སྤྱིར་བཀའ་བརྒྱུད་པ་ཞེས་པ་ནི་རྒྱ་གར་གྱི་ཏེ་ལོ་ནཱ་རོ་མེ་ཏྲི་པ་གསུམ་དང་། བོད་ཀྱི་མར་མི་དྭགས་གསུམ་ལས་བརྒྱུད་པ་ཞིག་ཡིན་ཅིང་། བོད་ཀྱི་ཆོས་བརྒྱུད་རྣམས་གསང་སྔགས་གསར་རྙིང་གཉིས་སུ་འབྱེད་པའི་ནང་ནས་བཀའ་བརྒྱུད་པ་ནི་གསང་སྔགས་གསར་མ་ཡིན་པ་ཡོངས་སུ་གྲགས་ཤིང་། རྣམ་ཐར་དང་ལོ་རྒྱུས་རྣམས་སུ་ཕྱི་གསལ་ནང་གསལ་ཡིན་ན་ཡང་། ཕྱིས་སུ་བཀའ་བརྒྱུད་པའི་བླ་མ་དང་། བཀའ་བརྒྱུད་པའི་དགོན་སྡེ་རྣམས་སུ་གསང་སྔགས་གསར་མ་ལས་ཀྱང་རྙིང་མའི་ཤུགས་ཆེ་བ་དང་། ཏེ་ནཱ་མེ་གསུམ་དང་། མར་མི་དྭགས་གསུམ་ལས་ཀྱང་། གུ་རུ་རིན་པོ་ཆེ་ལྟ་བུ་གསང་སྔགས་རྙིང་མའི་སློབ་དཔོན་ལ་དད་མོས་ཆེ་བ་དང་། བཀའ་བརྒྱུད་པ་རང་གི་ཆོས་རྣམས་ལས་ཀྱང་གསང་སྔགས་རྙིང་མའི་གཏེར་ཆོས་གལ་ཆེན་དུ་འཛིན་བཞིན་ཡོད་པའི་རྣམ་པ་ཞིག་ཕྱོགས་གང་སར་མཇལ་དུ་ཡོད་པ་ཞིག་གོ།།

 

ཁོ་བོས་བསམས་ན། བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀ་ཕལ་ཆེར་ལྟ་དགོངས་སྤྱོད་གསུམ་གྱི་སྒྲོམ་གཞི་གཅིག་ཡིན་པ་ཡང་། ལྟ་བ་བདག་མེད་པ་དང་། སྟོང་པ་ཉིད། དབུ་མར་གནས་པ་སོགས་འདྲ་ཞིང་། དཔྱད་སྒོམ་དང་འཇོག་སྒོམ་ཤུགས་ཆེ་ཆུང་ཙམ་ལས་སྒོམ་པ་ཡང་ཞི་ལྷག་གི་རྣམ་གཞག་རྣམས་འདྲ། སྤྱོད་པ་གཞན་ལ་གནོད་པ་སྤོང་བ་དང་། གཞན་ཕན་བྱང་ཆུབ་ཀྱི་སེམས་གཙོ་བོར་བྱེད་པ་ཡང་འདྲ། མདོ་སྔགས་གཉིས་ལས་མདོ་ཡི་སྐབས་སུ་ཉམས་ལེན་ཐམས་ཅད་ཉོན་མོངས་པའི་གཉེན་པོར་ཁྱེར་དགོས་པ་ཡང་འདྲ་ཞིང་། དེའི་ཐོག་ཏུ་གསང་སྔགས་ཀྱི་སྐབས་སུ་ཆགས་ལམ་དང་གྲོལ་ལམ་གང་ཡིན་ཀྱང་བདེ་སྟོང་ཟུང་འཇུག་དང་གསལ་སྟོང་ཟུང་འཇུག་གི་རྟོགས་པ་མངོན་དུ་བྱེད་པའི་ཐབས་ཡིན་པ་འདྲ།མདོར་ན་གསང་སྔགས་གསར་རྙིང་གི་བླ་མ་གོང་མ་སུ་ཡིན་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པ་དང་། སློབ་དཔོན་ཀླུ་ཐོགས་གཉིས་ཀྱི་ལྟ་སྤྱོད་ལ་ཚད་མར་མི་འཛིན་པ་དང་། དེའི་ལུགས་ལས་འདས་པ་སུ་ཡང་མེད། དེ་ལྟ་ན་ཡང་གྲུབ་མཐའི་འཛིན་མཚམས་དང་རྩལ་དུ་འདོན་ཕྱོགས་ལ་ཁྱད་པར་ཡོད་པས། ཁྱད་པར་དེ་དག་རྒྱུ་མཚན་ཤེས་པའི་སྒོ་ནས་རང་རང་གི་ས་ནས་རྒྱུན་འཛིན་བྱེད་པ་ཡང་གལ་ཆེ་སྙམ།

