རལ་བ།

 

གནའ་ནས་ད་ལྟའི་དབར་དུ་མི་རིགས་དང་རྒྱལ་མཚམས། སྐད་ཡིག་དང་སྲོལ་རྒྱུན་གྱི་རྣམ་དབྱེ་མེད་པར་མིའི་རིགས་འཚོ་ཞིང་གནས་པའི་ཁོར་ཡུག་གང་དུ་ཡང་མི་ཚོགས་ཕོན་ཆེན་པོ་བདོག་པ་དང་། མཁས་པའི་མིང་གིས་བསྙད་པའི་ཆེ་རྒུར་རློམས་པ་ནི་མང་དུ་མཆིས་མོད། མིག་དཔེར་འོས་པའི་ཤེས་ཡོན་པ་ནི་རེ་དང་གཉིས་ལས་མེད། ལྷག་ཏུ་ད་ལྟའི་དུས་སྐབས་ཀྱི་རང་རེ་ལྟ་བུའི་མི་རྣམས་འུར་ཟིང་ལ་གཡེང་།  རྒྱུ་ནོར་གྱིས་བློ་བྲིད། བསམ་གཞིག་གི་མིག་རྒྱང་ཐུང་། ལས་སུ་བྱ་བ་ཅི་དང་གང་ཡང་སོ་སོའི་ཁེ་ཕན་འབའ་ཞིག་ཁོ་ནར་གཞོལ་ཞིང་དོན་དུ་གཉེར་པའི་དུས་སུ། ཚད་དང་ལྡན་པའི་ཤེས་ཡོན་པ་ཞིག་ནི་ལྟ་ཅི། ཤེས་ཡོན་པའི་མིང་ཐོགས་རི་བ་ཙམ་ཡང་འཇོག་དཀའ་བའི་ཚོད་དུ་འདུག་ཅེས་སྨྲ། ཤེས་ཡོན་པ་ཞེས་པ་ནི་སྤྱི་ཚོགས་ཀྱི་ལས་སྒོ་གང་ལ་ཡང་གཟབ་ནན་གྱིས་འཇུག་ཅིང་། གཞན་དང་མི་བསྟུན་པའི་བསམ་བློ་མངའ། དོགས་སློང་དང་བསམ་གཞིག་གི་བློ་མིག་རྣོ་ཞིང་། བདེན་དོན་དང་མི་མཐུན་པའི་སྤྱི་དང་སྒེར་གྱི་བྱ་སྤྱོད་གང་ལ་ཡང་སུན་འབྱིན་དང་དགག་སྒྲུབ་བྱེད་པར་ཐེ་མི་ཚོམ། རང་ཉིད་ཀྱི་གཏམ་དང་བྱ་སྤྱོད་གང་ལ་ཡང་འགན་ཁུར་བའི་འགན་འཁྲིའི་འདུ་ཤེས་ལྡན་ཞིང་། རང་གི་ཁོར་ཡུག་ལ་ཡང་འགན་ཁུར་བའི་འདུ་ཤེས་མངའ། ཁོ་ཚོས་བདེན་དོན་ནི་སྲོག་གི་གཙིག་ཏུ་འཛིན་ཞིང་བདེན་དོན་ཞེས་པའི་ཐ་སྙད་འདིའི་སླད་རང་གི་སྲོག་ཀྱང་འཛེམས་མེད་དུ་གཏོང་ཕོད་ན་གནས་སྐབས་ཀྱི་འཚོ་གནས་དང་རྐུབ་སྟེགས་སོགས་འདོར་ཐུབ་པ་ལྟ་སྨོས་ཅི་དགོས།  