཁ་ལུ་ཡ་ཁེའི་①《ལམ་ན་ཡོད》ཅེས་པ་དེར་མོས་ཤིང་སན་མའོ་དང་ཡུ་ཅིན་②གྱི་ཡུལ་སྐོར་ཟིན་ཐོ་ལ་མི་དགའ་ཟེར། གང་ལ་ཞེ་ན། ཁོ་གཉིས་པོའི་ཡུལ་སྐོར་ཟིན་ཐོ་ནི་རྟ་གཞོན་པ་ཙམ་དང་། མེ་ཏོག་ལ་བལྟ་བ་ཙམ་རེད་ཟེར། ཁོ་ཚོས་མཐོང་བ་ནི་འཚོ་བའི་ཕྱི་ཤུན་ཙམ་དང་། མོ་རང་ཉིད་ཀྱི་འཚོལ་འདོད་པ་ནི་གཏིང་མཐའ་མེད་པའི་འཚོ་བའི་དངོས་བདེན་ཡིན་ཚུལ་བཤད། ཁོ་མོས་ལོ་བཞི་བཅུའི་སྔོན་ལ་གཉེན་སྒྲིག་བྱ་མི་འདོད་ཟེར། དེ་འདྲ་བྱས་ན་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་མི་སྲིད་ལ། རང་ཉིད་ཀྱི་དགའ་བའི་ལས་ལ་བློ་རྩེ་གཅིག་སྒྲིམ་གྱིས་འཇུག་ཆོག་ཟེར། དེ་ཡིན་དུས་རང་ནི་མི་གཅིག་གི་དོན་དུ་འཚོ་ཆོག་ཟེར། །
སློབ་ཕྲུག་བུ་མོ་དེའི་ཨ་མ་ནི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཁྲབ་ཁྲིད་པ་རེད་འདུག་ལ། སྒྲིག་གཞིའི་ཁྲོད་དུ་གཟབ་གཟབ་ནན་ནན་དང་ཆེད་ལས་བུད་མེད་ཀྱི་འཚོ་བར་རོལ་མཁན་ཞིག་རེད་ཟེར། མ་དང་བུ་མོ་གཉིས་ཀྱི་མི་ཚེ་ནི་གནམ་ས་ཁ་འཕྲོད་ལྟ་བུ་ཞིག་ཏུ་སྣང་འདུག དེར་བརྟེན་ངས་བུ་མོ་དེ་ལ། རང་གི་ཨ་མས་རང་གི་བསམ་ཚུལ་ཤེས་ཀྱི་ཡོད་དམ། ཨ་མས་གནས་ཚུལ་དེ་དག་མཁྱེན་རྗེས་རང་ལ་སྔར་བཞིན་རྒྱབ་སྐྱོར་བྱེད་སྲིད་དམ་ཞེས་འདྲི་སྐབས། བུ་མ་དེས་ང་ལ་དགོད་ཚེར་ཚེར་དང་སྣང་མེད་ཀྱི་ངང་ནས། ངས་ཨ་མར་བཤད་མེད། ང་རང་གིས་སོ་སོ་རང་ཉིད་ལ་བརྟེན་ནས་རྒྱང་རིང་ལ་འཕུར་རྒྱུ་བྱུང་བའི་དུས་ཤིག་ལ་སླེབས་དུས་བཤད་ཚེ། ཨ་མ་སེམས་ནས་བསམ་ཡང་ལུས་པོས་མི་འཇོན་པ་བྱེད་སྲིད་པས་དེ་དུས་ཨ་མས་ང་འཕུར་དུ་འཇུག་ངེས་ཟེར། །