 

ས་སྐྱ་པའི་དགོན་པ་ལྟ་བུས་དགེ་ལྡན་པའི་ཆོས་ཉམས་སུ་བླངས་ན་ལམ་ནོར་བ་དང་། དེ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མེད་པ་མིན་ཀྱང་། དེ་ལ་བརྟེན་ནས་ས་སྐྱ་པ་རང་གི་ཐུན་མོང་མ་ཡིན་པའི་མན་ངག་དང་གྲུབ་མཐའ། བརྒྱུད་པ་རྣམས་ཉམས་འགྲོ་བས་དེ་འདྲ་བྱས་ན་ཕན་ལས་ཀྱང་གནོད་པ་ཆེ་བ་ཡིན། དཔེ་དེ་བཞིན་དུ་བཀའ་བརྒྱུད་པའི་དགོན་པ་དག་གིས་རྙིང་མའི་ཆོས་ཉམས་སུ་བླངས་པས་ལམ་ནོར་བ་དང་འཁྲུལ་པ་མིན་ཀྱང་། དེས་མིང་བཀའ་བརྒྱུད་ཁུར་ནས་དོན་རྙིང་མ་བྱེད་པས་མིའི་མཐོང་སྣང་ལ་ཡང་མི་མཛེས་ཤིང་། གོང་མ་རྣམས་ཀྱིས་རང་གི་ཆོས་དང་མན་ངག་གི་བརྒྱུད་པ་བྱེ་བྲག་པ་ཞིག་འཛིན་སྐྱོང་སྤེལ་གསུམ་གནང་བའི་དོན་དུ་དགོན་པ་ཕྱག་བཏབ། སློབ་མ་བསྐྱངས། བསྟན་པ་གཏད་པ་ལ། བརྒྱུད་འཛིན་པ་རྣམས་ཀྱིས་དེ་དོར་ནས་ལུགས་གཞན་ཞིག་བྱེད་ན་དོན་ངོ་མར་དམ་པ་གོང་མའི་དགོངས་པར་མཐུན་པ་དང་། དེའི་ཞབས་ཞུར་འགྲོ་བ་ནི་ཧ་ཅང་དཀའ་ཚོད་དུ་སྣང་། དེ་འདྲ་བྱས་ན་བཀའ་བབ་པ་དེ་དོར་ནས་བཀའ་མ་བབ་པ་ཞིག་བཟུང་བས་དོན་དུ་བཀའ་བརྒྱུད་པར་ག་ལ་འགྱུར།

 

བར་སྐབས་ཤིག་བཀའ་བརྒྱུད་པའི་དགོན་སྡེ་ཁག་ལ་གསང་སྔགས་རྙིང་མའི་ལུགས་ཤིན་ཏུ་དར་བས། བཀའ་བརྒྱུད་པའི་གདན་ས་མི་ཉུང་བ་ཞིག་ཀྱང་རྙིང་མའི་དགོན་པར་ངོས་འཛིན་པའི་ལུགས་སྲོལ་བྱུང་། མངའ་བདག་མྱང་དང་། གུ་རུ་ཆོས་ཀྱི་དབང་ཕྱུག ཀརྨ་གླིང་པ། སངས་རྒྱས་གླིང་པ། རཏྣ་གླིང་པ། རིག་འཛིན་འཇའ་ཚོན་སྙིང་པོ། མཆོག་གྱུར་གླིང་པ་སོགས་ཀྱི་གཏེར་ཆོས་རྣམས་རྒྱ་ཆེར་དར་བ་ལ། གཏེར་ཆོས་ཐམས་ཅད་གུ་རུ་རིན་པོ་ཆེ་དངོས་ཀྱི་གསུང་ཡིན་པ་དཀའ་བར་སྣང་ན་ཡང་། དེའི་ནང་གི་རྒྱལ་བ་རིགས་ལྔ་དང་། རྡོར་སེམས་སོགས་ལྷ་མང་པོ་ཞིག་ནི་གསང་སྔགས་གསར་མ་དང་འདྲ་ཞིང་། དེ་ནས་བསྟན་པའི་ལྟ་སྒོམ་སྤྱོད་གསུམ་ཡང་གོང་དུ་བཤད་ཟིན་པ་ལྟར་རྩ་བའི་ཆ་ནས་ཕར་ཕྱིན་ཐེག་པ་དང་གསང་སྔགས་གསར་མ་དང་འདྲ་བས་ན་དེ་དག་ཆོས་ལོག་ཏུ་སྨྲ་བར་ག་ལ་གཏུབ། དེ་བཞིན་དུ་དེ་ཚོ་མི་ཉུང་བ་ཞིག་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཚུལ་ཡང་བླ་མ་མང་པོའི་རྣམ་ཐར་ལ་འབྱུང་བས་དེ་མཐའ་དག་རྫུན་རེད་ཅེས་བཤད་དགོས་ན་ཡང་ག་ལ་རུང་།

