བོད་འགྱུར་མངོན་མཛོད་ཀྱི་གནས་དང་པོའི་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བའི་སྐབས་སུ་ཤོ་ལོ་ཀ་གཅིག་ཆད་ཡོད་མེད་སྐོར་གྱི་ཕྲན་དཔྱད་དང་སྐབས་བབ་ཀྱི་དཀའ་གནད་དོགས་སློང་བཅས་བཤད་པ།


རྩོམ་པ་པོ། ཤེས་རབ་མཆོག་ལྡན།

 

ཉེ་ཆར་གུས་པས་མངོན་པ་མཛོད་ཀྱི་གནས་དང་པོ་ལ་བསྐྱར་དུ་ཞིབ་བལྟ་ཐེངས་གཅིག་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་ཤིག་ཀྱང་བཀླགས་པ་ཡིན། སྐབས་ཐོག་དེར་དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་དབུ་ཚད་གསུང་བཏུས་རིན་ཆེན་སྒྲོན་བུ་ཞེས་པའི་དཔེ་དེབ་ཀྱི་མཇུག་ཏུ་བོད་འགྱུར་མཛོད་རྩར་ཆད་འདུག་པའི་ཤོ་ལོ་ཀ་གཅིག་ཟེར་བ་ཞིག་བྲིས་མཛད་གནང་འདུག་མཇལ་ཞིང་། དེ་ལ་བདག་གིས་བོད་འགྱུར་གྱི་མཛོད་འགྲེལ་ཁག་ལས་ཇི་ལྟར་འབྱུང་བ་དང་གཤིབ་བསྡུར་བགྱིས་ཏེ་གུས་པ་རང་གི་བསམ་ཚུལ་ཅུང་ཟད་བརྗོད་འདོད། དེ་ཡང་ནང་པ་སངས་རྒྱས་པའི་སློབ་དཔོན་ཆེན་པོ་དབྱིག་གཉེན་མཆོག་གིས་མཛད་པའི་དམ་ཆོས་མངོན་པ་མཛོད་ཅེས་པ་འདི་ལ་གནས་བརྒྱད་ཡོད་པ་ལས། སྐབས་སུ་བབ་པ་དོན་འདི་ནི་གནས་དང་པོ་ཁམས་བསྟན་པའི་གནས་ཀྱི་མཛོད་ཀྱི་སྐབས་དང་། དེ་ལས་ཀྱང་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བའི་སྐབས་སུ་ཤོ་ལོ་ཀ་གཅིག་ཆད་ཡོད་མེད་ཀྱི་སྐོར་ཡིན་ཞིང་། དེའི་འཕྲོས་དོན་དུ་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བའི་སྐབས་ཀྱི་གཞུང་དོན་དོགས་སློང་འགའ་ཡང་བཤད་རྒྱུ་ཡིན།

 

༡ མཛོད་གནས་དང་པོའི་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བའི་སྐབས་སུ་ཤོ་ལོ་ཀ་གཅིག་ཆད་ཡོད་མེད་སྐོར་གྱི་ཕྲན་དཔྱད།

 

གནས་དང་པོའི་སྐབས་སུ་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ་འདི་ལ། བོད་འགྱུར་གྱི་མངོན་མཛོད་དུ་ཤོ་ལོ་ཀ་གཅིག་ལས་མི་འབྱུང་སྟེ། དེ་ཡང་མཛོད་གནས་དང་པོ་ལས། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པ་བསྡུ་བར་བྱ། །ཞེས་པའོ། །འོན་ཀྱང་སློབ་དཔོན་ཆེན་པོ་ཐཱང་ཞོན་ཙང་གིས་བསྒྱུར་བའི་རྒྱ་ཡིག་གི་ཆོས་མངོན་ཀྱི་རྩ་བར་ཤོ་ལ་ཀ་གཉིས་འབྱུང་སྟེ། ཇི་སྐད་བཤད་པ་བསྡུ་བར་བྱ། །ཞེས་པའི་རྗེས་སུ། ཁམས་ལ་རེ་གཉིས་སུ་བྱས་ན། །ཐོག་མར་བསྟན་པའི་བཅོ་བརྒྱད་དང་། །དེ་ནས་དྲུག་གསུམ་བཞི་གཅིག་དང་། །དེ་ནས་གསུམ་དྲུག་གཉིས་གཉིས་སོ། །ཞེས་པའི་ཤོ་ལོ་ཀ་འདི་འབྱུང་ངོ་ཟེར་རོ། །གཞུང་དེའི་དོན་ནི་ཁམས་དྲུག་ཅུ་རེ་གཉིས་སུ་བྱས་ནས་བསྡུ་བྱེད་ཀྱི་ཁམས་བཅོ་བརྒྱད་དང་། བསྡུ་བྱའི་ཁམས་ལ་དྲུག་ཚན་གསུམ་དང་བཞི་ཚན་གཅིག །གསུམ་ཚན་དྲུག་དང་གཉིས་ཚན་གཉིས་བཅས་བཞི་བཅུ་རྩ་བཞི་ཡོད་པར་གསུངས་པའི་དོན་ཏེ། གང་སྤེལ་གྱིས་མཛད་པའི་འགྲེལ་པ་ལས་འདི་འདྲའི་བཤད་པ་འབྱུང་སྟེ། དེ་ཉིད་ལས། དེའི་ཕྱིར་ཁམས་བཅོ་བརྒྱད་པོ་དེ་དག་ནི་དྲུག་ཚན་གསུམ་དང་། བཞི་ཚན་གཅིག་དང་། གསུམ་ཚན་དྲུག་དང་།གཉིས་ཚན་གཉིས་དང་། དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལྟར་ན་ཁམས་བཞི་བཅུ་རྩ་བཞི་པོ་དེ་དག་ནི་ཁམས་བཅོ་བརྒྱད་པོ་དེ་དག་ཏུ་འགྱུར་རོ། །ཞེས་གསུངས། དེ་དང་མཐུན་པར་མཛོད་འགྲེལ་མངོན་པའི་རྒྱན་དང་། ཀུན་མཁྱེན་ཀརྨ་པ་མི་བསྐྱོད་རྡོ་རྗེའི་མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་དང་། རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་མཛོད་འགྲེལ་གྲུབ་བདེའི་ཤིང་རྟ་བཅས་ལས་ཀྱང་གསུངས་ཡོད། དེ་ཡང་གྲུབ་བདེའི་དཔྱིད་འཇོ་ལས༏ དེ་ལྟར་ཁམས་བཅོ་བརྒྱད་པོ་དེ་དག་དྲུག་ཚན་གསུམ། བཞི་ཚན་གཅིག །གསུམ་ཚན་དྲུག །གཉིས་ཚན་གཉིས་ཏེ་དྲུག་ཅུ་རྩ་གཉིས་སོ། །ཞེས་བསྡུ་བྱེད་ཁམས་བཅོ་བརྒྱད་པོ་དེ་དག་དང་བསྡུ་བྱ་ཁམས་བཞི་བཅུ་རྩ་བཞི་བཅས་བསྡོམས་པས་དྲུག་ཅུ་རྩ་གཉིས་ཡིན་པར་གསུངས་པ་དང་། གྲུབ་བདེའི་ཤིང་རྟ་ལས། མདོར་ན་ཁམས་བཅོ་བརྒྱད་པོ་རྣམས་སུ་དྲུག་ཚན་གསུམ་དང་བཞི་ཚན་གཅིག་གསུམ་ཚན་དྲུག་གཉིས་ཚན་གཉིས་ཚན་གཉིས་ཏེ་བཞི་བཅུ་རྩ་བཞི་ཡང་འདུས་ཤིང་བསྡུ་ཚུལ་རྒྱས་པ་ནི་འདི་སྐབས་ཀྱི་ཊཱིཀ་ཆེན་ལས་འབྱུང་བས་དེར་བལྟ་བར་བྱའོ། །ཞེས་གསུངས། བློ་གྲོས་བརྟན་པའི་མཛོད་འགྲེལ་ལས་ཀྱང་། དེ་ལྟར་དེ་དག་ནི་ཁམས་བཞི་བཅུ་རྩ་བཞི་རྣམས་དེ་ལྟར་བཅོ་བརྒྱད་ཀྱིས་བསྡུས་པར་འགྱུར་ཞིང་དྲུག་ཅུ་རྩ་གཉིས་སུ་ཡང་འགྱུར་རོ། །ཞེས་གསུངས། སྤྱིར་གཞུང་དེ་དག་ལས་གསལ་བ་ལྟར་བསྡུ་བྱེད་ཁམས་བཅོ་བརྒྱད་ཀྱིས་བསྡུ་བྱ་ཁམས་དྲུག་ཅུ་རྩ་བཞི་བསྡུ་ཚུལ་གྱི་རྣམ་བཞག་རྒྱས་པར་གསུངས་མོད། དེ་བསྟན་བྱེད་ཀྱི་རྩ་བ་ལོགས་སུ་ཡོད་པའི་རྣམ་པ་གཏན་ནས་མི་གསལ་བ་མ་ཟད། བོད་འགྱུར་མཛོད་རང་འགྲེལ་ལས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ། །དེ་བཞིན་དུ་ཁམས་མང་པོ་ལ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་ཀྱང་ཅི་རིགས་པར་བསྡུ་བར་རིག་པར་བྱའོ། །ཞེས་གསལ་བས། ཁམས་དྲུག་ཅུ་རྩ་གཉིས་ལས་བསྡུ་བྱེད་བཅོ་བརྒྱད་ཀྱི་སྒོ་ནས་བསྡུ་བྱ་བཞི་བཅུ་རྩ་བཞི་ཇི་ལྟར་བསྡུ་ཚུལ་གྱི་རྣམ་བཞག་དེ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཞེས་སོགས་ཀྱི་གཞུང་གི་རྩ་བས་བསྟན་པར་ཧ་ཅང་གསལ། མ་ཟད་མཛོད་འགྲེལ་རྒྱལ་སྲས་མ་དང་གང་སྤེལ་དང་གནམ་ལྕགས་ཐོག་ཟེར་དང་གནད་ཀྱི་སྒྲོན་མ་བཅས་ལས་མཛོད་ཀྱི་རྩ་བ་ཕལ་མོ་ཆེ་གསལ་བར་བསྟན་ཡོད་པ་ལ། ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ་བསྟན་པའི་སྐབས་འདིར་བོད་འགྱུར་མཛོད་རྩར་བཞུགས་པའི་ཤོ་ལོ་ཀ་གཅིག་པུ་དེ་ལས་ལོགས་སུ་ཤོ་ལོ་ཀ་ལྷག་མ་ཞིག་ཡོད་པ་མི་གསལ། དེ་བས་སྔོན་བྱུང་བོད་ཀྱི་མཁས་པ་ཚོས་འདིའི་སྐབས་སུ་བོད་འགྱུར་མཛོད་རྩ་ལ་ཆད་སྐྱོན་ཡོད་པ་གཏན་ནས་མི་བཞེད་པ་ཡིན། བསྡུ་བྱེད་ཁམས་བཅོ་བརྒྱད་པོས་བསྡུ་བྱ་ཁམས་བཞི་བཅུ་རྩ་བཞིའི་ཚན་པོ་སོ་སོ་ཇི་ལྟར་བསྡུ་ཚུལ་གྱི་རྣམ་བཞག་འདི་ནི་མངོན་མཛོད་གནས་དང་པོའི་དཀའ་གནད་ཆེ་ཤོས་ཤིག་ཡིན་པས། སྔོན་གྱི་མཁས་པ་ཚོས་འདིར་སྡོམ་ཚིག་ཀྱང་མཛད་གནང་ཡོད་དེ། དཔེར་ན་མཛོད་འགྲེལ་མངོན་པའི་རྒྱན་ལས། བཅོ་བརྒྱད་པོ་ལས་གཞན་པའི་ཁམས་ཞེ་བཞིའི་སྡོམ་ནི། དྲུག་ཚན་གསུམ་དང་བཞི་ཚན་གཅིག །གསུམ་ཚན་དྲུག་དང་གཉིས་ཚན་གཉིས། །ཞེས་སོ། །ཞེེས་གསུངས་པ་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེའི་མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་ལས། མིག་སོགས་ཁམས་ནི་བཅོ་བརྒྱད་དང་། །འབྱུང་བཞི་ནམ་མཁའ་རྣམ་ཤེས་དང་། །ཚོར་བ་ལྔ་དང་མ་རིག་པ། །འདོད་དང་གནོད་སེམས་རྣམ་པར་འཚེ། །ངེས་འབྱུང་གནོད་སེམས་མེད་པ་དང་། །རྣམ་པར་མི་འཚེ་དྲུག་ཚན་གསུམ། །ཞེས་སོགས་ནས། འདས་དང་མ་འོངས་ད་ལྟ་སྟེ། །དེ་ལྟར་ན་ནི་གསུམ་ཚན་དྲུག །ཟག་བཅས་ཟག་པ་མེད་ཁམས་དང་། །འདུས་བྱས་འདུས་མ་བྱས་ཁམས་ཏེ། །ཁམས་ནི་དྲུག་ཅུ་རྩ་གཉིས་སོ། །ཞེས་སོགས་གསུངས་སོ། །ཇི་ལྟར་བསྡུ་ཚུལ་གྱི་རྣམ་བཞག་འདི་མཛོད་རང་འགྲེལ་དང་མཛོད་ཀྱི་རྒྱ་འགྲེལ་ཐམས་ལས་སྐབས་འདིར་འབྱུང་ཞིང་། ཀུན་མཁྱེན་ཀརྨ་པ་བརྒྱད་པ་དང་དགུ་པའི་མཛོད་འགྲེལ་དུ་ཡང་འདིར་འབྱུང་མོད། མཛོད་འགྲེལ་མངོན་པའི་རྒྱན་དང་རྗེ་དགེ་འདུན་གྲུབ་ཀྱི་མཛོད་འགྲེལ་ཐར་ལམ་གསལ་བྱེད་ལས་ཞར་ལ་ཁམས་གཉིས་ཀྱི་ངོ་བོ་བསྟན་པ་ཞེས་པ་དེ་བཤད་ཟིན་པའི་རྗེས་སུ་བསྡུ་ཚུལ་གྱི་རྣམ་བཞག་འདི་བཤད་ཡོད། འོན་ཀྱང་རྩ་གཞུང་གོ་རིམ་དང་རྒྱ་འགྲེལ་ཁག་གི་གོ་རིམ་དང་བསྡུར་ན་གཞུང་ཕྱི་མ་འདི་གཉིས་ལས་འབྱུང་བའི་བཤད་པའི་གོ་རིམ་ནི་ཅུང་ནོར་འདུག་པར་སྙམ། མདོར་ན་བདག་གིས་བཤད་འདོད་པ་ནི། ཇི་སྐད་ཞུས་པ་ལྟར་བོད་འགྱུར་མཛོད་ཀྱི་རྒྱ་འགྲེལ་ཁག་ལ་ཞིབ་མོར་བལྟས་ན་བོད་འགྱུར་གྱི་མཛོད་རྩ་ལ་ཆད་སྐྱོན་ཡོད་པར་མི་སྣང་སྟེ། དེ་ལྟའི་རྩ་བ་ཟུར་པ་ཞིག་ཡོད་པ་མི་གསལ་བས་སོ། །འོན་ཀྱང་རྩ་བ་ཟུར་པ་དེའི་དོན་གསལ་མོད། དེ་ནི་བོད་འགྱུར་མཛོད་རྩར་བཞུགས་པའི་དེ་བཞིན་གཞན་ཅི་རིགས་པ་ཞེས་སོགས་ཀྱི་རྩ་བའི་ཤུགས་བསྟན་ཡིན་པར་མཛོད་རང་འགྲེལ་ལས་གསལ་ལོ། །དེ་ལྟ་ནའང་། རྒྱ་ནག་གི་འགྱུར་གྱི་མཛོད་རྩར་བཞུགས་ཤིང་བོད་འགྱུར་མཛོད་རྩར་མེད་པའི་ཤོ་ལོ་ཀ་ལྷག་མ་ཞིག་གསལ་འདུག་པ་འདི་ཡི་གནད་དོན་ཅི་ཡིན་ལའང་ཐུགས་བསམ་རེ་བཞེས་དགོས། ཁམས་ལ་རེ་གཉིས་སུ་བྱས་ན། །ཐོག་མར་བསྟན་པའི་བཅོ་བརྒྱད་དང་། །དེ་ནས་དྲུག་གསུམ་བཞི་གཅིག་དང་། །དེ་ནས་གསུམ་དྲུག་གཉིས་གཉིས་སོ། །ཞེས་བྱ་བའི་རྩ་བ་འདི་འདྲ་ཞིག་ཡོད་པར་མཛོད་ཀྱི་རྒྱ་འགྲེལ་དག་ལས་གསལ་བར་མི་འབྱུང་མོད། འདི་དང་དོན་མཐུན་པར་མཛོད་འགྲེལ་གང་སྤེལ་ལས། དེའི་ཕྱིར་ཁམས་བཅོ་བརྒྱད་པོ་དེ་དག་ནི་དྲུག་ཚན་གསུམ་དང་། བཞི་ཚན་གཅིག་དང་། གསུམ་ཚན་དྲུག་དང་།གཉིས་ཚན་གཉིས་དང་། དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལྟར་ན་ཁམས་བཞི་བཅུ་རྩ་བཞི་པོ་དེ་དག་ནི་ཁམས་བཅོ་བརྒྱད་པོ་དེ་དག་ཏུ་འགྱུར་རོ། །ཞེས་འབྱུང་བ་གང་ཡིན་པ་དེའོ། །འོན་ཀྱང་འགྲེལ་པ་ཉིད་ལ་ཞིབ་མོར་བལྟས་ན་རྩ་བ་དམིགས་བསལ་ཡོད་པའི་གསལ་ཁ་རྙེད་དཀའ་བར་འདུག །དེ་བས་རྒས་གཞོན་བར་གསུམ་གྱི་ནང་ཆོས་ཞིབ་འཇུག་པ་ཚོས་སྣང་མེད་དུ་མི་འཇོག་པར་འདིའི་རིགས་ལ་དཔྱད་ཞིབ་ནན་མོ་རེ་མཛད་པའི་རེ་བ་ཆེ་ཞིང་། ཁྱད་པར་མངོན་མཛོད་ཀྱི་ལེགས་སྦྱར་གྱི་རྒྱ་དཔེ་དང་བསྡུར་རྒྱུ་གལ་ཆེའོ། །འདིའི་རྒྱ་དཔེའི་སྐོར་ལ། སྔོན་མཁས་དབང་དགེ་ཆོས་ཀྱི་སྐུ་དུས་སུ་རྒྱ་གར་གྱི་སློབ་དཔོན་ར་ཧུ་ལས་བོད་ཀྱི་ཡུལ་ནས་ཤིང་ཏ་ལའི་ལོ་མར་བྲིས་པའི་མཛོད་ཀྱི་རྒྱ་དཔེ་ཞིག་རྙེད་པ་འདྲ་ལ། དེང་གི་ཆར་མཛོད་ཀྱི་ལེགས་སྦྱར་གྱི་ཕྱི་མོ་ནི་སློབ་དཔོན་གྷོ་ཁ་ལེ་དང་། རང་འགྲེལ་གྱི་ཕྱི་མོ་ནི་ཉེ་དུས་ཀྱི་མཁས་པ་པྲ་དྷན་གྱིས་ཞུས་ཆེན་བྱས་ཏེ་དཔར་བསྐྲུན་བྱས་ཡོད་པས། ང་ཚོ་རིག་གཞུང་པ་ཚོས་རྒྱ་བོད་ཀྱི་མངོན་མཛོད་འགྱུར་མི་འདྲ་བ་ཁག་དང་ལེགས་སྦྱར་གྱི་མ་ཕྱི་བཅས་ལ་ཕན་ཚུན་གཤིབ་བསྡུར་ལེགས་པོ་རེ་བགྱིས་རྒྱུ་ཧ་ཅང་གལ་ཆེ་བར་སྣང་། བོད་ཀྱི་འགྲེལ་པ་མཁན་པོ་རྣམས་ལས་སི་ཏུ་པན་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་མཛོད་འགྲེལ་བརྒྱ་བྱིན་ཐོགས་པའི་ནོར་བུའི་འོད་སྣང་མཛད་པའི་སྐབས་སུ་མཛོད་ཀྱི་རྒྱ་དཔེ་ལ་གཟིགས་ཡོད་འདུག་ཅིང་། ཁོང་གིས་མཛད་པའི་མཛོད་འགྲེལ་བརྒྱ་བྱིན་ཐོགས་པའི་ནོར་བུའི་འོད་སྣང་ལས་གལ་གནད་ཆེ་ཁག་རྣམས་སུ་རྒྱ་དཔེ་ལ་ཇི་ལྟར་ཡོད་ཚུལ་གསལ་པོར་བཀོད་མཛད་ཡོད་ཀྱང་། འདིའི་སྐབས་སུ་བོད་འགྱུར་གྱི་མཛོད་འགྲེལ་སྤྱི་དང་བོད་ཀྱི་འགྲེལ་པ་ཐུན་མོང་རྣམས་དང་མཐུན་པར་གསུངས་པ་ལས་དམིགས་བསལ་ཅི་ཡང་མ་གསུངས་པས། ཁོང་གིས་གཟིགས་གནང་པའི་མཛོད་ཀྱི་རྒྱ་དཔེའི་ནང་དུ་བོད་འགྱུར་གྱི་མཛོད་དང་མི་མཐུན་པའི་ཤོ་ལོ་ཀ་ལྷག་མ་མེད་པར་བཤད་ཐུབ་བམ་སྙམ་མོད། བློ་ལྡན་དོན་གཉེར་ཅན་ཚོས་མུ་མཐུད་ནས་དཔྱད་ཞིབ་གནང་བར་ཞུའོ། །

 

༢ མཛོད་གནས་དང་པོའི་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བའི་སྐབས་ཀྱི་གཞུང་དོན་དཀའ་གནད་ཀྱི་དོགས་སློང་བཤད་པ།

 

སྐབས་འདིར་བསྡུ་བྱེད་ཁམས་བཅོ་བརྒྱད་ཀྱིས་བསྡུ་བྱ་ཁམས་ཞེ་བཞི་ཇི་ལྟར་བསྡུ་བའི་ཚུལ་ལ་དཀའ་གནད་ཀྱི་དོགས་སློང་འགའ་ཞིག་ཡོད་པ་རྣམས་ཅུང་ཟད་བཤད་ན། དེ་ཡང་སྡོམ་ལས། བཅོ་བརྒྱད་ཁམས་ཀྱིས་བསྡུས་པ་དགུ། །ཆོས་ཁམས་ཀྱིས་བསྡུས་བཅུ་བདུན་དང་། །ཆོས་ཡིད་རྣམ་ཤེས་གསུམ་བསྡུས་དྲུག །ཅེས་སོགས་གསུངས་པ་ལ། དེ་ལ་དོགས་སློང་རྣམས་བཤད་པ་ལ། དེ་ཡང་མཛོད་འགྲེལ་རྒྱལ་སྲས་མ་ལས། འདས་པའི་ཁམས་ལ་སོགས་པ་གསུམ་ནི་སོ་སོར་ཁམས་བཅོ་བརྒྱད་དུ་འདུས་སོ། །ཞེས་དང་། མཛོད་འགྲེལ་གང་སྤེལ་ལས། ཡང་ཁམས་གསུམ་སྟེ། འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་ཏེ། འདི་དག་ནི་རེ་རེ་ཞིང་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །ཞེས་གསུངས་པ་ལྟར་སི་ཏུ་པན་ཆེན་གྱི་མཛོད་འགྲེལ་ལས། གསུམ་ཚན་གསུམ་པ་འདས་མ་འོངས་ད་ལྟའི་ཁམས་གསུམ་ནི་ཁམས་བཅོ་བརྒྱད་དུ་འདུས། ཞེས་གསུངས། དེ་ལྟར་ཁམས་བཅོ་བརྒྱད་པོ་ཐམས་ཅད་སོ་སོ་ལ་དུས་གསུམ་གྱི་དབྱེ་བ་ཡོད་པར་བཤད་པ་འདི་འགྲིག་གམ། འདིར་འདས་མ་འོངས་ད་ལྟར་གསུམ་གྱི་ཁམས་བཅོ་བརྒྱད་རེ་རེ་ནས་ཡོད་པར་བཤད་ནས་སྡོམ་ལས་བཅོ་བརྒྱད་ཁམས་ཀྱིས་བསྡུས་པ་དགུ་ཞེས་སོགས་བཤད། ཁམས་བཅོ་བརྒྱད་ལས་རྟེན་དབང་པོའི་ཁམས་དྲུག་གི་ནང་གསེས་ཡིད་ཀྱི་དབང་པོའི་ཁམས་ལ་འདས་མ་འོངས་