དེའི་ཁྲོད་ཀྱི་སློབ་ཕྲུག་བུ་ཞིག་གིས་ང་ལ་བཤད་དོན། ཁོའི་ཕུགས་བསམ་ནི་སློབ་ཆེན་ལ་སྨན་པའི་ཆེད་ལས་སློབ་སྦྱོང་བྱ་བ་དང་། སློབ་གྲྭ་ཐོན་རྗེས་ཨ་མེ་རེ་ཁའི་རྒྱལ་ཁབ་སྐྱོ་ཤོས་རུ་ཝང་ཏ་③ལ་འགྲོ་འདོད་ཟེར། རྒྱལ་ཁབ་དེ་ལ་འགྲོ་འདོད་པའི་རྒྱུ་རྐྱེན་ནི་ཚོང་དང་ཁེ་ལས་ཀྱི་དོན་དུ་མིན་པར། རང་ཉིད་ལ་དབང་བའི་དམངས་ཕན་རིན་མེད་སྨན་ཁང་ཞིག་བསྐྲུན་རྒྱུ་དེ་རེད་འདུག ང་དེ་བས་ཡ་མཚན་ཞིག་སྐྱེས་བྱུང་སྟེ། རང་གི་རུ་ཝང་ཏ་གདམ་ཀ་བྱེད་དགོས་པའི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད་དམ་ཞེས་འདྲིས་པ་ཡིན། དེ་མ་ཐག་ཁོས་རང་ཉིད་ཀྱི་བརྙན་འཕྲིན་དང་དྲྭ་བ་བརྒྱུད་ནས་ལུ་ཝང་ཏའི་ནང་ཁུལ་དམག་འཁྲུག་གི་གནས་ཚུལ་མང་པོ་མཐོང་མྱོང་ཟེར། ས་དེའི་ཕྲུ་གུ་རྣམས་མུ་གེ་དང་ནད་ཀྱིས་རྐྱེན་པས་ཤ་ཧ་ཅང་རིད་པར་གྱུར་ཏེ་རྟེན་ས་ཅི་ཡང་མེད་པར་བྱེ་ཐང་ཐོག་ཏུ་ཤི་སྒུག་བརྒྱབ་ནས་བསྡད་རྐྱེན་ཡིན་ཟེར། །
བཀྲེས་ལྟོགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་ལ་ཉེ་བའི་གཅེས་ཕྲུག་ཚོས་མིག་འབུར་ཚུགས་སུ་བལྟ་ཞིང་། སྔོན་མདངས་ཡལ་བའི་གནམ་ལ་གཅེར་དུས། སློབ་ཕྲུག་བུ་དེའི་སེམས་པ་ཧ་ཅང་སྐྱོ་བར་གྱུར། ཁོས་རང་ཉིད་ས་དེར་སྐམ་རིད་ཀྱི་ཕྲུ་གུ་དེ་ཚོ་དང་མཉམ་དུ་གཞས་ལེན་པ་དང་གར་འཁྲབ་པའི་རྨི་ལམ་རྨིས། ཁོས་ཤེས་གསལ་ནི་སྤྱི་ལོ་༡༩༩༩ལོའི་ནོ་པེར་ཞིི་བདེའི་བྱ་དགའ་ཐོབ་པའི་སྨན་པ་དག་རྒྱལ་ཁབ་རིས་མེད་ཚོགས་པའི་ནང་དུ་ས་ཕྱོགས་གང་ས་ནས་ཡོད་པའི་སྨན་པ་འདུས་འདུག་སྟེ། ཁོ་ཚོས་གཡོ་ལྷད་མེད་པ་ཅིང་ཟོལ་མེད་ཀྱི་ཕུགས་བསམ་ཆེད་དུ་རང་ཉིད་ཀྱི་ཚེ་གང་གི་མར་མེ་ས་དེ་གར་སྤར་བར་འབུངས། ཁོས་རང་ཉིད་ཀྱང་དེ་དང་འདྲ་བའི་སྨན་པ་ཞིག་བྱས་ནས་ཆེས་དབུལ་ཕོངས་དང་ཆེས་ཉེན་ཁའི་སར་སོང་ཏེ། མི་གཅིག་གི་ཚེ་སྲོག་ལས་སྐྱོབས་མི་ཐུབ་ཀྱང་། དེ་ནི་ཁོའི་མི་ཚེའི་རིན་ཐང་དང་སྙིང་པོ་རུ་འགྱུར་ངེས་ཡིན་ཟེར། ཁོའི་ཕུགས་བསམ་ལ་འཛིན་པའི་ལྟ་སྟངས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ཕྲལ་མར་རླབས་ཆེན་གྱི་དམངས་ཕན་མི་སྣ་ཆེན་མོ་ཐ་ལིི་ཧྲ་④དྲན་བྱུང་། །
ཚེ་གང་པོ་དབུལ་ཕོངས་ལ་ཞབས་འདེགས་ཞུ་བའི་བུ་མོ་ཐ་ལི་ཧྲ་ཡིས་གསུངས་དོན། མི་ཚོས་རང་ཉིད་ཀྱི་སྒེར་སེམས་དང་འཆར་གཞིའི་ཆེད་དུ་ཡིད་ཆེས་བོར་ཞིང་། དོན་དམ་པའི་ཡིད་ཆེས་ནི་ང་ཚོའི་གཏོང་ཕོད་ཀྱི་བརྩེ་བ་དེ་ཡིན། བརྩེ་སེམས་དྭངས་མ་དེ་བྱུང་ན། ང་ཚོའི་བརྩེ་སེམས་དེས་གཞན་ལ་ཕན་འདོགས་སྲིད། བརྩེ་སེམས་ཀྱི་ཡིད་ཆེས་སྐྱོང་ཞིང་། ཡིད་ཆེས་དང་བརྩེ་བ་ནི་ནམ་ཡང་འབྲལ་དུ་མེད་པ་ཡིན། ཕྲུ་གུ་ནི་བརྩེ་དུང་དང་ཆེས་ཉེ་བ་ཡིན་དུས། མི་ཚང་མས་ཕྲུ་གུའི་དུས་ཀྱི་བརྩེ་སེམས་དེ་འཆང་ཐུབ་ན་ཅི་མ་རུང་ངམ།
ཕྲུ་གུ་ཚོའི་ཕུགས་བསམ་ད་དུང་དེས་ག་ལ་ཚད་དེ། ལ་ལའི་ཕུགས་བསམ་ནི་གླུ་ལེན་མཁན་དང་། ལ་ལའི་ནི་གྲོང་ལ་ལོག་ནས་ཤིང་ཏོག་འདེབས་གསོ་མཁན་བྱ་བ་དང་། ཡང་ལ་ལ་ནི་དུག་སྦྲུལ་ལ་ཞིབ་འཇུག་བྱེད་འདོད་པ། ལ་ལ་ནི་སློབ་གྲྭ་ཆེན་མོ་ཞིག་འཛུགས་འདོད་པ། དེ་ལྟ་བུའི་ཁྱད་མཚར་བའི་ཕུགས་བསམ་རེ་རེའི་གསེབ་ནས། ང་ཚོས་ཕྲུ་གུ་ཚོའི་རང་གཤིས་རྟོགས་ཐུབ། །
བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་ཚོའི་ཁྲོད་ནས་ཕྲུ་གུ་གཅིག་ལའང་རང་ཉིད་ཀྱི་ཕ་མ་ལྟར་ཡིག་གཟུགས་ཐོག་ཁང་དུ་ཏན་ཆགས་ཀྱིས་བསྡོད་པའི་གཞུང་ལས་པ་ཞིག་བྱ་འདོད་མཁན་མིན་འདུག