ངོ་བོ།
འཆར་ཅན་གྱི་འཚོ་བའི་ཁྲོད་ནས་འུ་ཅག་གིས་བེད་སྤྱོད་གཏོང་བཞིན་པའི་དབང་ཤེས་འདི་ཚོ་ལ་ངོ་བོའི་སྒོ་ནས་ཕར་དབྱེ་ན་མིག་ཤེས་ནས་ལུས་ཤེས་བར་དུ་ལྔ་ཙམ་ཡོད་ཀྱང་། དེང་སང་གི་བཤད་སྲོལ་དབང་བཙན་དུ་བྱས་ཏེ་སྐྱེད་བྱེད་ཡུལ་གྱི་ཆ་ནས་ཚུར་བསྡུས་ན་རྫས་འགྱུར་ལ་བརྟེན་ནས་སྐྱེ་བ་ལྕེ་ཤེས་དང་སྣ་ཤེས། རླབས་ལ་བརྟེན་ནས་སྐྱེ་བ་མིག་ཤེས་དང་རྣ་ཤེས། ཤུགས་ལ་བརྟེན་ནས་སྐྱེ་བ་ལུས་ཤེས་ཏེ་རིགས་མི་འདྲ་བ་གསུམ་དུ་འདུའོ། །
དེ་ལ་ང་དང་ཁྱོད་ཁོ་དང་མོ་སོགས་སྤྱིར་བཏང་གི་སྐྱེ་རྒུ་ཕལ་མོ་ཆེས་གཟུགས་མཛེས་པ་ལ་ལྟ་དྲན་སྐབས་མིག་ཕྱེ་ནས་ཅེར་བ་ལས་རྣ་བ་བླགས་ཏེ་ཉན་སྲོལ་མེད་ཅིང་། རོ་ཞིམ་པོ་ཞིག་མྱོང་བར་འདོད་པ་ན་ཡང་ཁ་གདངས་ཏེ་ལྕེ་སྲིང་བ་ལས་མིག་བགྲེད་དེ་ལྟ་སྲོལ་ཡེ་ནས་མེད་མོད། དམིགས་བསལ་གྱི་གང་ཟག་འགའ་རེས་ནི་མིག་གིས་རེག་བྱ་མྱོང་ཐུབ་ཅིང་རྣ་བས་གཟུགས་མཐོང་ནུས་ཀྱི་ཡོད་སྟབས་མཛེས་སྡུག་གི་ཁ་དོག་ལ་ལྟ་བར་འདོད་ནས་རོལ་དབྱངས་ལ་ཉན་པ་སོགས་བྱེད་པས་སྣང་ཚུལ་ཁེ་མཚར་དེའི་མིང་ལ་འདྲེས་ཚོར་(联觉synesthesia)ཞེས་གྲགས་ཏེ། མཐོང་ཚོར་དང་ཐོས་ཚོར་སོགས་ཀྱི་བྱེད་ལས་ཕན་ཚུན་དུ་འདྲེས་ཡོད་པའི་ཕྱིར་ན་དེ་སྐད་དུ་བཏགས་པའོ། །
དབྱེ་བ།
དེ་ལ་དམིགས་བསལ་གྱི་མི་སྣ་དེ་ཚོའི་རྒྱུད་ཀྱི་དབང་ཤེས་སོ་སོའི་བྱེད་ལས་ཕན་ཚུན་དུ་འདྲེས་ཏེ་གཅིག་གིས་གཅིག་གི་ཚབ་བྱེད་ཀྱིན་ཡོད་པ་ལས་མཐོང་ཚོར་དང་རེག་ཚོར་འདྲེས་ཏེ་མིག་ཤེས་ཀྱིས་རེག་བྱ་མྱོང་བ་ནི། དཔེར་ན་མི་འགའ་རེའི་མིག་གིས་མདོག་དམར་པོ་དང་། སེར་པོ། དམར་སེར་སོགས་མཐོང་བས་ལུས་ཤེས་ལ་མ་བརྟེན་པར་དྲོ་འཇམ་གྱི་རེག་བྱ་ཚོར་བ་དང་། དེ་བཞིན་མདོག་ལྗང་ཁུ་དང་། སྔོན་པོ། སྨུག་པོ་སོགས་མཐོང་བས་གྲང་འཁྱག་གི་རེག་བྱ་མྱོང་བའི་ཕྱིར་ན་ཁ་དོག་སྔ་མ་དེ་ཚོར་དྲོ་མདོག་དང་ཕྱི་མ་རྣམས་ལ་གྲང་མདོག་ཅེས་མིང་ཁེ་མཚར་ཞིག་འདོགས་སྲོལ་ཡོད་ལ། དུས་རྒྱུན་འཚོ་བའི་ཁྲོད་ནས་གྲང་ཤུལ་ཤུལ་གྱི་ངོ་མདོག་ཅེས་པ་དང་མངར་སིབ་སིབ་ཀྱི་འཛུམ་མདངས་ཞེས་པ་སོགས་ཀྱང་མཐོང་ཚོར་དང་རེག་ཚོར་འདྲེས་པའི་སྣང་ཚུལ་ཡིན་ཞེས་ཀྱང་སྨྲ་བར་གདའོ། །
དམིགས་བསལ་ནང་གི་དམིགས་བསལ་ཞིག་ལ་བྱིས་པ་ཁ་ཤས་ཀྱིས་ལྕེ་ཟེར་བའི་ཁ་ནང་གི་ཤ་ལེབ་མོ་འདི་ཉིད་གཏན་ནས་བེད་སྤྱོད་མ་གཏོང་བའི་ཐོག་ནས་མིག་ཁོ་ནས་མདོག་དམར་པོ་མཐོང་སྐབས་སྐྱུར་བའི་རོ་ཚོར་བ་དང་། སྔོན་པོ་མཐོང་དུས་ཁ་བའི་རོ་མྱོང་བར་བཤད་པས་དེ་ནི་མཐོང་ཚོར་དང་རོ་ཚོར་གཅིག་ཏུ་འདྲེས་ཏེ་མིག་ཤེས་ཀྱིས་རོ་མྱོང་བ་ཡིན་ལ། འགའ་རེས་ནི་རླབས་ཐག་ཐུང་བའི་སྒྲ་དམའ་མོ་ཐོས་པས་ལུས་ཤེས་ལ་མ་ལྟོས་པར་རེག་བྱ་ཚ་བ་མྱོང་ཞིང་། རླབས་ཐག་རིང་བའི་སྒྲ་མཐོན་པོ་ཚོར་བས་རེག་བྱ་གྲང་མོ་མྱོང་གིན་ཡོད་འདུག་པ་ནི་ཐོས་ཚོར་དང་ལུས་ཚོར་འདྲེས་པའི་རིགས་སོ། །ཁ་ཅིག་གིས་སྣས་དྲི་སྣོམ་པའི་དུས་མཚུངས་སུ་རང་དགར་ནམ་མཁའི་མཐོངས་སུ་ཁ་དོག་དཀར་སེར་དམར་ལྗང་དུ་མ་ཞིག་ཕྲ་ཤིག་ཤིག་ཏུ་སྣང་ཡོང་གི་ཡོད་འདུག་པས་དེ་ནི་སྣོམ་ཚོར་དང་མཐོང་ཚོར་འདྲེས་པའི་དན་རྟགས་གསོན་པོའོ། །
ཡང་ཡ་མཚན་ནང་ནས་ཡ་མཚར་ཤོས་ཤིག་ལ་རྣ་བས་རོལ་དབྱངས་འདྲ་མིན་ཐོས་པའི་གནས་ཚུལ་འོག་ནས་མིག་ཟུང་བཙུམས་བཞག་ན་ཡང་རོལ་མོའི་དབྱངས་འགྲོས་དང་མཐུན་པའི་མཛེས་སྡུག་གི་ཁ་དོག་སྣ་ཚོགས་ཤིག་བར་སྣང་དུ་ཤར་ཡོང་གི་ཡོད་འདུག་པས་དེ་ནི་ཐོས་ཚོར་དང་མཐོང་ཚོར་འདྲེས་ཏེ་རྣ་བས་གཟུགས་མཐོང་བའི་དཔེ་མཚོན་དུ་བགྲང་ཆོག་གོ །བསམ་ཡུལ་ལས་འདས་པ་ཞིག་ལ་མིག་འཚུམ་བཞིན་དུ་རྣ་ཤེས་འབའ་ཞིག་ལ་བརྟེན་ནས་ཁ་དོག་མཐོང་ཐུབ་པའི་སྐྱེས་བུ་ཡ་མཚན་ཅན་དེ་ཚོས་ཡ་མཚན་གྱི་ནུས་རྩལ་དེ་ཉིད་ལ་བརྟེན་ནས་ཡ་མཚན་གྱི་རི་མོ་འབྲི་བ་དང་། ཁྱད་འཕགས་ཀྱི་རོལ་མོ་དཀྲོལ་བའི་ནུས་པ་ཁྱད་མཚར་རེ་ཡང་རྙེད་ཀྱིན་ཡོད་འདུག་གོ །