ཁོ་ཚོར་རང་ཉིད་ལ་ལེགས་བཅོས་བྱེད་འདོད་ཀྱི་སེམས་ཁམས་དང་གཤིས་ཀ་རང་ཆས་སུ་མངའ་སྟེ། དེ་ནི་ཏག་ཏག་ཁོ་ཚོས་ཡུན་རིང་ལ་འབད་བརྩོན་བྱས་ནས་བརྒྱུད་པའི་དཔེ་ཀློག་དང་། བསམ་གཞིག་སོགས་ཀྱི་ཡོན་ཏན་དེ་དག་གི་ནུས་པ་ཡིན། ཤེས་ཡོན་པ་རྩོད་གླེང་དང་དགག་སྒྲུབ་སུན་འབྱིན་བྱེད་པར་ཚད་མེད་ཀྱི་ནུས་པ་མངའ་བའི་མཁས་པ་གཡེར་བག་ཅན་ཤ་སྟག་མིན་ན་ཡང་། ཁོ་ཚོས་གང་ཞིག་ནི་ལེགས་པ་དང་། གང་ཞིག་ནི་ཉེས་པ་ཡིན་པ། དེ་བཞིན་གང་ཞིག་ནི་ལུགས་དང་འགྲིག་ཅིང་། གང་ཞིག་ནི་ལུགས་དང་འགལ་བ། གང་ཚུལ་དང་མཐུན་ཞིང་། གང་ཚུལ་ལས་འདས་པའི་དབྱེ་མཚམས་དང་བཅད་ཁྲ་ནི་ཏག་ཏག་ཤེས་ཤིང་། ཇི་ལྟར་ཤེས་པ་དེ་དོན་དུ་གཉེར་ཞིང་བཀུར། ཤེས་ཡོན་པ་ནི་ག་དུས་ཀྱང་བྲག་དང་སྒོ་ང་གཉིས་ལས་སྒོ་ང་དང་། བཙན་པོ་དང་གཉོམ་ཆུང་གཉིས་ལས་གཉོམ་ཆུང་། རྫུན་དང་བདེན་པ་གཉིས་ལས་བདེན་པའི་ཕྱོགས་སུ་འགྲེང་ཡོད་པ་ཞིག་ཡིན་ཏེ། དེ་ནི་རང་ཉིད་ཀྱི་འགན་འཁྲིས་ཡིན་ལ། རྒྱུ་འབྲས་བློ་མིག་དང་མི་གཤིས་ཀྱི་དབང་གིས་ཀྱང་ཡིན་ངེས།

གཅིག 

མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན་དཀའ་གནད་གང་ཞིག་གླེང་བར་ཚད་བཀག་མེད་པར་རང་དབང་འབྱོར་བའི་མཁས་པ་རྣམས་ཀྱིས་ནི་སྒེར་གཅོད་དང་ཁ་བསྡོངས་ནས་བདེན་དོན་ལ་རྡོག་བརྫིས་དང་། འབངས་ལ་མནར་གཅོད་བྱེད་མྱོང་ཡོད་པ་དང་། ད་དུང་སྒེར་གཅོད་པའི་བྱ་སྤྱོད་ལ་དུས་ཐོག་ཏུ་སུན་འབྱིན་དང་དགག་སྒྲུབ་བྱེད་མ་ནུས་པར་མ་ཟད། དེ་ལས་ལྡོག་སྟེ་གཏུམ་སྲིད་ལ་བསྟོད་གླུ་བླངས་ནས་སྒེར་གཅོད་པའི་བྲན་ནམ་གདོང་གྲོགས་སུ་སོང་བ་ཡང་ཡོད་དེ། རྒྱ་ནག་གི་ཁུང་ཙི་ཟེར་བའི་མཁས་པ་གཡེར་བོ་ཆེ་དེ་དང་། རང་རེའི་དཔལ་དོན་གྲུབ་རྒྱལ་ལྟ་བུ་རེད། (སྤྱིར་དོན་གྲུབ་རྒྱལ་གྱི་སྒྲུང་རྩོམ《སྤྲུལ་སྐུ》ལྟ་བུའི་ནང་དུ་ཆོས་བྱེད་མི་སྣའི་བྱ་སྤྱོད་ལ་ཟུར་ཟ་དང་འཚང་འབྱིན་བྱས་ཡོད་པ་བདེན་མོད། དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཕྱོགས་རེ་བ་ཙམ་ལ་སྐྱོན་བརྗོད་བྱས་པ་ལས་དེ་ལས་ཀྱང་དབང་དང་དྲག་ཤུགས་ཀྱིས་དམངས་ལ་གཉའ་གནོན་བྱེད་པའི་གཞུང་གི་དབང་འཛིན་པ་དང་། གཏུམ་སྲིད་ལ་ངོ་རྒོལ་བྱེད་སྤོབས་མེད་པར་མ་ཟད། ཐ་ན་དེ་དག་ལ་ངོ་བསྟོད་དང་རྒྱབ་སྐྱོར་བྱེད་པའི་ཚིག་ཀྱང་མང་དུ་བྲིས་ཡོད་པ་ང་ཚོས་ཁོང་གི་གསུང་རྩོམ་ལས་མཐོང་ཐུབ་པས། དངོས་གནས་བྱས་ན་ང་ཚོས་ཁོང་ལ་མཁས་པ་ཞིག་གི་ངོས་ནས་གདེང་འཇོག་བྱེད་དགོས་པ་ལས། མིང་དོན་མཚུངས་པའི་ཤེས་ཡོན་པ་ཞིག་གམ། རྒྱུ་འབྲས་ཀྱི་བློ་མིག་རྣོ་བའི་རྩོམ་པ་པོ། ད་དུང་མིིི་གཞིའི་དར་ཆ་སོགས་སུ་བསྙད་དེ་འུར་སྒྲོག་བྱེད་པ་ནི་འོས་འཚམས་མིན་པའམ། མི་འགྲིག་པ་ཞིག་ཏུ་ངས་སྙམ་སྟེ། གང་ལྟར་ངས་ཁོང་ལ་གདེང་འཇོག་འདི་ལས་ལྷག་ཅིག་བྱེད་ཐུབ་མ་སོང་།) འོན་ཏེ་དུས་སྐབས་གང་དུ་ཡང་ཤེས་ཡོན་པ་ནི་སྒེར་གཅོད་པ་དང་ཁ་བསྡོངས་མྱོང་མེད་ལ། དེར་མ་ཟད། སྒེར་གཅོད་ཀྱི་དཔུང་དར་ཞིང་། ཀླ་ཀློའི་ཚང་རྡོལ་བའི་དུས་སྐབས་སུ་ཤེས་ཡོན་པ་ནི་སྒེར་གཅོད་པ་དེ་དག་གི་ཆེས་ཆེ་བའི་དགྲ་བོ་དང་། ཉེས་ཅན་དུ་བརྩི་བ་རེད། དེའི་རྒྱུ་མཚན་ཡང་ཁོ་ཚོར་བདེན་དོན་ཁོ་ན་གཙིག་ཏུ་བཀུར་བའི་སྒལ་ཚིགས་དང་། གནས་ལུགས་ཁོ་ནར་ཡིད་ཆེས་པས་དབང་དང་དྲག་ཤུགས་ལ་མགོ་བོ་མི་སྒུར་ཞིང་། དེ་ལ་མི་བསྟུན་པའི་གཤིས་ཀ་འཆང་བ་བཅས་ཀྱིས་ཡིན་པར་མ་ཟད། ཁོ་ཚོ་བདེན་དོན་དང་སྒེར་གཅོད་གཉིས་ནས་བདེན་དོན་ཁོ་ནར་ཡིད་རྟོན་པས་ཀྱང་རེད་ལ། ད་དུང་ཁོ་ཚོས་རང་གི་སྲོག་འཆོར་ཡང་སླ་སྟེ། སྒེར་གཅོད་པའི་བྱ་སྤྱོད་ལ་དུས་ཐོག་ཏུ་སུན་འབྱིན་དང་། དགག་སྒྲུབ། སྐྱོན་བརྗོད་བྱེད་བཏུབ་པ་བཅས་ཀྱིས་ཀྱང་ཡིན་པར་འདོད་དོ། ། དེ་ཡང་རེད་དེ། ཨ་ཐེན་སིའི་དམངས་གཙོའི་སྲིད་གཞུང་གིས་ན་གཞོན་