གལ་སྲིད་ཕྲུ་གུའི་སེམས་སྦུབས་ཀྱི་བསམ་ཚུལ་ངོ་མ་ཤེས་འདོད་ན། མི་རྒན་པ་ཚོས་ངེས་པར་དུ་བཏང་སྙོམས་དང་དྲང་བདེན་གྱི་སེམས་ཁམས་ཞིག་གིས་དོན་ངོ་མ་རྒྱུས་ལོན་བྱ་དགོས། མི་རྒན་པ་ཚོས་རྟག་ཏུ་ཕྲུ་གུ་ལ་མཐོང་ཆུང་བྱས་ཏེ། ཕྲུ་གུ་ནི་ལོ་ན་ཕྲ་བ། ན་ཚོད་མ་སྨིན་པ། འོན་ཀྱང་། དོན་ངོ་མའི་རྒས་སེམས་ནི་ཅི་འདྲ་ཞིག་རེད་དམ། དོན་ངོ་མའི་རྒས་སེམས་ནི་ཕུགས་བསམ་བློས་གཏོང་དང་། ཐམས་ཅད་དཀོར་དང་དབང་གི་དོན་དུ་འཚོ་བ་དེའམ། དེ་འདྲ་བའི་རྒས་སེམས་ནི་ང་ཚོར་མི་མཁོ། །
ངས་ཕྲུ་གུ་ཚོའི་བློ་སྟོབས་ལ་གུས་བཀུར་ཞུ་བཞིན་ཡོད་ལ་ཁོ་ཚོའི་བསམ་ཕོད་པའི་རང་དབང་ལའང་ཡིད་ཆེས་བརྟན་པོ་ཡོད། ཁོ་ཚོའི་ཁྲོད་ནས་དོན་དམ་པར་ཕུགས་བསམ་མངོན་འགྱུར་ཡོང་མཁན་ནི་ཉུང་ཤས་ཡིན་པ་ངས་ཤེས་ཏེ། ནམ་ཞིག་ཁོ་ཚོའི་ཁྲོད་ནས་མང་ཆེ་བ་གཞུང་ལས་ཁང་ནང་དུ་ཉི་མ་འབུད་ཐབས་བྱ་མཁན་ཞིག་ཏུ་འགྱུར་སྲིད་ཀྱང་། ཆུང་ངུའི་དུས་ནས་ཕུགས་བསམ་ཡོད་ཕོད་པ་ནི་གཞོན་ནུ་ངར་མ་ཞིག་གི་རྨང་གཞི་ཞིག་ལ་སེམས། །
ཨ་རིའི་སློབ་གསོ་བ་མཁས་ཅན་པའོ་ཡད་⑤ཀྱིས་རང་ཉིད་ཆུང་དུས་ཀྱི་འདས་དོན་ལ་དྲན་གསོ་བྱས་པར་གཞིགས་ན། ལོ་ངོ་སུམ་ཅུའི་སྔ་རོལ་དུ། ཁོང་དང་ཆུང་མ་སློབ་གྲྭས་འབོད་སོང་བ་སྟེ། སློབ་གྲྭའི་ཕྱོགས་ནས་ཁོ་གཉིས་པོ་ལ་བཤད་དོན། ཁོང་གཉིས་ཀྱི་ཕྲུ་གུ་དམིགས་བསལ་གསོ་སྐྱོང་གི་ཁ་ཕྱོགས་སུ་འགྱུར་ཟིན་ཡོད་སྐད། ཕྲུ་གུའི་སློབ་སྦྱོང་གི་སྦྱང་འབྲས་ནི་ཧ་ཅང་སྐྱོ་བའི་གྲས་སུ་ཚུད་འདུག་ཅིང་། ཐེངས་ཤིག་གི་ཚོད་རྒྱུགས་ཁྲོད་རྒན་ལགས་ཀྱིས་ཁོ་ཚོའི་ཡིག་རྒྱུགས་ཐོག་ལ་དཔྱད་གཏམ་འདི་འདྲ་ཞིག་སྤེལ་འདུག་སྟེ། ཁོ་ནི་ཕུགས་བསམ་ཅན་ཞིག་རེད་ཟེར། །
སྐད་ཆ་དེ་ཐོས་མ་ཐག པའོ་ཡད་ལམ་སེང་ཁོང་དགོད་ཤོར། ཁོས་སྔ་ས་ནས་རང་ཉིད་ཀྱི་ཕྲུ་གུ་ནི་སྟོང་འདང་བྱེད་རྒྱུར་སྤྲོ་བ་ཞིག་ཡིན་པ་ཤེས་ཡོད་ཅིང་། ནམ་རྒྱུན་སྐར་མ་དང་ཟླ་བར་སྟོང་འདང་བྱེད་ལ། ཧ་ཅང་ཐག་རིང་གི་ས་ལ་སྟོང་འདང་འང་བྱེད་ཀྱིན་ཡོད། དེ་བས་ཀྱང་སྟོང་འདང་གི་ཁྲོད་ནས་སློབ་གྲྭ་དང་བྲལ་བའི་ཐབས་འཚོལ་གྱིན་ཡོད། དེ་འདྲ་ཡིན་མོད་ཀྱང་། པའོ་ཡས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་སྤྱོད་ཡོན་གཉིས་ལྡན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བཅངས་ཡོད། ཡིན་ནའང་ཁོའི་ཕྲུ་གུའི་འཇོན་ནུས་དེ་སློབ་གྲྭའི་རྒྱུན་སྲོལ་བྱེད་སྒོ་དང་ཡིག་རྒྱུགས་ཀྱི་ཁྲོད་ནས་འདོན་སྤེལ་མི་ཐུབ་པ་ཞིག་ལ་ངོས་འཛིན་གྱིན་ཡོད། །
དེར་བརྟེན་པའོ་ཡད་ཀྱིས་རང་ཉིད་ཀྱི་ཐབས་ལམ་དེ་བརྒྱུད་ནས་ཕྲུ་གུའི་ཕུགས་བསམ་ལ་སྲུང་སྐྱོང་བྱེད་བཞིན་ཡོད། ཁོས་ཀྲན་མུའུ་སེ་ཨ་ཅེ་⑥ཡི་ལྟ་བ་ལ་མོས་པ་ཡོད་དེ།”ཁོར་ཡུག་ཅི་འདྲ་ཞིག་གི་འོག་ཏུའང་། མིའི་རིགས་ཀྱི་ནུས་པ་དེ་ཕྲུ་གུ་དམའ་འབྱར་སྐྱེས་དུས་ནས་ཐོན་གྱིན་ཡོད།”ཁོས་གསུངས་པ་བདེན་ཏེ། ཕྲུ་གུ་ནར་སོན་རྗེས་སྐད་གྲགས་ཅན་དུ་གྱུར་ཡོད། །
ཕུགས་བསམ་མེད་པའི་བྱིས་དུས་ནི་དངོས་བདེན་གྱི་བྱིས་དུས་ཤིག་ཅི་ལ་ཡིན། ཕུགས་བསམ་མེད་པའི་མི་ཚེ་ནི་རིན་ཐང་གིས་དབེན་པའི་མི་ཚེ་ཞིག་རེད། འོན་ཏེ་ཕུགས་བསམ་ལ་དགོས་པ་ནི་བློ་སྟོབས་ཀྱི་རྒྱབ་སྐྱོར་ཡིན་རྐྱེན། ང་ཚོར་ད་དུང་ཕུགས་བསམ་གྱི་བློ་སྟོབས་ལྷག་འདུག་གམ།
མཆན་འགྲེལ།
① ཁ་ལུ་ཡ་ཁེ། (༡༩༢༢-༡༩༦༩)མིང་ཆ་ཚང་ལ་ཅེ་ཁད། ཁ་ལུ་ཡ་ཁེ་ཟེར་ཞིང་། ཨ་རིའི་གྲགས་ཅན་རྩོམ་པ་པོ། བརྩམས་ཆོས་ལ་《ལམ་ན་ཡོད》དང་《 ཁེར་རྐྱང་གི་འགྲུལ་བཞུད་པ》སོགས་ཡོད།
② སན་མའོ་དང་ཡུ་ཅིན།
སན་མའོ། དངོས་མིང་ཁྲན་མའོ་ཕིང་། (༡༩༤༣-༡༩༩༡)སྐྱེས་མ། ཀྲུང་གོའི་དེང་རབས་རྩོམ་པ་པོ། སྤྱི་ལོ་༡༩༤༣ལོར་ཀྲུང་གོའི་ཁྲུང་ཆིན་དུ་སྐྱེས་ཤིང་། སྔ་ཕྱིར་རྒྱལ་ཕྱིར་སློབ་གྲྭ་འགྲིམ་མྱོང་། བརྩམས་ཆོས་ལ་《ས་ཧ་ལ་བྱེ་ཐང》དང་《སན་མའོ་ཡུལ་སྐོར་ཟིན་ཐོ》《ངུ་ངག་གི་རྔ་མོང》《 རྨི་ལམ་ནང་མེ་ཏོག་ལྷུང་དུས་ག་ཚོད་ཤེས》 ཞེས་པ་སོགས་དཔར་སྐྲུན་བྱས།