བཤད་མ་ཐག་པ་དེ་དག་ནི་དབང་པོ་གཉིས་ཀྱི་བྱེད་ལས་ཕན་ཚུན་དུ་འདྲེས་པའི་མཚན་གཞི་ཡིན་ལ། ད་ལྟ་ཁོ་བོའི་མཛུབ་མོས་མྱུར་དུ་འབྲི་ལ་ཁད་པ་ནི་དབང་ཤེས་ཐ་དད་པ་བཞིའི་ནུས་པ་འགལ་བ་བཞི་སྐབས་རེར་གཞི་གཅིག་ཏུ་འདུ་བ་ཡོད་པའི་དཔེ་མཚོན་ཏེ། དམིགས་བསལ་གྱི་གང་ཟག་ཁ་ཅིག་གིས་ཁ་དོག་ཁྱད་པར་བ་འགའ་རེ་མཐོང་བ་དང་དུས་མཉམ་དུ་དབང་པོ་གཞན་ལ་མ་བརྟེན་པར་མིག་ཤེས་ཉག་ཅིག་གི་བཀའ་དྲིན་ལ་བརྟེན་ནས་གཟུགས་ཙམ་དུ་མ་ཟད་དྲི་རོ་རེག་བྱ་གསུམ་ཆར་ཡང་མྱོང་ནུས་པར་བཤད་དོ། །
འཛམ་གླིང་འདིའི་ཐོག་ཏུ་དབང་ཤེས་གཅིག་གི་སྟེང་ལ་རང་ཉིད་བཅས་པའི་དབང་པོ་ལྔ་ཡི་ནུས་པ་འཛོམས་པའི་སྐྱེས་བུ་ཆེས་ཐོག་མ་ནི་རྒྱལ་ཁབ་ཨུ་རུ་སུ་ནས་ཡིན་པའི་ཚགས་པར་གསར་འགོད་པ་གྲགས་ཅན་谢列舍夫斯基ཟེར་བ་དེ་ཡིན་ཞེས་བཤད་འདུག་པས། མཐོང་ཚོར་ནས་རེག་ཚོར་བར་གྱི་དབང་ཤེས་ལྔ་ཆར་གྱི་བྱེད་ལས་ཤེས་པ་གཅིག་གི་ཐོག་ཏུ་འདུ་ཞིང་འདྲེས་པའི་གང་ཟག་དེ་འདྲ་གནའ་སྔ་མོ་ནས་ཡོད་སྲིད་ཀྱང་དེ་དག་ལ་སྐད་གྲགས་མེད་པས་འདྲེས་ཚོར་གྱི་ལོ་རྒྱུས་ནང་དུ་འཁོད་པའི་བསོད་ནམས་མེད་སོང་བ་འདྲའོ། །
གཞན་ཡང་མིང་ལ་柯尔曼ཟེར་བས་མཚོན་པའི་གང་ཟག་འགའ་རེས་ཤོག་བུ་དཀར་པོའི་ངོས་སུ་སྣག་ཚ་ནག་པོས་བྲིས་པའི་ཡིག་འབྲུ་ནག་ཤར་རེ་བ་དག་ལ་མིག་བགྲད་དེ་ལྟ་སྐབས་ཡིག་འབྲུ་དེ་དག་རེ་རེ་བཞིན་ཁ་དོག་སྣ་ཚོགས་ལྡན་པའི་ཚོན་མདོག་ཅན་དུ་སྣང་ཡོང་གི་ཡོད་པ་དང་། ཡང་གང་ཟག་འགའ་རེས་སྣག་ཚ་ནག་པོས་བྲིས་པའི་དབྱིན་ཡིག་གི་ཨང་ཀི་གཅིག་ནས་བཅུའི་བར་ལ་མཉམ་དུ་ལྟ་དུས་ཨང་ཀི་རེ་རེ་བཞིན་ཁ་དོག་སོ་སོར་ལྡན་པའི་གཟུགས་སུ་སྣང་ཡོང་བར་བཤད་དེ། དཔེར་ན་ཨང་ཀི་༡ནི་མདོག་དམར་པོ་ཅན་དང་། ༢ནི་སེར་པོ་ཅན། ༣ནི་སྔོན་པོ་ཅན་དུ་མཐོང་བ་ལྟ་བུ་ཡིན་ལ། ཚོན་མདོག་རིགས་གཅིག་ཁོ་ནས་བྲིས་པའི་ཡིག་འབྲུ་དང་ཨང་ཀི་སོགས་ཁ་དོག་སྣ་ཚོགས་སུ་མཐོང་འགྲོ་བའི་སྣང་ཚུལ་དགོད་བྲོ་པོ་དེ་ཡང་འདྲེས་ཚོར་གྱི་ཁོངས་སུ་གཏོགས་པ་ཡིན་འདུག་གོ །
ཆེས་ཡིད་སྨོན་འཆོར་དགོས་པ་ཞིག་ལ། ལོ་རྒྱུས་དེབ་ཐེར་གཙོས་པའི་དཔེ་ཆ་རྣམས་ལ་མིག་གིས་ལན་རེ་བལྟས་པས་ཀྱང་ཚིག་དོན་ཡོད་ཚད་བློ་ལ་འཛིན་ཐུབ་པ་མ་ཟད་བློར་ཟིན་པ་དེ་དག་ཀྱང་ནམ་ཡང་བརྗེད་མི་འགྲོ་བའི་གང་ཟག་འགའ་རེ་ཡོད་འདུག་ཅིང་། ཁྱད་འཕགས་ཀྱི་ནུས་པ་དེ་ཡང་ཡུལ་དུས་ཚོར་བ་གསུམ་པོ་མཉམ་དུ་འདྲེས་པའི་འདྲེས་ཚོར་གྱི་བྱིན་རླབས་ཡིན་ཞེས་བཤད་འདུག་གོ །
མདོར་ན་འདི་ཡན་ཆད་དུ་བསམ་གྱིས་མི་ཁྱབ་པའི་གནས་ལ་བློ་ཁ་ཅུང་ཟད་ཀྱང་ཕྱོགས་མྱོང་མེད་པའི་བླུན་པོ་ཨུ་ཚུགས་ཅན་དང་། ཆོས་མངོན་པ་མཛོད་ལས་གཞན་གང་ཡང་ཐོས་མ་མྱོང་བའི་རྟོག་གེ་མགོ་མཁྲེགས་པ་གཉིས་ཀྱི་རྣ་ཁུང་ནང་དུ་ཆེས་ཤིན་ཏུ་ནས་ཤོང་བར་དཀའ་བའི་རྣམ་བཞག་ཇི་སྐད་བཤད་པ་དེ་དག་ནི་འདྲེས་ཚོར་གྱི་དབྱེ་བ་གཙོ་བོ་རྣམས་ཡིན་ཏེ། ཞིབ་ཏུ་ཕྱེ་ན་འདྲེས་ཚོར་རིགས་མི་འདྲ་བཞི་བཅུ་ཙམ་ཡོད་ཅེས་ཚན་རིག་པ་肖恩·戴ཟེར་བ་སོགས་ཀྱི་ཆེད་མཁས་པ་མང་པོ་ཁ་མཐུན་པར་སྨྲ་ལ། མཁས་པ་ཁ་ཤས་ཀྱིས་དེ་ལས་གཞན་དུ་ཡང་བཤད་ཡོད་པ་མཐོང་བས་མཐའ་གཅིག་ཏུ་གྲངས་ཀ་འདི་ཁོ་ནར་གྲངས་ངེས་སོ་ཞེས་མཐའ་བསྡོམས་ནི་རྒྱག་མི་ནུས་པ་འདྲའོ། །