 

འོན་ཀྱང་རྙིང་མའི་ཆོས་རྣམས་ཡང་དག་ཡིན་པ་ཙམ་གྱིས་གསང་སྔགས་གསར་མའི་ཆོས་ལས་ལྷག་པ་ཁོ་བོ་ནི་མི་འདོད་དེ། གསང་སྔགས་རྙིང་མ་ནི་བོད་ལ་དར་སྔ་ཤོས་ཡིན་པར་གྲགས་ཀྱང་། རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་ཚད་ལྡན་གང་གིས་ཞིབ་འཇུག་གནང་ན་ཡང་། རྒྱ་གར་དུ་གསང་སྔགས་གསར་མ་ལས་གསང་སྔགས་རྙིང་མ་དར་སྔ་བའི་ཁུངས་ལུང་རྣམ་དག་མེད་ཅིང་། བོད་དུ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་ཡང་ཐོག་མར་གསང་སྔགས་རྙིང་མ་ལས་ཀྱང་གསར་མའི་བྱ་སྤྱོད་དང་རྣལ་འབྱོར་རྒྱུད་གསུམ་དར་ཆེ་བའི་ཚུལ་གནའ་བོའི་རྡོ་སྐུ་དང་ཡིག་རྙིང་མང་པོ་ཞིག་ལས་མཇལ་དུ་ཡོད་པས་ན།གསང་སྔགས་གསར་མ་ལས་རྙིང་མ་རྙིང་ཆེ་བའི་རྒྱུ་མཚན་མེད་པའི་ཐོག་ཏུ་གསང་སྔགས་རྙིང་མའི་བསྐྱེད་རྫོགས་ཀྱི་རྣམ་གཞག་མང་པོ་ཞིག་ནི་གསང་སྔགས་གསར་མའི་རྒྱུད་སྡེ་ཁག་གི་ཤུགས་རྐྱེན་ཡིན་པ་ཞིབ་འཇུག་པ་རྣམས་ཀྱི་ངོས་ལ་ནི་གསལ་པོ་ཡིན་པ་དང་། གསང་སྔགས་རྙིང་མས་ཐེག་པ་རིམ་པ་དགུའི་རྣམ་གཞག་མཛད་ནས། མཐོ་ཤོས་ནི་ཨ་ཏི་སོགས་གསང་སྔགས་རྙིང་མ་ཡིན་པར་གྲགས་ཀྱང་། ཁོ་བོས་ནི་དེ་ལ་གསང་སྔགས་གསར་མ་ལ་གཏན་ནས་མེད་པའི་ཁྱད་ཆོས་ངོ་མཚར་བ་མང་པོ་ཞིག་ཡོད་པར་མ་མཐོང་ངོ་།།

 

དེས་ན་གསང་སྔགས་རྙིང་མ་བ་རྣམས་ཀྱིས་གསང་སྔགས་གསར་མའི་སྒྲུབ་མཆོད་སོགས་ཚུགས་ན་སྟོན་པ་དང་བསྟན་པ་གཅིག་ཡིན་པས་ན་ཡོན་ཏན་ལས་སྐྱོན་མེད་པ་ལྟར། གསང་སྔགས་གསར་མའི་དགེ་ལྡན་པ་སོགས་ཀྱིས་རྙིང་མ་ནས་བརྒྱུད་པའི་རྟ་མགྲིན་དང་། ས་སྐྱ་པས་ཡང་ཕུར་གཉིས་དང་། བཀའ་བརྒྱུད་པས་གུ་རུའི་ཚེས་བཅུ་དང་ཕུར་པའི་སྒྲུབ་མཆོད་སོགས་ཚུགས་པ་ནི་ཆོས་དང་དམ་ཚིག་གི་འབྲེལ་བ་ལ་ཡང་ཕན་པས་ན་ཡོན་ཏན་ལས་སྐྱོན་ག་ལ་ཡོད་ཀྱང་། ཕྱིས་ཀྱི་བཀའ་བརྒྱུད་པའི་བླ་མ་དང་དགོན་པ་མང་པོས་གསང་སྔགས་གསར་མའི་སྒྲུབ་མཆོད་དག་ལས་ཀྱང་རྙིང་མའི་སྒྲུབ་མཆོད་དག་གལ་ཆེན་དུ་འཛིན་པ། མ་ཟད་འདོན་པ་ཆེ་ཆུང་གང་ཞིག་བཏོན་ན་ཡང་། ཚིག་བདུན་གསོལ་འདེབས་སོགས་གུ་རུ་རིན་པོ་ཆེའི་གསོལ་འདེབས་ཁོ་ནས་དབུ་འཛུགས་ཤིང་། སྐབས་མང་པོར་སངས་རྒྱས་ཀྱི་བསྟོད་པ་སོགས་ནི་རྩ་བ་ནས་མི་འདོན་ཀྱང་སྲིད་པ་ནི་མིག་སྔར་ཆེར་མི་མཛེས་པར་མཐོང་སྟེ། རང་རེ་རྣམས་བཀའ་བརྒྱུད་པ་མ་བྱས་ཀྱང་ཆོག་ན་ཡང་། སངས་རྒྱས་པའི་རྗེས་འཇུག་མིན་པ་ལྟར་བྱས་ན་འགྲིག་ཐབས་ཤིག་ག་ལ་ཡོད།

 

རང་ཅག་རྣམས་ཀྱི་བརྒྱུད་པའི་འབྱུང་ཁུངས་མར་མི་དྭགས་གསུམ་དང་། སྒོམ་ཚུལ་དང་། ཕག་གྲུ། དུས་མཁྱེན། འབའ་རོམ་པ་སོགས་གང་གི་གསུང་དུ་མཇལ་ན་ཡང་གསོལ་འདེབས་ཐམས་ཅད་ཀྱི་སྔོན་འགྲོ་ནི་རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་སོགས་བཀའ་བརྒྱུད་གོང་མ་རྣམས་ལ་མཛད་པ་ཁོ་ན་ལས་གུ་རུ་རིན་པོ་ཆེ་སོགས་བརྒྱུད་པ་གཞན་གྱི་བླ་མ་ལ་མཛད་པ་མི་སྣང་། བཀའ་བརྒྱུད་པ་རང་གི་ནཱ་རོ་ཆོས་དྲུག་ལྟ་བུར་ཉེ་བརྒྱུད་དང་རིང་བརྒྱུད་གཉིས་ཡོད་པ་ལས་རིང་བརྒྱུད་དུ་བཞུགས་པའི་བིར་བ་པ་དང་། ལུ་དྲིལ་ནག་གསུམ་སོགས་ལ་ཡང་ཆེད་དུ་གསོལ་བ་བཏབ་མཛད་པ་དཀོན་པར་སྣང་ན།བཀའ་བརྒྱུད་པ་རང་གི་ཆོས་དྲུག་དང་ཕྱག་ཆེན་གཉིས་ཀའི་ཉེ་བརྒྱུད་དང་རིང་བརྒྱུད་གང་ལ་ཡང་མི་བཞུགས་པའི་གུ་རུ་རིན་པོ་ཆེ་ལྟ་བུ་ལ་སྤྱིར་ཆེད་དུ་གསོལ་བ་འདེབས་པའི་ཕྱག་སྲོལ་དེ་བཀའ་བརྒྱུད་གོང་མ་རྣམས་ལ་མེད་ལ། ཏེ་ལོ་དང་ནཱ་རོ་སོགས་ལས་ཀྱང་གུ་རུ་རིན་པོ་ཆེ་ལ་དད་པ་དང་མོས་པ་ཆེ་བ་འདི་ཁོ་བོས་ནི་བཀའ་བརྒྱུད་པའི་ཆོས་དང་ལོ་རྒྱུས་གང་དང་ཡང་མཐུན་པར་མ་མཐོང་ངོ་།།

 

འདི་འདྲ་བཤད་པས་གུ་རུ་རིན་པོ་ཆེ་ལྟ་བུར་མ་དད་པའམ། ལོག་ལྟ། ཆོས་སྤོང་། ཕྱོགས་རིས་བྱས་པའི་དོན་ཀྱང་མིན་ཏེ།བོད་ཀྱི་ཆོས་བརྒྱུད་རྣམས་ཀྱིས་གནས་བརྟན་སྡེ་པའི་མཁས་གྲུབ་རྣམས་དང་། རྒྱ་ནག་གི་ནང་པའི་སློབ་དཔོན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཅན་དག་བླ་བརྒྱུད་དུ་མི་འདྲེན་པ་དང་། དེ་དག་ལ་ལྷག་ཏུ་བཀུར་བ་སོགས་མི་བྱེད་པ་ཡང་། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སོ་སོ་ཡིན་པ་དང་། བརྒྱུད་པ་སོ་སོ་ཡིན་པ། སྐབས་སུ་མ་བབ་པ་ཡིན་པའི་རྒྱུ་མཚན་ལས།མ་གུས་པ་དང་། ལོག་ལྟ། ཆོས་སྤོང་སོགས་མ་ཡིན་པ་བཞིན་ནོ།། གསང་སྔགས་རྙིང་མ་པ་རྣམས་ཀྱིས་མར་མི་དྭགས་གསུམ་ལ་ལྷག་ཏུ་བརྩི་དགོས་པའི་རྒྱུ་མཚན་མེད་པ་བཞིན། བཀའ་བརྒྱུད་པ་རྣམས་ཀྱིས་རྗེ་འབངས་ཉེར་ལྔ་སོགས་ལ་ལྷག་ཏུ་བརྩི་དགོས་པ་མ་མཐོང་ངོ་།། བོད་ལ་སངས་རྒྱས་ཀྱི་ཆོས་དར་བའི་བཀའ་དྲིན་གྱིས་ཡིན་པར་བསམ་ན། སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་བ་ནི་སྲོང་བཙན་སྒམ་པོའི་བཀའ་དྲིན་དང་། རབ་བྱུང་གི་སྡེ་དར་བ་ནི་མཁན་ཆེན་ཞི་བ་འཚོ། ཆོས་མང་པོ་བསྒྱུར་བ་ནི་སྐ་ཅོག་ཞང་གསུམ་གྱི་བཀའ་དྲིན་ཡིན་པས་ལོ་རྒྱུས་རིག་པའི་ངོས་ནས་བསམས་ན་དེ་དག་གི་བཀའ་དྲིན་གུ་རུ་རིན་པོ་ཆེ་ལས་མ་ལྷག་ན་ཡང་མི་ཆུང་བར་མཐོང་ངོ་།།

 