ཡུ་ཅིན། སྤྱི་ལོ་༡༩༥༠ལོར་སེ་ཕེན་དུ་འཁྲུངས། སྐྱེས་མ། གྲགས་ཅན་རྩོམ་པ་པོ། བརྩམས་ཆོས་ལ་《བྱེ་ཐང་ཐོག་གི་ཁང་པ་དཀར་པོ》དང་《ལམ་ནོར་གྱི་ཆར་དུས》སོགས་ཡོད།
③རུ་ཝང་ཏ། རྒྱལ་ཁབ་ཅིག་གི་མིང་སྟེ། གླིང་ཆེན་ཨ་ཧྥེ་རི་ཀའི་ཤར་ཕྱོགས་སུ་ཆགས་ཡོད། རྒྱལ་སྤྱིའི་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག
④ཐ་ལི་ཧྲ། (༡༩༡༠-༡༩༩༧) ཁོ་མོ་ནི་འཛམ་གླིང་གི་གནམ་བདག་ཆོས་ལུགས་ཀྱི་ཆོས་པ་དང་། ཆེས་ཕུལ་བྱུང་གི་དཀར་པོ་དགེ་བའི་ལས་གྲུབ་མཁན་ཞིག རྒྱ་གར་གྱི་དབུལ་ཕོངས་ཆེད་དུ་ཞབས་ཞུ་སྒྲུབ་པ་མང་ཞིང་། སྤྱི་ལོ་༡༩༧༩ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ།
⑤པའོ་ཡད། ཨ་རིའི་སློབ་གསོ་མཁས་ཅན་ཞིག
⑥ཀྲན་མུའུ་སེ་ཨ་ཅེ། (༡༩༠༩-༡༩༥༥)ཨ་རིའི་བརྩམས་སྒྲུང་མཁས་ཅན། གློག་བརྙན་དཔྱད་བརྗོད་པ། སྙན་ངག་པ་ཞིག་ཡིན་ཞིང་། ༡༩༣༢ལོར་ཧ་ཧྥོར་སློབ་ཆེན་ནས་ཐོན། བརྩམས་ཆོས་ལ་《ཨ་ཧྥེ་རེ་ཀའི་བཙུན་མོ》དང་《རྔོན་པའི་འདས་དོན》སོགས་ཡོད།
རྩོམ་པ་པོ་ངོ་སྤྲོད། སྤྱི་ལོ་༡༩༧༣ལོའི་ཟླ་༡༠པར་སི་ཁྲོན་ཁྲན་ཏུའི་ཕུ་ཅང་རྫོང་དུ་འཁྲུངས། ལོ་བཅུ་གསུམ་ནས་རྩོམ་ཡིག་འབྲི་འགོ་བརྩམས། སྤྱི་ལོ་༡༩༩༢ལོར་པེ་ཅིན་སློབ་ཆེན་རྒྱ་ཡིག་ཚན་ཁག་ཏུ་རྒྱུགས་འཕྲོད། སློབ་ཆེན་གྱི་འཚོ་བའི་ནང་དུ།ཡིག་འབྲུ་ཁྲི་ཉིས་བརྒྱ་ལ་ཉེ་བའི་རིག་གནས་དཔྱད་བརྗོད་གཙོས་པའི་བརྩམས་ཆོས་སྤེལ། བརྩམས་ཆོས་ཁག་ཅིག་《མེ་དང་འཁྱགས་རོམ》ཞེས་པའི་དཔེ་ཆའི་མིང་ཐོག་ནས་དཔར་བསྐྲུན་མཛད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3257
དཔྱད་མཆན་སྤེལ།