དེ་ལྟར་ངོ་མཚར་བའི་སྣང་ཚུལ་འདི་དག་མཐོང་སྐབས་རྩོད་ར་ཆུང་ཆུང་ཞིག་ནས་རིགས་པ་སྐམ་པོ་ཞིག་ཁ་ལ་ཁྱེར་ནས་ཤེས་བྱའི་ཁམས་ཀྱི་རྣམ་བཞག་ཆ་ཚང་ཐག་ཆོད་པར་འདོད་པའི་རིགས་ལམ་ཅན་ཚོས་གཟུགས་ཀྱི་མཚན་ཉིད་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་ནས་རེག་བྱའི་མཚན་ཉིད་ལུས་ཀྱི་མྱོང་བྱ་ཡིན་པའི་བར་དུ་དམ་བཅས་ཏེ། དེ་ཚོའི་བར་ལ་ཁྱབ་པ་སྒོ་བརྒྱད་བརྩིས་ནས་བསྡོམས་ཆེན་པོ་ཞིག་ཕོག་བསྡད་ཡོད་སྣང་ཤར་བའི་སྟོང་བསམ་དེ་ཚོ་དྲན་ན་ངོ་ཡང་ཏོག་ཙམ་ཚ་ཡོང་བར་འདུག་གོ །
བྱུང་རབས།
སྲིད་པའི་ཁམས་སུ་སྣང་ཚུལ་ཡ་མཚན་པ་མང་དུ་ཡོད་པའི་ནང་ནས་ཡ་མཚར་ཤོས་ཀྱི་གྲས་སུ་བགྲང་ཆོག་པའི་འདྲེས་ཚོར་ཞེས་པ་དེ་ཉིད་གནའ་སྔ་མོའི་དུས་ནས་ཀྱང་གང་ཟག་སྒེར་པའི་ཐོག་ཏུ་བྱུང་ཡོད་པ་གདོན་མི་ཟ་ན་ཡང་། འཇིག་རྟེན་སྤྱི་ལ་ཡོངས་སུ་གྲགས་པ་ནི་དུས་ཕྱིས་ཤིག་སྟེ། ཟེར་སྒྲོས་ལྟར་ན་牛津སློབ་ཆེན་གྱི་སློབ་མ་约翰·洛克 ཟེར་བའི་མཚན་ཉིད་རིག་པ་བ་ཞིག་གིས་སྤྱི་ལོ་༡༦༩༠ལོར་མི་ལོང་བ་ཞིག་ལ་ཞིབ་འཇུག་བྱས་པས་གསར་དུ་ཤེས་པར་གྲགས་ཏེ། ལས་ངན་པའི་ལོང་བ་དེས་རྣ་བས་དུང་སྒྲ་ཐོས་པའི་དུས་མཚུངས་སུ་མིག་ཤེས་ལ་མ་ལྟོས་པར་ཁ་དོག་དམར་པོ་མཐོང་ནུས་པ་ཡིན་འདུག་གོ །
དེའི་རྗེས་ཤིག་ལ་སུ་ལན་གྱི་དབང་རྩའི་ཚན་རིག་པ་མཚན་ལ་亚历山大·路利亚ཞེས་འབོད་པས་མི་ལོ་སུམ་བཅུའི་རིང་ལ་ཆེད་དུ་སྣང་ཚུལ་ཁེ་མཚར་དེ་ལ་ཞིབ་འཇུག་གཟབ་ནན་མཛད་ཡོད་པར་འདུག་ལ། དེ་བཞིན་ཞིབ་འཇུག་པ་西托威克ཟེར་བས་གང་ཟག་འབོར་ཆེན་ལ་བརྟག་དཔྱད་བྱས་ཏེ་མཐར་ཆ་སྙོམས་ཀྱིས་མི་ཉིས་ཁྲི་ལྔ་སྟོང་(༢༥༠༠༠)རེའི་ནང་དུ་སྣང་ཚུལ་དེ་འདྲ་ཡོད་མཁན་གང་ཟག་རེ་རེ་ཡོད་པ་དང་དེ་ཡང་མང་ཆེ་བ་བུད་མེད་ཡིན་ཞེས་མཇུག་བསྡོམས་རྒྱབ་ཅིང་། དུས་ཚོད་ནམ་ཡིན་གསལ་བོར་མ་ངེས་ཀྱང་剑桥སློབ་ཆེན་གྱི་ཚན་རིག་པ་མིང་ལ科恩ཟེར་བས་སྣེ་ཁྲིད་པའི་འདྲེས་ཚོར་ཞིབ་འཇུག་ཚོ་ཆུང་གིས་མི་ཉིས་སྟོང་(༢༠༠༠)རེའི་ནང་དུ་དམིགས་བསལ་གྱི་གང་ཟག་དེ་འདྲ་རེ་རེ་ཡོད་པར་འདུག་ཅེས་སྡོམ་ཚིག་བཀོད་འདུག་པས། དོན་དུ་སྣང་ཚུལ་དེ་འདྲ་ཡོད་མཁན་གྱི་མི་ཧ་ཅང་ཕོན་ཆེན་ཞིག་ཡོད་ཚོད་གདའ་འོ། །