ལམ་ལོག་ཏུ་ཁྲིད་པའི་ཉེས་མིང་བཏགས་ཏེ་ནུབ་ཕྱོགས་ཀྱི་འཕགས་པར་འབོད་པའི་སྐྱེས་ཆེན་སོ་ཁི་ར་ཐེར་སྲོག་ཁྲིམས་བཅད་པ་དང་། ཡེ་ཤུའི་ཆོས་ཚོགས་ཀྱིས་ཡེ་ཤུའི་ཆོས་ཀྱི་དགོངས་པ་དང་འགལ་བར་བསྙད་དེ་པུ་རོ་ནོ་གསོན་བསྲེགས་བྱས་པ། སུའུ་ལེན་སྲིད་གཞུང་གིས་སོལ་ཟེར་ཉིས་ཆེན་རྒྱང་ཕུད་དུ་བཏང་བ། རང་རེས་དངུལ་ལོ་རྫུན་བཟོར་ཁག་བཀྲིས་ཏེ་དམ་པ་དགེ་ཆོས་བཙོན་དུ་བཅུག་པ་སོགས་ཀྱང་རྐྱེན་འདི་དག་ཁོ་ནའི་དབང་གིས་མིན་ནམ།

གཉིས། 

ཤེས་ཡོན་པས་ནི་སྤྱི་ཚོགས་གང་དེའི་མི་རྣམས་ལ་རྒྱུ་ནོར་དང་དབང་ཆ་དང་།  ཐོབ་ཐང་དང་སྙན་གྲགས་སོགས་སྟེར་བར་མི་བྱེད་མོད། འོན་ཀྱང་ཤེས་ཡོན་པས་སྤྱི་ཚོགས་གང་དེ་ལེགས་ལམ་དུ་བཀྲི་ཅི་ཐུབ་བྱེད་ཅིང་མི་རྣམས་ལ་གནས་ལུགས་ཀྱི་གོ་རྟོགས་སད་པར་བྱེད།  གང་ཞིག་བྱས་ན་འགྲིག་པ་དང་གང་ཞིག་བྱས་ན་མི་འགྲིག་པའི་ལེགས་ཉེས་ཀྱི་རྣམ་གཞག་ངོ་སྤྲོད་པར་བྱེད་ལ། མི་རྣམས་ལ་རྒྱུ་འབྱོར་གྱིས་དབུལ་ཡང་། དབང་དང་དྲག་ཤུགས་ཀྱིས་སྟོངས་ཡང་ཆེས་རྩ་བ་རྩ་བར་གྱུར་བའི་བདེན་ལུགས་ནི་སུས་ཀྱང་འདོར་བ་དང་སྟོང་བ། བཤུག་པ་དང་སྤྲོད་པ་སོགས་ནི་གཏན་ནས་རུང་བ་མིན་ནོ་ཞེས་པའི་གནས་ལུགས་ཤིག་སྟོན་ཏེ། དེ་ཉིད་རང་གར་བཤད་ཅིང་སྨྲ་བ་ཙམ་མིན་པར་སྐྱེས་བུ་རང་གི་བྱ་སྤྱོད་ཀྱི་སྟེང་ནས་གསལ་གསལ་ཏག་ཏག་ཏུ་ཤེས་སུ་འཇུག ཤེས་ཡོན་པས་མི་རྣམས་ལ་རང་དབང་དང་འདྲ་མཉམ་གྱིས་མཚོན་པའི་འགྲོ་བ་མི་དང་སྐྱེས་བུ་སྒེར་བ་རེ་རེ་ལ་བདག་པའི་བླ་ན་མེད་པའི་ཐོབ་ཐང་ཁག་ཅིག་ཡོད་པ་སྟོན་ལ། དེ་ཉིད་གནས་སྟངས་གང་དང་ཁོར་ཡུག་གང་དུ་མི་སུས་ཀྱང་ནན་པ་དང་བསྟུར་བ། བསྐྲད་པ་དང་སྟོར་བ་སོགས་བྱེད་མི་ཆོག་ལ། དེ་ལྟར་བྱས་ཚེ་གནས་གང་དང་ཁོར་ཡུག་གང་དུ་མི་སུ་ཞིག་ཡིན