ད་ལྟ་གསུམ་གྱི་ཆ་ཡོད་དཀའ་སྟེ། ཡིད་ཀྱི་དབང་པོའི་ཁམས་ཡིན་ན་ད་ལྟ་བའི་ཁམས་མ་ཡིན་དགོས་པའི་ཕྱིར་ཏེ། མཛོད་གནས་དང་པོ་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་དང་། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་སོགས་ཀྱི་གཞུང་གིས་ཡིད་ཁམས་ལ་འདས་པ་ཁོ་ནར་བཤད་པའི་ཕྱིར། མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས། ཡིད་འདས་མ་ཐག་པས་ད་ལྟར་བ་དང་སེམས་བྱུང་བསལ་ལོ། །ཞེས་དང་། ཡང་ཁམས་དེ་དག་ལས་ཐ་མ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་ནི་འདས་པ་འགགས་མ་ཐག་པའི་ཡིད་ཁོ་ན་ཡིན་ལ། མིག་གི་རྣམ་ཤེས་ལ་སོགས་པ་ལྔ་པོ་རྣམས་ཀྱི་རྟེན་ནི་མིག་ལ་སོགས་པ་རྣམ་ཤེས་དེ་དག་དང་ལྷན་ཅིག་སྐྱེས་པའི་དབང་པོ་གཟུགས་ཅན་ད་ལྟར་བའང་ཡིན་ནོ། །ཞེས་སོ། །རྗེ་མི་བསྐྱོད་པའི་མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་ལས། ཁམས་དེ་དག་ལས་ཐ་མ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནི་འདས་པ་འགག་མ་ཐག་པའི་ཡིད་ཁོ་ན་ཡིན་གྱི་ད་ལྟ་བ་དང་མ་འོངས་པ་མ་ཡིན་ནོ། །ཞེས་དང་། མཛོད་འགྲེལ་རྒྱལ་སྲས་མ་ལས་ཀྱང་། འདས་པ་སྨོས་པ་ནི་ད་ལྟར་བྱུང་བ་བསལ་བའི་ཕྱིར་རོ། །ཞེས་གསུངས། འོན་ཀྱང་རྗེ་མི་བསྐྱོད་པའི་མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་ལས་བརྟེན་བཅས་དེ་མཚུངས་བཤད་པའི་སྐབས་སུ། སེམས་ཀྱི་ཁམས་བདུན་ནི་སྐྱེ་བ་ཐམས་ཅད་རྟེན་བཅས་དང་། མི་སྐྱེ་བ་ནི་དེ་མཚུངས་ཡིན་ཏེ། ཞེས་དང་། འདིར་སེམས་ཁམས་བདུན་ལ་རྟེན་བཅས་དེ་མཚུངས་གཉིས་ཀ་ཡོད་པར་བཤད་པ་ནི། བྱེ་སྨྲས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་འདོད་པའི་དབང་དུ་བྱས་ལ། ཞེས་སོགས་སེམས་ཁམས་བདུན་ལ་མ་འོངས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ཡོད་པ་ཡང་གསུངས་པས། སྤྱིར་ཡིད་ཁམས་ལ་འདས་མ་འོངས་ཀྱི་ཆ་སོ་སོར་ཡོད་ཀྱང་། དྲུག་པོ་འདས་མ་ཐག་པ་ཡི། །ཞེས་པས་བསྟན་པའི་འདས་པ་ཞེས་བྱ་བའི་དོན་ནི་བདག་འབྲས་རྣམ་ཤེས་དེ་ལ་ལྟོས་པའི་འདས་པ་ལ་གོ་དགོས་ཞེས་འཆད་པ་ཡིན་ནམ་སྙམ་སྟེ། མཛོད་གནས་དང་པོ་ལས། ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས། །ཞེས་པའི་ཐད་ཀར་རྗེ་མི་བསྐྱོད་པའི་མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་ལས། འོ་ན་ད་ལྟ་བ་དང་མ་འོངས་པའི་རྣམ་ཤེས་ཀྱི་ཁམས་དྲུག་ནི་ནང་གི་ཁམས་སུ་མི་འགྱུར་ཏེ། དེ་དག་ཡིད་ཀྱི་ཁམས་སུ་འཇོག་པ་ནི་འདས་མ་ཐག་པར་མ་གྱུར་པ་སེམས་ཀྱི་རྟེན་དུ་མི་འགྱུར་བའི་ཕྱིར་ཞེ་ན། མ་གྲུབ་སྟེ། ད་ལྟ་བ་དང་མ་འོངས་པ་གང་གི་ཚེ་ཡིན་པ་དེའི་ཚེ་ན་འདས་མ་འོངས་དེ་དག་ཉིད་སེམས་ཀྱི་རྟེན་ཡིན་པའི་ཕྱིར་ཏེ། དུས་གསུམ་གྱི་རྣམ་ཤེས་ཀྱི་ཁམས་དྲུག་སེམས་ཀྱི་རྟེན་གྱི་མཚན་ཉིད་ལས་མི་འདའ་བའི་ཕྱིར། དེ་ལྟར་མིན་པ་ཡིད་ཁམས་འདས་པ་ཁོ་ན་ཡིན་ཞིང་། ད་ལྟ་བ་དང་མ་འོངས་པ་མ་ཡིན་ན། ཁམས་བཅོ་བརྒྱད་པོ་དག་ནི་དུས་གསུམ་པར་འདོད་པ་དང་ཡང་འགལ་བར་འགྱུར་རོ། །འདོད་མི་ནུས་ཏེ། འདས་པ་ནི་ད་ལྟར་བའི་རྣམ་ཤེས་བསྐྱེད་པས་ཡིད་ཀྱི་ཁམས། ད་ལྟར་ནི་མ་འོངས་པའི་ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་ཁམས། མ་འོངས་པས་མ་འོངས་པ་གཞན་བསྐྱེད་པས་ཡིད་ཀྱི་ཁམས་སུ་བཞག་གོ། །ཞེས་གསུངས། དེ་ལྟ་ནའང་དོགས་པ་མེད་པ་མ་ཡིན་ཏེ། མ་འོངས་པའི་སེམས་ཁམས་བདུན་པོ་རྣམས་དེ་མཚུངས་སུ་བཤད་པ་གང་ཞིག །མ་འོངས་པའི་ཡིད་ཁམས་དེས་མ་འོངས་པའི་ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་བྱ་བ་བྱེད་པར་འདོད་ན་དེ་མཚུངས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་དང་། གཞན་ཡང་མཛོད་གནས་དང་པོ་ལས། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཞེས་པས་སེམས་ཁམས་བདུན་པོ་གང་རུང་ཡིན་ན་དམིགས་བཅས་ཡིན་དགོས་པར་བསྟན་པ་གང་ཞིག །མ་འོངས་པའི་ཡིད་ཁམས་སོགས་སེམས་ཁམས་བདུན་པོ་དམིགས་བཅས་ཡིན་ན་དེ་མཚུངས་མ་ཡིན་པར་ཐལ་ཏེ། མཛོད་འགྲེལ་མངོན་པའི་རྒྱན་ལས། སེམས་ཀྱི་ཁམས་བདུན་ནི་སྐྱེ་བ་ཐམས་ཅད་རྟེན་བཅས་ཡིན་ཏེ་དམིགས་པ་འཛིན་པས་དང་། མི་སྐྱེ་བ་དེ་མི་འཛིན་པ་ནི་དེ་དང་མཚུངས་པ་ཡིན་ནོ་ཞེས་རིག་པར་བྱ་སྟེ། རྣམ་ཤེས་སྐྱེ་བ་དག་རང་གི་ཡུལ་ལ་བྱ་བ་བྱེད་པར་ངེས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་དེ་དག་ལ་ཞིབ་པར་དཔྱོད་ཅིག །གཞན་ཡང་འདིར་མཛོད་འགྲེལ་གང་སྤེལ་ལས།  འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །གཟུགས་ཀྱི་ཁམས་ནི་ཁམས་བཅུ་བཞིར་འདུའོ། །གཟུགས་མེད་པའི་ཁམས་ནི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་དག་ཏུ་འདུའོ། །ཞེས་དང་། མཛོད་འགྲེལ་རྒྱལ་སྲས་མ་ལས། འདོད་པའི་ཁམས་ལ་སོགས་པ་གསུམ་ལས་འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཟུགས་ཀྱི་ཁམས་ནི་དྲི་དང་རོ་དང་སྣ་དང་ལྕེའི་རྣམ་པར་ཤེས་པ་དག་མ་གཏོགས་པ་ཁམས་བཅུ་བཞིར་འདུས་སོ། །གཟུགས་མེད་པའི་ཁམས་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །ཞེས་གསུངས་པ་ལྟར་བྱས་ན་དོགས་སློང་འདི་ལྟར་བྱ་སྟེ། གཟུགས་ཀྱི་ཁམས་ན་དྲི་དང་རོ་དང་སྣ་དང་ལྕེའི་རྣམ་པར་ཤེས་དག་མ་གཏོགས་པའི་ཁམས་བཅུ་བཞིར་འདོད་དམ། འདོད་ན། བསམ་གཏན་གཉིས་པ་བའི་རྒྱུད་ཀྱི་མིག་ཤེས་དང་དེའི་རྒྱུད་ཀྱི་འདོད་ཆགས་ཀྱི་ངོ་བོར་གྱུར་པའི་མིག་ཤེས་ལ་དཔྱོད་རིགས་ཏེ། དེར་བསམ་གཏན་དང་པོོ་དང་འདོད་པའི་སས་བསྡུས་ཀྱི་འདོད་ཆགས་མངོན་དུ་གྱུར་མི་སྲིད་པ་མངོན་པ་གོང་འོག་གཉིས་ཀ་མཐུན་ཞིང་། དེའི་རྒྱུད་ཀྱི་མིག་ཤེས་དང་མཚུངས་ལྡན་གྱི་འདོད་ཆགས་སྐྱེ་བ་ཡོད་པའང་མངོན་པ་གོང་འོག་གཉིས་ཀ་མཐུན་པའི་ཕྱིར་རོ། །གཞན་ཡང་བསམ་གཏན་གཉིས་པའི་རྒྱུད་ལ་རྟོག་དཔྱོད་ཡོད་པར་འགྱུར་ཏེ། དེར་རྣམ་པར་ཤེས་པའི་ཁམས་ལྔ་པོ་གང་རུང་ཡོད་པའི་ཕྱིར། ཁྱབ་སྟེ། མཛོད་གནས་དང་པོ་ལས། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་སྤྲོས་པར་བྱའོ། །གཞན་ཡང་འདིར་ཁམས་བཅོ་བརྒྱད་པོ་དག་དུས་གསུམ་པར་བཤད་པ་འདི་ལ་དོགས་པ་གཞན་ཡང་ཡོད་དེ། འདས་མ་འོངས་ཀྱི་སྒྲ་ཁམས་དང་གཟུགས་ཁམས་ཡོད་དམ། དེ་འཛིན་པའི་མིག་ཤེས་དང་རྣ་ཤེས་ཇི་ལྟར་འཇོག་གམ། གཞན་ཡང་འདས་མ་འོངས་ཀྱི་གཟུགས་ཁམས་ཆོས་ཅན། བསྟན་ཡོད་ཀྱི་གཟུགས་ཡིན་པར་ཐལ། །གཟུགས་ཀྱི་ཁམས་ཡིན་པའི་ཕྱིར། ཁྱབ་སྟེ། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ད་ལྟ་བའི་དོན་ཡིན་པར་ཐལ། དབང་པོ་ལྔ་པོ་གང་རུང་གི་དམིགས་པ་ཡུལ་གྱི་ཁམས་སུ་གྱུར་པ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་རྩ་ལས། ད་ལྟའི་དོན་ཕྱིར་དང་པོ་ལྔ། །ཞེས་གསུངས་པའི་ཕྱིར། འདིར་ལ་ལ་ན་རེ། འདས་པའི་གཟུགས་འདས་པའི་མིག་དབང་གིས་འཛིན། མ་འོངས་པའི་གཟུགས་མ་འོངས་པའི་མིག་དབང་གིས་འཛིན་པ་ཡིན་ནོ་ཞེས་ཟེར་རོ། །འོན་ཀྱང་དེ་ལའང་དོགས་པ་ཡོད་དེ། འདས་པའི་དབང་པོ་ཤེས་པས་རང་གི་ཡུལ་ལ་བྱ་བ་མི་བྱེད་པའི་ཕྱིར་ཏེ། མཛོད་གནས་དང་པོ་ལས། གང་ཞིག་རང་གི་ལས་མི་བྱེད། །ཅེས་སོགས་ཀྱི་སྐབས་སུ་གཟུགས་འདས་པས་ཡིད་ཤེས་སྐྱེས་པའི་བྱ་བ་བྱེད་ལ། འདས་མ་འོངས་ཀྱི་དབང་པོ་རྣམས་ནི་དེ་མཚུངས་ཡིན་པས་རང་གི་ལས་མི་བྱེད་ཅེས་བཤད་པའི་ཕྱིར། མ་ཟད་ཕྱོགས་སྔ་མས་བཤད་པ་དེ་ལྟར་ན་ཡིད་བཞིན་དུ་དབང་པོ་ལའང་གྲུབ་པར་ཐལ་བས་དེ་དང་པོ་ལ་རྒྱུ་མཚན་ཉམས་པའོ། །གཞན་མ་འོངས་མི་སྐྱེ་བའི་ཆོས་ཅན་གཟུགས་ཀྱི་སྐྱེ་མཆེད་ཅིག་ཡོད་མེད་ཀྱི་སྐོར་ལའང་ལེགས་པར་དཔྱོད་ཅིག །ཡང་འདིར་མཛོད་འགྲེལ་རྒྱལ་སྲས་མ་ལས། དགེ་བའི་ཁམས་ལ་སོགས་པ་གསུམ་ལས་དགེ་བ་དང་མི་དགེ་བའི་ཁམས་དག་ནི་གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་དག་དང་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །ལུང་དུ་མ་བསྟན་པའི་ཁམས་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །ཞེས་དང་། མཛོད་འགྲེལ་མཚན་ཉིད་རྗེས་འབྲངས་ལས། ཡང་ཁམས་གཞན་གསུམ་སྟེ། དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་སོ། །དང་པོ་གཉིས་ནི་གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། ཡིད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དྲུག་དང་། ཆོས་ཀྱི་ཁམས་སུ་འདུའོ། །གསུམ་པ་ནི་བཅོ་བརྒྱད་ཆར་དུ་འདུའོ། །ཞེས་གསུངས་པ་ལྟར་དགེ་བ་དང་མི་དགེ་བའི་ཁམས་ལ་གཟུགས་ཀྱི་ཁམས་དང་སྒྲའི་ཁམས་བཤད་ཀྱང་། དྲི་རོ་རེག་བྱའི་ཁམས་མ་བཤད་ཅིང་། གཞན་ཡང་། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཞེས་པའི་སྐབས་སུ། གཟུགས་སྒྲ་གཉིས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀའི་ཆ་ཡོད་པ་དང་། དྲི་རོ་རེག་བྱ་གསུམ་ལ་དེ་ལྟར་མེད་པར་གསུངས་ཡོད། འོན་ཀྱང་འདི་ལ་ཅུང་ཟད་དོགས་ཏེ། གནས་གསུམ་པར། དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་དག་ནི་ཡང་བཅོ་བརྒྱད། །ཅེས་གསུངས་པའི་སྐབས་སུ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་བཅས་དྲུག་ལ་དམིགས་པའི་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག །དེ་ལྟར་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག །དེ་ལྟར་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་བཅས་ཡིད་ཉེ་བར་རྒྱུ་བའི་ཚོར་བ་བཅོ་བརྒྱད་བཤད་པ་གང་ཞིག །དྲི་རོ་རེག་བྱ་རྣམས་མཐའ་གཅིག་ཏུ་ལུང་མ་བསྟན་གྱི་གནས་ཡིན་པས་དེ་ལ་དམིགས་པའི་ཡིད་མི་བདེ་བའི་དབང་པོ་ཡོད་མི་རིགས་པའི་ཕྱིར། དེར་ཐལ། མཛོད་གནས་གཉིས་པར། བཅུ་གཉིས་གཉིས། །ཐ་མ་བརྒྱད་ཡིད་མི་བདེ་བ། །མ་གཏོགས་པ་སྟེ། །ཞེས་དང་། དགེ་བ་བརྒྱད་ཡིད་མི་བདེ་བ། །རྣམ་གཉིས། །ཞེས་སོགས་ཀྱི་སྐབས་སུ་ཡིད་མི་བདེ་བ་ལ་དགེ་བ་དང་མི་དགེ་བ་གང་རུང་ཡིན་དགོས་པར་གསུངས་ཤིང་། དེ་ཡང་བཟོ་ཡི་གནས་དང་སྤྱོད་ལམ་པའི་གནས་སོགས་ལུང་མ་བསྟན་གྱི་གནས་ལ་དམིགས་པའི་ཡིད་མི་བདེ་བ་མེད་པར་གསུངས་པ་མ་ཟད། དགེ་བའི་གནས་ལ་ཡིད་མི་བདེ་བ་མི་དགེ་བ་དང་། མི་དགེ་བའི་གནས་ལ་ཡིད་མི་བདེ་བ་དགེ་བར་བཤད་པའི་ཕྱིར་དང་། ལུང་མ་བསྟན་གྱི་གནས་ལ་དམིགས་པའི་ཡིད་མི་བདེ་བ་དེ་ཉིད་དགེ་མི་དགེ་གང་རུང་དུ་འགྱུར་དོན་མེད་པའི་ཕྱིར་རོ། །གཞན་ཡང་མཛོད་གནས་གཉིས་པར། གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་པའི་སྐབས་སུ། ཉི་འོག་བྱེ་བྲག་ཏུ་སྨྲ་བ་དང་སྡེ་པ་གཞན་དག་ནི་འགྱོད་པའང་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་དུ་འགྱུར་བ་སྲིད་པའི་ཕྱིར་གཉིད་དང་འདྲ་བར་འདོད་དེ། དེ་ལ་འགྱོད་པ་ལུང་མ་བསྟན་ནི་བྱས་པའམ་མ་བྱས་པ་ལ་ཡིད་ལ་གཅགས་པ་སྟེ་ངས་མ་ཞུ་བར་ཅིའི་ཕྱིར་ཟས་ཟོས་ཞེས་པའམ། རྩིག་པ་དེ་ལ་ཅི་སྟེེ་རི་མོ་མ་བྲིས་སྙམ་པ་ལུང་མ་བསྟན་གྱི་གནས་ལ་དམིགས་པའི་འགྱོད་པ་དེ་རྣམས་ཡིན་ལ། དེ་དང་མཚུངས་ལྡན་གྱི་ཡིད་མི་བདེ་བའང་ལུང་མ་བསྟན་ཡིན་ཞེས་སྨྲ་བ་དང་། ཁ་ཆེ་བ་རྣམས་ནི་འགྱོད་པ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་དང་། འདོད་ཆགས་དང་བྲལ་བ་ལ་ཡིད་མི་བདེ་བ་མེད་པའི་ཕྱིར་ཞེས་སོགས་ལུང་མ་བསྟན་གྱི་གནས་ལ་དམིགས་པའི་འགྱོད་པ་མེད་པར་གསུངས་པའི་ཁྱད་པར་རྒྱ་ཆེར་བཤད་པ་རྣམས་ཇི་ལྟར་ཡིན་ནམ། ཡང་ན་གནས་དང་པོར་དྲི་རོ་རེག་བྱ་རྣམས་ལུང་མ་བསྟན་ཁོ་ནར་བཤད་པ་འདི་མི་འགྲིག་དགོས་ཤིང་། ཡང་ན་གནས་གཉིས་པར་ཡིད་མི་བདེ་ལ་དགེ་མི་དགེ་གང་རུང་དུ་ངེས་པ་དང་ལུང་མ་བསྟན་གྱི་གནས་ལ་འགྱོད་པ་དང་ཡིད་མི་བདེ་བ་སྐྱེ་བ་མེད་པ་ལྟར་གསུངས་པ་རྣམས་མི་འགྲིག་དགོས། ཡང་ན་གནས་གསུམ་པར་དྲི་རོ་རེག་བྱ་སོགས་ལ་དམིགས་པའི་ཡིད་མི་བདེའི་ཉེ་བར་རྒྱུ་བ་དྲུག་ཡོད་པ་གསུངས་པ་མི་འགྲིག་དགོས་སམ་སྙམ་པ་ཆགས་ཡོད། དེ་བས་བློ་དང་ལྡན་པ་ཚོས་མཛོད་ཀྱི་རྩ་གཞུང་གོང་འོག་རྣམས་ལེགས་པར་བསྡུར་ཏེ་འདི་ཡིན་འདི་མིན་གྱི་དཔྱད་ཞིབ་གནད་ལ་སྨིན་པ་རེ་མཛད་གནང་བར་ཞུའོ། །

 

ཞེས་པ་འདི་ནི་མཛོད་ཀྱི་གནས་རྣམས་ལ་ངེས་པ་ཅུང་ཟད་ཅིག་ཐོབ་པ་རབ་འབྱམས་པ་ཤེས་རབ་མཆོག་ལྡན་དུ་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཕོ་སྟག་གི་ལོའི་ཧོར་ཟླ་གཉིས་པའི་ཡར་ཚེས་བཟང་པོར་རང་ཤག་བདེ་ཆེན་འབར་བའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3223