གང་ལྟར་ཞིབ་འཇུག་པ་འགའ་རེས་འདྲེས་ཚོར་གྱི་ནུས་པ་ཡ་མཚན་དེ་ཉིད་གང་ཟག་ཁ་ཤས་ལ་ཡོད་པའི་དམིགས་བསལ་གྱི་ནུས་པ་ཞིག་ཡིན་པར་བཤད་ལ། འགའ་རེས་ནི་ཟླ་བ་བཞིའམ་དྲུག་ཙམ་ལ་སླེབས་པའི་འཇིག་རྟེན་གྱི་བྱིས་པ་ཕལ་མོ་ཆེ་ལ་འབྱུང་གི་ཡོད་ཀྱང་ནར་སོན་རིམ་བཞིན་བག་ལ་ཞ་ནས་མེད་སོང་བ་ཡིན་ཞེས་ཟེར་ཞིང་། དེ་ཡང་ཁ་སྟོང་ནང་ནས་བྱུང་རྒྱལ་དུ་ཕུད་ཡོང་བའི་ཚིག་སྟོང་ཞིག་མིན་པར་ཚན་རིག་གི་སྒྲུབ་བྱེད་འགའ་རེ་བཤད་རྒྱུ་འདུག་མོད་དེ་དག་རེ་རེ་བཞིན་འབྲི་བའི་ཁོམ་པ་དང་མོས་པ་གཉིས་ཀ་མ་མཆིས་སོ། །
ཁོམ་པ་མེད་ཀྱང་མོས་པ་ཡོད་པས་དགའ་སྤྲོ་དང་བཅས་ཏེ་འབྲི་འདོད་པའི་གནད་དོན་གལ་ཆེན་ཞིག་བདོག་པ་ནི་ཕར་བལྟས་ཚོད་ལ་སྒྲ་ཐོས་མཁན་དེ་རྣ་ཅོ་ལྷབ་ལྷབ་འདི་ཡིན་པ་དང་། གཟུགས་མཐོང་མཁན་ཡང་སྣ་སྒང་སྒང་འདི་ཡིན་པ་ལྟ་བུར་སྣང་མོད། དོན་ངོ་མར་ནི་ལུས་པོའི་ཕྱི་ལོགས་ཀྱི་ཤ་མཚན་འདི་ཚོས་མཐོང་ཞིང་ཐོས་པ་མིན་པར་ཀླད་པའི་ནང་གི་དབང་རྩ་སོ་སོས་མཐོང་ཞིང་ཐོས་པ་ཡིན་སྟབས། དབང་ཤེས་འདི་ཚོའི་བྱེད་ལས་ནང་ཕན་ཚུན་འཆོལ་འགྲོ་བའི་རྒྱུ་མཚན་ཡང་མཐར་གཏུག་ན་ཀླད་རྩའི་བར་གྱི་འབྲེལ་བ་ལ་ཐུག་ཡོད་ཅེས་ཟེར་རོ། །
དེ་དང་མཉམ་དུ་སྐྱོ་བ་ཆེན་པོས་དབུགས་རིང་དང་བཅས་ཏེ་གླེང་དགོས་གཞན་ཞིག་ཡོད་པ་ནི། ཨ་རིའི་ཞིབ་འཇུག་པ་འགའ་རེས་འདྲེས་ཚོར་ཅན་གྱི་གང་ཟག་དངོས་ལ་བཅར་འདྲི་བགྱིས་ཏེ་དངོས་ཟིན་གློག་བརྙན་ཚད་ལྡན་ཞིག་བཟོས་ནས་སྙན་གྲགས་ཆེ་བའི་བྷེ་བྷེ་སེའི་དྲྭ་ལམ་དུ་བཞག་འདུག་པ་དེ་ཁོ་བོས་སྔོན་ཞིག་ལ་ཚར་གཅིག་ལྟ་མྱོང་ཡོད་ཀྱང་། ད་ཆ་ཕྱིར་དྲན་བྱེད་དུས་བཅར་འདྲི་བྱ་ཡུལ་