་ཀྱང་རང་ཉིད་ལ་དེར་འགོག་རྒོལ་བྱེད་པའི་རྒྱུ་མཚན་ཡོད་པ་དང་། དེ་ནི་གནས་ལུགས་དང་མི་འགལ་བར་མ་ཟད་ཏག་ཏག་འདི་ལྟར་བྱེད་པ་ནི་ད་གཟོད་ལུགས་དང་མཐུན་པ། གནས་ལུགས་ཡོད་པ། རབ་ཏུ་འགྲིག་པ་ཞིག་ཡིན་ནོ་ཞེས་ཆེས་རྩ་བའི“རྒྱུན་ཤེས”ཤིག་གསལ་བོར་སྟོན་པ་ཡིན། མདོར་ན་ཤེས་ཡོན་པས་ནི་མི་རྣམས་ལ་ལེགས་ཉེས་དང་དགེ་སྡིག་གི་རྣམ་གཞག་འཆད་པས་ཤེས་ཡོན་པ་ནི་སྤྱི་ཚོགས་ཀྱི་མིག་དང་སྙིང་ལྟ་བུ་ཡིན་ལ། ཤེས་ཡོན་པས་རང་གི་བྱ་སྤྱོད་ཀྱི་སྟེང་ནས་སྒེར་གཅོད་དང་གཏུམ་སྲིད་སོགས་དྲང་བདེན་མ་ཡིན་པའི་སྤྱི་སྒེར་གྱི་བྱ་སྤྱོད་གང་ལ་འགོག་རྒོལ་བྱེད་པས་ཤེས་ཡོན་པ་ནི་སྤྱི་ཚོགས་གང་དེའི་སྙིང་སྟོབས་ཤིག་ཀྱང་ཡིན་པར་འདུག དེ་འདྲ་ཡིན་པས”ཤེས་ཡོན་པ་མེད་པའི་མི་རིགས་དེ་ནི་རེ་བ་མེད་པའི་མི་རིགས་ཤིག་ཡིན”ཞེས་བཤད་མྱོང་ཡོད་ཅིང་། དེ་དང་མཐུན་པར་རང་རེས“ཤེས་ཡོན་པ་མེད་པའི་སྤྱི་ཚོགས་དེ་ཡང་མུན་ནག་མོད་པའི་སྤྱི་ཚོགས་ཤིག་ཡིན”ཞེས་ཁ་ཚོན་གཅོད་ཐུབ་སྟེ། སྤྱི་ཚོགས་དེ་འདྲ་རུ་མི་རྣམས་རྒྱུ་འབྲས་ཀྱི་བློ་མིག་བསྡོངས། དབང་དང་གྲགས་པར་སྐྱབས་འཆའ། མི་མཁས་པ་ལས་ཀྱང་བླུན་པོ་བྲིན། ཁེ་ཕན་ཉི་ཚེ་བ་ཙམ་གྱི་དོན་དུ་སྙིང་ནས་གཅེས་འོས་པའི་ཁྲེལ་གཞུང་དང་ཕྱི་ཐག སྲི་ཞུ་དང་དཀྱེལ་ཡངས་བཅས་ཀྱང་རྒྱང་རིང་དུ་སྟོར། དེ་རུ་མི་རྣམས་རྒྱུ་ནོར་གྱིས་ཕྱུག མཚན་སྙན་གྱིས་སྦུད་ཀྱང་། རྩ་བ་རྩ་བར་གྱུར་བའི་བདེན་དོན་གྱི་གནས་ལུགས་རྟོགས་ཤིང་བཀུར་བའི་ཤེས་རབ་དང་སྙིང་སྟོབས་ཀྱིས་དབེན་པས་སྤྱི་ཚོགས་དེ་འདྲ་ནི་ད་གཟོད་སྒེར་གཅོད་དང་། དབང་ཆ་ལོག་སྤྱོད། གཡོ་སྒྱུ་དང་བསླུ་བྲིད། ཆབ་སྲིད་རུལ་སུངས་ཀྱི་འབྱུང་ཁུངས་དང་། འོད་སྣང་བྲལ་བའི་སྤྱི་ཚོགས་ཤིག་ཡིན་པ་ནི་སུས་ཀྱང་བསྙོན་མི་ནུས། དེ་ལས་ལྡོག་སྟེ། ཤེས་ཡོན་པའི་དཔུང་དར་བའི་སྤྱི་ཚོགས་སུ་ད་གཟོད་ངེས་པ་དོན་གྱི་ཤེས་ཡོན་པའི་སྙིང་སྟོབས་རྣལ་མ་རེ་ཡོད་པ་ཡང་ཆོས་ཉིད་དུ་གྲུབ་སྟེ། དེ་རུ“སྲོག་འཚོ་བ་ནི་སྲོག་འཚོ་བའི་ཕྱིར་དུ་མ་ཡིན་ཏེ། སྲོག་ལེགས་པོར་འཚོ་བའི་ཕྱིར་དུ་ཡིན། དེ་ཡང་ཡ་རབས་ཚུལ་མཐུན་དུ་འཚོ་བའི་ཆེད་དུ་ཡིན།①”ཞེས་པ་ལྟ་བུའི་འཚོ་གནས་ཀྱི་སྙིང་སྟོབས་དང་། “ང་རང་ཤི་འགྲོ་ལ། ཁྱེད་ཅག་གསོན་དགོས། དེ་ལས་གང་ཞིག་བཟང་བ་ནི་ལྷ་ཁོ་ནས་རྟོགས་པ་ཡིན།②”ལྟ་བུའི་བདེན་པའི་སླད་སྲོག་འདོར་ཐུབ་པའི་སྙིང་སྟོབས། དེ་བཞིན“གཏམ་བདེན་པ་ཞིག་གི་ལྕིད་ཚད་ནི་ས་ཆེན་པོ་ལས་ཀྱང་ལྕི③”བའི་བདེན་སྨྲའི་སྙིང་སྟོབས། “མཐོང་ན་འཇིགས་པའི་བདེན་པའི་གཅེར་བུ་ལ། ། རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོག་པ④”འི་བདེན་པར་ཡིད་རྟོན་པའི་སྙིང་སྟོབས་སོགས་ཀྱིས་གཏམས་ཡོད་པར་སྨྲ་སྟེ། དེ་ནི་འཇིག་རྟེན་འདིར་ཤེས་ཡོན་པ་ཞེས་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡོད་དགོས་པའི་རྒྱུ་མཚན་ཉག་གཅིག་གོ །

གསུམ། 

དེ་ལྟ་ནའང་། རང་རེར་མཁས་པ་དང་ཤེས་ཡོན་པ་གཉིས་ཀྱི་ཁྱད་པར་འབྱེད་པའི་ལུགས་སྲོལ་མེད།(སྲོལ་རྒྱུན་གྱི་རིགས་པའི་གཞུང་ལུགས་སུ་འདིའི་རྣམ་གཞག་དང་། སྤྱི་ཚོགས་ཀྱི་དམངས་གྲས་སུ་དེ་ཉིད་ཀྱི་འདུ་ཤེས་མེད་པས་དེ་སྐད་བཤད།) ཆོས་དང་འཇིག་རྟེན་གྱི་གཞུང་ལུགས་གང་ཞིག་ཅུང་ཙམ་ཤེས་ཚེ་དེ་ལ་ཁྱད་མེད་དུ“མཁས་པ”དང་“ཤེས་ཡོན་པ”ཞེས་པའི་ཆོ་ལོ་སྦྱོར་ཞིང་། དེ་དག་གི་རིགས་ལ་ཤེས་ཡོན་པའི་སྡེ་ཞེས་འབོད་ཅིང་བརྩི། དེ་འདྲ་བྱས་པས་མཚམས་རེར་སྒེར་གཅོད་ཀྱི་གདོང་གྲོགས་སུ་གྱུར་བའི་མིའུ་ཆུང་དེ་ཚོ་ལ་ཡང་རང་རེས་ཤེས་ཡོན་པ་ཞེས་པའི་མིང་གིས་བཏགས་པ་ཡོད། སྣང་ཚུལ་དེས་དོན་དམ་པར་རང་རེར་ཤེས་ཡོན་པ་མང་དུ་བྱུང་མ་མྱོང་ཞིང་ཤེས་ཡོན་པའི་སྙིང་སྟོབས་མེད་པ་མངོན་པར་ཕྱི་རུ་བསྟར་བ་རེད། མ་གཞི་སྔར་ནས་བཤད་པ་ལྟར་ཤེས་ཡོན་པ་ཞེས་པ་ནི་མི་གཞིའི་སྒལ་ཚིགས་ཡོད་པ། བསམ་གཞིག་གི་གནད་སྨིན་པ། འགན་འཁྲིའི་འདུ་ཤེས་མངའ་བ་ཞིག་ཡིན་དགོས་པ་ལས། མི་ཕལ་བ་ཞིག་ལྟ་བུ་གཏན་ནས་ཡིན་མི་རིགས་ན་ཡང་། རང་རེའི་ཡུལ་དུ་ནི་མི་དཀྱུས་མ་ལས་ཀྱང་ཤེས་ཡོན་པར་རྩི་ཞིང་འབོད་པ་དེ་དག་གཡོ་དང་སྒྱུ་ཆེ། ཁོག་ནག་ཅིང་གཏིང་རྩུབ། དབང་དང་གྲགས་པར་ཡིད་སྨོན། ཡུན་རིང་ལ་སྦྱངས་བའི་གཞུང་ལུགས་ཉི་ཚེ་བ་དག་རང་རྒྱུད་ཀྱི་རྨོངས་པ་འདུལ་བྱེད་དུ་མ་སོང་བར་གཞན་གྱི་སྐྱོན་འཚང་འབྲུ་བྱེད་དུ་སོང་། ད་ནི་དུས་སྙིགས་མ་ལས་ཀྱང་ཡང་སྙིགས་སླེབས་པའི་རྟགས་སུ་ཤེས་ཡོན་པའི་མིང་སྐམ་ཐོགས་པ་མཐའ་དག་གིས་བདེན་དོན་ལས་ཀྱང་དབང་ཆར་སྐྱབས་འཆའ། གནས་ལུགས་དང་མི་མཐུན་པའི་སྤྱི་དང་སྒེར་གྱི་བྱ་སྤྱོད་གང་ལ་ཡང་སུན་འབྱིན་བྱེད་པར་མི་བརྩོན་ཞིང་། རང་གི་འདོད་མོས་དང་བློ་མོས་དང་བསྟུན་ནས་སྐྱེས་བུ་སྒེར་གྱི་བྱ་སྤྱོད་ལ་ཐེ་གཏོགས་བྱེད། རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའི་སྤྱི་སྒེར་གྱི་ལེགས་པའི་ལས་སུ་བྱ་བ་གང་ཡང་དམའ་ཕབ་ནས་སྐྱོན་མེད་ཀྱང་སྐྱོན་འཛུགས་ཀྱིས་དོང་ཞབས་སུ་འཕེན་རྐྱང་བྱེད། རང་ཉིད་ལ་ཕན་ཚེ་འཇིག་རྟེན་གྱི་ལུགས་དང་འགལ་བའི་བྱ་བ་ཞིག་ཡིན་ཡང་བསྟོད་པར་ཐེ་མི་ཚོམ། རང་ཉིད་གནས་འཆའ་བའི་སྤྱི་ཚོགས་གང་དེ་ལེགས་ལམ་དུ་བཀྲི་བ་ལ་མི་འབད་པར་དེ་ཉིད་རྙོག་མ་ཅན་དུ་གཏོང་། ཤེས་ཡོན་ཅུང་ཙམ་གྱིས་རྒྱུད་སྦོས་པས་སུ་ལ་ཡང་མཐོང་ཆུང་བྱེད། དེ་དག་གི་ཤེས་ཡོན་ཉི་ཚེ་བ་དེ་ནི་སྨྱོན་པའི་ལག་ཏུ་རལ་གྲི་བཞག་པ་ཇི་བཞིན་ལྡོག་ཕྱོགས་ཀྱི་ནུས་པ་སྨིན་པ་མཐོང་། ཁོ་ཚོར་གང་དུ་སྡོད་པའི་གནས་དེར“གཉོམ་ལ་བཙན་ཞིང་། བཙན་ལ་གཉོམ་པ”འི་སྡར་མའི་སྤྱོད་ཚུལ་དང་། དབང་འཛིན་མི་སྣར་གུས་གུས་ཞུམ་ཞུམ་བྱེད་པའི་ཝ་ཡི་ལུགས་སྲོལ། སྲིད་གཞུང་གི་བྱ་སྤྱོད་གང་ཡང་དུས་ཐོག་ཏུ་སུན་འབྱིན་བྱེད་པའམ་དྲང་གཏམ་ལྷུག་པོར་བརྗོད་པ་ནི་ལྟ་ཅི་སྨོས། ཐ་ན་དེ་ལ་གླེང་སློང་ཙམ་ཡང་བྱེད་མི་ཕོད་པའི་མི་སྨྲ་བའི་གཤིས་ཀ ། ད་དུང“སྟག་འཛུམ་དྲུག་ཉི་ལེར་ཤི་བ་ལས། ཝ་རྔ་མ་ཤ་ལེར་བྲོས་ན་དགའ”བའི་སྡར་མའི་སྙིང་སྟོབས་སོགས་ཀྱིས་ཡོངས་སུ་བཀླུབས་ཡོད་པས་ཁོ་ཚོས་རང་ཉིད་ལ་ཤེས་ཡོན་པ་དང་། ཅིིག་ཅིག་མུག་མུག་སོགས་ཀྱི་མིང་གིས་ག་ཚད་བསྙད་ཀྱང་རུང་སྟེ། དོན་དུ་ཁོ་ཚོ་ནི་དཀྱུས་མ་ལས་ཀྱང་དཀྱུས་མ་ཞིག་ཡིན་པ་བྱ་སྤྱོད་དེ་དག་གིས་གསལ་སྟོན་བགྱིད་དོ། །

བཞི། 

གནད་དོན་རྙིང་བ་བསྐྱར་དུ་གླེང་ན། རང་རེར་ཤེས་ཡོན་པའི་གྲངས་སུ་འགྲོ་བ་ག་ཚོད་ཡོད་དམ།

 


①གནའ་བོའི་གྷི་རིག་གི་མཁས་པ་སོ་ཁི་ར་ཐེ་འཆི་ཁར་བཤད་པའི་སྐད་ཆ། ཚིག་འདི《གནམ་ས་གོ་འབྱེད》ལས་དྲངས།
②འདི་ཡང་སོ་ཁི་ར་ཐེ་འཆི་ཁར་བཤད་པའི་སྐད་ཆ་ཞིག་སྟེ། ཚིག་འདི《མཚན་ཉིད་རིག་པ་ནི་ཤེས་རབ་ལ་དགའ་བ་དེ་ཡིན》ཞེས་པ་ལས་དྲངས།
③ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་སོལ་ཟེར་ཉིས་ཆེན་ལགས་ཀྱི་སྐད་ཆ།
④མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ཚིག

ཕྱི་ལོ་2022.ལོའི་ཟླ11.པའི་ཚེས20.ཉིན་བྲིས་ཤིང་། ཕྱི་ལོ2023.ལོའི་3.པའི་ཚེས4.ཉིན་བསྐྱར་བཅོས་བྱས་ཏེ་མཇུག་གྲུབ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3212