༡༽ རང་ཚུགས་ཟིན་ཅིང་བློ་གཟུ་བོར་གནས་པ།
སློབ་གྲོགས་དང་དགེ་རྒན།ཕ་མ་སོགས་ལ་མགོ་བསྐོར་བཏང་ནས་འབྲི་ཀློག་འཛིན་གསུམ་གྱི་སློབ་སྦྱོང་ལས་རིགས་ཀྱི་དུས་ཚོད་གཡོལ་ཐབས་གང་ཐུབ་བྱེད་པ་ནི།རང་གི་མ་འོངས་པའི་མི་ཚེའི་མདུན་ལམ་དཀའ་ངལ་ཅན་ཞིག་ཏུ་འགྱུར་ངེས་ཡིན་པས།རང་ཉིད་ནི་རང་མི་རིགས་ཤིག་གི་བརྒྱུད་འཛིན་པའི་འོས་འགན་ཕྲག་སྟེང་ལ་འཁུར་མཁན་ཞིག་ཡིན་སྙམ་པའི་བསམ་བློ་ཡང་དག་བཟུང་ནས་སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱེད་ཡས་ཀྱི་འགྱུར་མེད་དམ་བཅའ་བརྟན་པོ་ཞིག་ཡོད་ན། སློབ་སྦྱོང་ལ་སྤྲོ་བ་འཕེལ་བ་ལས་ཤེས་ཡོན་སློབ་སྦྱོང་ལ་མ་མོས་པའི་ལེ་ལོའི་བློ་ངན་དེ་འདྲ་སྐྱེ་མི་སྲིད། སློབ་གྲོགས་གཡོ་སྒྱུ་ཅན་དང་རྫུན་ལབ་མཁན་རིགས་དང་འགྲོག་འདྲིས་མ་ཆེ་ན་ལེགས་པ་མ་གཏོགས་རང་ཉིད་ཀྱང་དེ་བཞིན་ནམ་ཞིག་ལ་ལུས་ངག་ཚང་མར་གཡོ་སེམས་ཀྱིས་ཁེངས་ཏེ་མི་ངན་མ་རབས་ཤིག་ཏུ་མི་འགྱུར་བའི་ངེས་པ་མེད་པས། ནམ་རྒྱུན་ཤེས་སྤྱོད་ལ་དགའ་མོས་དང་དོ་སྣང་ཆེན་པོ་ཡོད་མཁན་དང་། ཡ་རབས་བཟང་སྤྱོད་དང་དྲང་བདེན་་ལ་སྤྲོ་སྤོབས་ཆེ་ཞིང་གཡོ་སྒྱུ་མེད་པར་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ཡ་རབས་ཚུལ་མཐུན་གྱིས་ལས་དོན་སྒྲུབ་མཁན་དང་འགྲོག་འདྲིས་བྱེད་ན་རང་ཉིད་ཀྱི་བསམ་བློ་དང་ཤེས་ཡོན་གྱི་གནས་ཚད་ཉིན་རེ་བཞིན་ཡར་རྒྱས་ཕྱིན་ཏེ་མ་འོངས་པར་ཤེས་སྤྱོད་གཉིས་ལྡན་མི་སྨོན་རང་སྐྱིད་ཀྱི་མི་བཟང་ཞིག་ཏུ་འགྱུར་སྲིད།
༢༽ ཤེས་རབ་བློ་གྲོས་ལྡན་པ།
ནམ་རྒྱུན་རང་ཉིད་སློབ་གྲྭར་ཡོང་དོན་ཅི་ཡིན་དང་།སློབ་གྲྭའི་ནང་དུ་གནས་དུས་སྐབས་བབ་ལས་འགན་ཅི་ཞིག་ཡིན་པ།རང་ཉིད་ཀྱི་ཐོབ་ཐང་དགོས་ངེས་ཅི་ཞིག་ཡིན་པ་ལ་བསམ་གཞིག་ལེགས་པོ་བཏང་ནས་རང་ཚུགས་བཟུང་དགོས་པ་མ་གཏོགས་དེང་སང་གི་སློབ་མའི་ནང་ལ་སློབ་མ་མ་རབས་དང་བསམ་མེད་ཐ་ཤལ་ཅན་ཡང་ཧ་ཅང་མང་བས། དེ་ཚོའི་རྗེས་སུ་རྒྱུག་དྲགས་ན་རང་ཉིད་ལ་དབང་བའི་རིན་ཐང་ལྡན་པའི་དུས་ཚོད་དང་སློབ་བྱ། སློབ་