གྱི་མཛེས་མ་ཞིག་གིས་སོ་སོའི་ཉམས་མྱོང་དམར་རྗེན་དུ་བཤད་སོང་བ་དེ་ཉིད་ཅུང་ཟད་དྲན་པའི་ཁར་མོ་རང་གི་ངོ་གདོང་སྙིང་རྗེ་མོ་དེ་བློ་ལ་རབ་རིབ་ཅིག་ལུས་འདུག་པ་ཙམ་ལས། གཞན་དེའི་ནང་དུ་འདྲེས་ཚོར་སྐོར་གྱི་རྣམ་བཞག་གལ་ཆེ་བ་མང་དུ་ངོ་སྤྲོད་མཛད་སོང་བ་དེ་ཚོ་ནི་གཅིག་ཀྱང་དྲན་སོས་ཀྱིན་མི་འདུག་གོ་ཞེས་པ་འདི་ཙམ་མོ། །
ད་ནི་ལུང་ཐུང་ངུ་ཞིག་དྲངས་ཏེ་གཏམ་གྱི་མཇུག་བསྡུ་བར་བྱ་སྟེ། དེ་ཡང་ཕ་ཡུལ་ཨ་རི་ནས་ཡིན་པའི་དབང་རྩའི་ཚན་རིག་པ་མིང་ལ་理查德·西托威克Richard Cytowicཞེས་པས་བརྩམས་པའི་དཔེ་ཆ་སྟེ་མཚན་ལ་དབྱིབས་གཟུགས་ཀྱི་རོ་ཚོར་བའི་མི《尝出形状味道的人》ཞེས་པའི་ནང་དུ་འདི་ལྟར་བྲིས་ཡོད་དེ།
ང་ཚོས་དབང་པོའི་ཤེས་པ་དང་གློག་བརྙན་བརྒྱུད་གཏོང་གི་འཕྲིན་བརྡ་གཉིས་པོ་ཕན་ཚུན་དཔེ་ལེན་བྱེད་ཆོག་སྟེ། དེ་ཡང་གློག་བརྙན་གྱི་འཕྲིན་བརྡ་དེ་ཉིད་འཕྲིན་གཏོང་ཁང་ནས་ཕར་བཏང་བ་ན་ལམ་ཐག་རིང་པོ་ཞིག་བརྒྱུད་དེ་མཐར་བརྙན་འཕྲུལ་ངོས་སུ་འཆར་ཡོང་བ་ཡིན། དེ་ལ་བརྙན་འཕྲུལ་གྱི་འཆར་ངོས་སུ་ཤར་བའི་གཟུགས་བརྙན་ནི་རང་ཅག་རྒྱུན་ལྡན་གྱི་མིའི་དབང་ཤེས་ཀྱི་དཔེ་རུ་འགོད་ཆོག་ལ། གལ་ཏེ་གཟུགས་བརྙན་དེ་ཉིད་འཕྲིན་བརྡའི་རྣམ་པས་ལམ་བར་ནས་འགྲོ་བཞིན་པའི་སྐབས་སུ་ང་ཚོས་བཀླགས་པར་བྱས་ན་སྐབས་དེར་མཐོང་ཡོང་བ་ནི་འཆར་ངོས་ཐོག་གི་གཟུགས་བརྙན་དང་གཏན་ནས་མི་འདྲ་སྟེ། དེ་ནི་འདྲེས་ཚོར་དང་མཚུངས་པ་བསྒྲེ་རུང་ངོ་། །ཞེས་སོ། །
ཞེས་སྤྱི་ལོ་༢༠༢༣ལོའི་ཟླ་བ་༢པའི་ཚེས་པ༤ཉིན་མོར་ཕ་ཡུལ་ལུང་པའི་ཞིང་སྒྲུབ་ཀྱི་ཚོགས་གྲལ་ལ་བསྡད་ནས་སྦྱིན་བདག་གི་མིག་ལ་སྒབ་ཞོར་དྲྭ་མིང་ལ་ཤིང་དྲུང་པ་ཞེས་འབོད་པས་ག་ལེར་བྲིས་སོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3235
དཔྱད་མཆན་སྤེལ།