ཡོན་སོགས་མང་པོ་ཞིག་དོན་མེད་ཆུད་ཟོས་སུ་གཏོང་ཉེན་ཆེ་བས། སློབ་མ་གང་བྱུང་དང་མ་འགྲོགས་ན་ལེགས།ནམ་རྒྱུན་དུས་ཚོད་སྟོང་པ་ཡོད་པའི་སྐབས་ལ་མང་པོའི་དཀྱིལ་དུ་ངག་ལ་བརྟག་གཅིག་པུའི་སྐབས་ལ་སེམས་ལ་བརྟག་ཅེས་པའི་གདམས་ངག་ལྟར་ཡ་རབས་དང་མ་རབས་ཀྱི་སྤྱོད་པ་གང་རེད། ཡོན་ཏན་དང་སྐྱོན་ཆ་གང་རེད། དེའི་ཕྱོགས་ལ་བསམ་གཞིག་བཏང་ནས་རང་གིས་རང་ལ་ནམ་རྒྱུན་དྲི་བ་རེ་འགོད་རྒྱུ་ཧ་ཅང་གལ་ཆེན་རེད། ལེགས་ཉེས་དང་བླང་དོར་སོ་སོར་གསལ་པོ་ཞིག་དབྱེ་མ་ཤེས་ན་རང་ཉིད་ཀྱང་མུན་འཐོམས་ཀྱི་འཚོ་བ་དེའི་ནང་དུ་མགོ་འཐོམས་ཏེ་མདུན་ལམ་བརྟན་པོ་ཞིག་འཚོལ་དཀའ་ལ་མདུན་ལམ་རྙེད་རྒྱུ་ཡང་ལས་སླ་པོ་མིན་པར་འགྱུར་ངེས་རེད།
༣༽ རང་དགོས་ཤེས་སྤྱོད་ལ་དོན་གཉེར་ཆེ་བ།
སློབ་མ་ཞིག་ཡིན་ཕྱིན་བརྩོན་སེམས་འགྱུར་མེད་ཅིག་དགོས་རྒྱུ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་རེད།མིག་ལོང་བ་མིན་ལ་ངག་ཀྱང་ལྐུག་པ་མིན་པ་བློ་རིག་རྣོ་ལ་སྤྱང་གྲུང་སོགས་རང་ཉིད་ལ་ལྡན་ཡང་། སློབ་མ་ཞིག་ལ་མཚོན་ན་བརྩོན་སེམས་དང་སྙིང་རུས་མེད་ན། བརྩོན་འགྲུས་མེད་ན་ཤེས་རབ་རོ་དང་འདྲ་ཞེས་པའི་དཔེ་ལྟར་སློབ་སྦྱོང་གི་ལས་རིགས་རྒྱུན་འཁྱོངས་མི་ཐུབ་པས། སློབ་སྦྱོང་གི་འབྲས་བུ་ལེགས་པོ་ཞིག་ལོན་ཐུབ་ཀྱི་མ་རེད། ཤེས་ཡོན་གང་ཞིག་ཡིན་ནའང་རང་ཉིད་ལ་འཇགས་མིན་ནི་འབད་བརྩོན་ཁོ་ན་ལ་རེག་ལས་ཡོད།འབད་བརྩོན་གྱི་དཀའ་སྡུག་ཕྲ་མོ་ཙམ་ཡང་རང་གིས་ཁྱད་བསད་མ་ཐུབ་ན་ཤེས་ཡོན་ཞིག་ནམ་ཡང་རང་འགུལ་དུ་ཐོབ་ཐབས་མེད་པས། ཤེས་ཡོན་ཅན་ཚང་མ་མཁས་པ་སློབ་པའི་དུས་ན་སྡུག་ཅེས་པ་ལྟར་དཀའ་སྡུག་གང་མང་བརྒྱུད་རིམ་ཁྲོད་ནས་བྱུང་བ་ཞིག་རེད་མ་གཏོགས་བདེ་བར་སྡོད་ན་མཁས་མི་སྲིད་ཅེས་པ་བཞིན་འཕྲལ་བདེ་ཙམ་ལ་ཆགས་མཁན་ཚང་མར་ཤེས་ཡོན་འཇགས་ཐུབ་མཁན་སྔར་ཡང་བྱུང་མྱོང་མེད་ལ་མ་འོངས་པར་ཡང་འབྱུང་ཐབས་མེད། དཀའ་སྤྱད་སྙིང་རུས་མ་བརྩམ་ན་འབྲས་བུ་བཟང་པོ་ཐོབ་ཐབས་མེད་པ་ནི་ཆོས་ཉིད་ཡིན་པས་དཀའ་སྡུག་ལ་བཀའ་དྲིན་ཞུ་མཁན་དང་དཀའ་སྡུག་མྱོང་ཐུབ་པའི་འབད་བརྩོན་ལྡན་པའི་མི་མང་ཆེ་བས་བྱ་བ་གང་སྒྲུབ་ན་ལེགས་འགྲུབ་འབྱུང་བ་སོགས་ཀྱི་མཇུག་འབྲས་ཡག་པོ་ཐོབ་བཞིན་ཡོད་པ་རེད།
༤༽ བསོད་ནམས་གྱི་ཡུལ་ཁྱད་པར་བ་ལ་གུས་པ།
རང་གི་དྲིན་ཆེན་བླ་མ་དང་། དགེ་རྒན། ཕ་མ། གཅེན་པོ་དང་གཅེན་མོ་སོགས་རང་ལས་ལོ་ཆེ་བའི་མིའམ་རྒན་རབས་དང་།ང་རྒྱལ་མེའི་གོང་བུར་ཡོན་ཏན་གྱི་ཆུ་རྒྱུན་མི་ཆགས་པའི་དཔེ་བཞིན་འཇོན་ཐང་དང་ཡོན་ཏན་ཆེ་བ་ཅན་ལ་བརྩི་བཀུར་བྱེད་པའི་ལུས་ངག་གི་རྣམའགྱུར་བསྟན་དགོས་པ་མ་གཏོགས་ང་ཡི་གོང་ལ་སུ་གང་མེད་དྲན་ན་འགྲིག་གིན་ཡོད་མ་རེད། དེང་སང་གི་སློབ་མ་འགའ་རེ་ལ་ཧ་ལས་པའི་རང་སྣང་མཐོན་པོ་འདུག་པས། རང་སྣང་མཐོན་པོ་དེས་རང་ཉིད་ཡར་རྒྱས་གཏོང་མི་ཐུབ་པ་མ་ཟད། གཞན་གྱིས་མཐོང་ནའངམིག་ལམ་དུ་མི་མཛེས་པ་ཞིག་ཡིན་ཏེ།བསམ་བློ་དེས་རང་ཉིད་ཡར་རྒྱས་ཀྱི་ཚབ་ལ་མར་ལ་འདྲུད་འགྲོ་བཞིན་ཡོད་པ་རེད། ང་རྒྱལ་ཆེ་བའི་མི་ལ་ཡོན་ཏན་འབྱོར་དཀའ་བ་མ་ཟད། མི་དང་མི་ཡི་བར་དུ་བརྩི་བཀུར་དང་རྒྱུས་ལོན་ཇི་ལྟར་བྱེད་དགོས་པ་ཤེས་ཀྱི་ཡོད་མ་རེད། ང་རྒྱལ་ཇི་ཙམ་ཆུང་བ་དང་།རང་སྣང་ཇི་ཙམ་དམའ་ན་དེ་བཞིན་རང་ཉིད་མཁས་པའི་གོ་འཕང་དང་ཐག་ཇེ་ཉེ་ཡིན་པར་མཚོན་ཐུབ། མི་ལ་གུས་པ་བྱེད་པ་ནི་ལྷ་ཆོས་དང་མི་ཆོས་གང་གི་ཆ་ནས་ཀྱང་བཤད་ན་ཡོན་ཏན་དང་འཇོན་ཐང་ལས་ཉེས་པ་དང་སྐྱོན་གང་ཡང་བརྩི་སྲོལ་ཡོད་མ་རེད། ཁྱོད་ཀྱིས་མི་གཞན་ལ་གུས་པ་བྱེད་པ་ཙམ་གྱིས་རང་ཉིད་དམའ་སར་མི་ལྷུང་བར།ད་རུང་རང་གིས་རང་ལ་བརྩི་བཀུར་བྱེད་པ་དང་གཅིག་མཚུངས་ཡིན། མི་ཆ་རྒྱུས་མེད་པ་གཅིག་དང་ངོ་ཐུག་བྱུང་བའམ་གླེང་མོལ་བྱས་ཚེ། མི་དེ་ལ་འཇོན་ཐང་དང་ཡོན་ཏན་ཡོད་མེད་སྐད་ཆའི་རྣམ་འགྱུར་དང་ལུས་ཀྱི་རྣམ་འགྱུར་གང་རུང་གི་ཐོག་ནས་ཤེས་ཐུབ།ཤེས་བྱེད་གཙོ་བོ་ནི་མི་ཕ་རོལ་པོ་ལ་གུས་པ་ཡོད་མེད་ལ་རག་ལས་པ་ཞིག་རེད།
༥༽ ཡ་རབས་བཟང་སྤྱོད་ཀྱི་ཡིད་གཏོད་པ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3133
དཔྱད་མཆན་སྤེལ།