སྤྱིར་བོད་ཀྱི་ཆོས་བརྒྱུད་རྣམས་ལས། རྙིང་མ་པ་རྣམས་ནི་གུ་རུ་རིན་པོ་ཆེ་དང་རྗེ་འབངས་ཡབ་སྲས་རྣམས་ལ་དད་པ་ཆེ་ཤོས་བྱེད་པར་སྣང་ལ། དེ་བཞིན་དུ་ས་སྐྱ་པ་རྣམས་ཀྱིས་ཀྱང་ས་པཎ་གཙོ་བོར་གྱུར་པའི་ས་སྐྱ་པའི་གོང་མ་རྣམས་དང་།དགེ་ལྡན་པ་རྣམས་ཀྱིས་ཀྱང་རྗེ་ཡབ་སྲས་གསུམ། ཇོ་ནང་པ་རྣམས་ཀྱིས་ཀུན་མཁྱེན་དོལ་པོ་པ་ཡབ་སྲས་སོགས་རང་རང་གི་བླ་མ་དམ་པ་གོང་མ་རྣམས་གཙུག་གི་ནོར་བུ་རུ་བཀུར་བར་མཚུངས་ན་ཡང་། ཆེས་མི་འདྲ་བ་ནི་ཕྱིས་ཀྱི་བཀའ་བརྒྱུད་པ་རྣམས་ཏེ། ཕྱིས་ཀྱི་བཀའ་བརྒྱུད་པ་ཕལ་མོ་ཆེའི་སྣང་ངོ་ལ་མར་མི་དྭགས་གསུམ་ཞེས་པ་ནི་སྤྱིར་བཏང་གི་བླ་མ་འབྲིང་ཙམ་གསུམ་ཡིན་པ་ལས། མཁས་པའི་ཕུལ་དུ་བྱུང་བ་ཡང་མིན་ཅིང་། གྲུབ་ཐོབ་འགྲན་ཟླ་མེད་པ་ཡང་མིན། མ་ཟད་མར་པ་ལས་ཀྱང་རྗེ་ཙོང་ཁ་པ་མཁས་པ་ལྟ་བུ་དང་། མི་ལ་རས་པ་ལས་ཀྱང་གུ་རུ་རིན་པོ་ཆེ་ཉམས་རྟོགས་ཆེ་བ། སངས་རྒྱས་བཅོམ་ལྡན་འདས་ལས་ཀྱང་གུ་རུ་རིན་པོ་ཆེ་ཉིད་ནུས་མཐུ་དང་བཀའ་དྲིན་ཆེ་བ་ལྟ་བུའི་མཐོང་སྣང་ཞིག་ཡོད་པས། ཁོ་བོ་ལྟ་བུ་ཆུང་དུས་ནས་བཀའ་བརྒྱུད་པའི་ཆོས་སྒོར་ཞུགས་པ་ཞིག་ཡིན་ཀྱང་། མར་མི་དྭགས་གསུམ་གྱི་ཆེ་བ་ནི་ཕྱིས་སུ་རང་ཉིད་ཀྱིས་ལོ་རྒྱུས་ལ་སྦྱངས། ཆོས་ལ་བསླབས་པས་ངེས་ཤེས་ཅུང་ཟད་རྙེད་པ་ལས། བཀའ་བརྒྱུད་པའི་དགོན་པ་དང་ཁོར་ཡུག་གིས་བག་ཆགས་དེ་འདྲ་ཞིག་འཇོག་རྒྱུ་མ་བྱུང་བས་ནི་སྐབས་རེ་ཁོར་ཡུག་འདི་སྐྱོ་བ་ལ་ཨང་དྲན་མྱོང་ཡོད།

 

ཆོས་བརྒྱུད་སོ་སོར་རང་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རེ་ཡོད་ཅིང་། དེའི་བརྒྱུད་པ་འཛིན་ཅིང་། མཚན་སྙན་དང་མཛད་འཕྲིན་སྤེལ་བ་ནི་རང་རང་གི་ལས་སྐལ་ཡིན་པས། ས་སྐྱ་པ་རྣམས་ཀྱིས་ས་པཎ་ལས་མཁས་པ་མེད་པ། དགེ་ལྡན་པ་རྣམས་ཀྱིས་རྗེ་ཡབ་སྲས་གསུམ་པོ་བླ་ན་མེད་པ། རྙིང་མ་པ་རྣམས་ཀྱིས་ཀྱང་གུ་རུ་རིན་པོ་ཆེ་ལྟ་བུ་སངས་རྒྱས་ཤཱཀྱ་ཐུབ་པ་ལས་ལྷག་པ་ལྟ་བུར་བཤད་ན་ཅུང་ཐལ་དྲགས་པ་ལས། དེ་མིན་ཡོན་ཏན་དང་། ནུས་མཐུ་འགྲན་ཟླ་མེད་པ་དང་། བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཚུལ་སོགས་ཅི་འདྲ་ཞིག་གསུངས་ན་ཡང་། རང་རང་གི་གདུལ་བྱ་དང་བརྒྱུད་འཛིན་ལ་བསམས་ན་དེ་ནི་བླ་མ་གོང་མ་དང་། ཆོས་དང་མན་ངག་ལ་དད་པ་འདྲེན་པའི་ཐབས་ལེགས་ཤོས་ཡིན་པས་རྗེས་སུ་ཡི་རང་གི་གནས་ལས་མ་འདས་ཀྱང་། དེ་ཙམ་གྱིས་བཀའ་བརྒྱུད་པ་རྣམས་ཀྱིས་གཞན་གྱི་ཆོས་ལུགས་ཀྱིས་བཤད་པ་ཐམས་ཅད་ཚད་མར་བཟུང་ནས་རང་གི་བླ་མ་གོང་མ་རྣམས་ལ་མ་གུས་པ་དང་མཐོང་ཆུང་བྱས་ན་དམ་ཚིག་ལ་ག་ལ་རུང་ལ།དཔྱོད་ལྡན་གྱི་མིག་སྔར་ཡང་ག་ལ་མཛེས་ཏེ། ཕྱིས་ཀྱི་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས་ཆོས་རྙིང་མ་དང་ཞི་བྱེད་སོགས་བྱེད། ལྟ་བ་ཇོ་ནང་སོགས་འཛིན་པ་འདི་ལ་ས་དགེ་ལྡན་གྱི་མཁས་པ་མང་པོས་ཐུགས་ཁྲེལ་དང་བཀའ་བཀྱོན་མཛད་ཡོད་པ་ལྟ་བུའོ།།

 

གུ་རུ་རིན་པོ་ཆེའི་རྣམ་ཐར་ནི་ཀུན་དགའ་བོའི་སློབ་མ་ཡིན་ཀྱང་། ཁྲི་སྲོང་ལྡེ་བཙན་སྐབས་བོད་ལ་བྱོན་པ། ད་ལྟ་ཡང་སྐུ་མ་གཤེགས་པར་བཞུགས་པར་གྲགས་པ་དེ་ཐམས་ཅད་ཚད་མར་འཛིན་དགོས་ན་དེ་འདྲ་ལ་དོ་ཟླ་ནུས་པ་ག་ལ་ཡོད། འོན་ཀྱང་དཀའ་ངལ་ནི་ལོ་རྒྱུས་ལ་དེ་འདྲ་ཞིག་སྲིད་དམ། སློབ་དཔོན་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་པ་དེ་ཚད་མར་མི་འཛིན་རང་དབང་མེད་པའི་ཐོག་ཏུ་ཀླུ་སྒྲུབ་དང་རྗེ་བཙུན་མི་ལ་སྐུ་ཚེ་སུ་རིང་ཞེས་བཤད་ན་བསྡུར་ཐབས་ག་ལ་ཡོད། དེ་མིན་ལོ་རྒྱུས་རང་གི་མི་སྣ་ཡིན་པ་གང་ཞིག་ལ། ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་རྣམས་ན་བསམས་ན། མ་མཐར་ཡང་ཁོ་བོ་ནི་གུ་རུ་རིན་པོ་ཆེ་ལས་མར་མི་དྭགས་གསུམ་མ་ལྷག་ཀྱང་མི་དམན་པའི་ངེས་ཤེས་ཤིག་ཡོད་ལ། སྐྱོ་དགོས་པ་ཞིག་ལ་བར་སྐབས་ཀྱི་བཀའ་བརྒྱུད་པའི་བླ་མ་མིང་བཀའ་བརྒྱུད་ཡིན་ཀྱང་དོན་རྙིང་མ་ཡིན་པ་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་ད་ལྟ་ཡང་བཀའ་བརྒྱུད་པ་མང་པོ་ཞིག་ནི་གུ་རུ་རིན་པོ་ཆེ་ལས་མར་མི་དྭགས་གསུམ་ལྷག་པ་ལྟ་ཞོག་འདྲ་བ་རེད་ཅེས་བཤད་ན་བློ་ལ་ཤོང་བ་དཀོན་སྲིད་ལ། བཀའ་བརྒྱུད་པའི་གསུང་རྒྱུན་དུ་ཉམས་རྟོགས་ཅི་ཆེ་མོས་གུས་ཆེ་ཆུང་ལ་རགས་ལས་པར་རླུང་ལྟར་གྲགས་ལ། མོས་གུས་དེ་ཡང་རྩ་བ་དང་བརྒྱུད་པའི་བླ་མ་ལ་གོ་དགོས་ན། ད་ལྟའི་ཆར་བཀའ་བརྒྱུད་པ་རྣམས་ཀྱིས་བརྒྱུད་པ་གོང་མ་རྣམས་ལ་མོས་གུས་ཅི་ཙམ་འདུག་ཐུགས་བསམ་ཞིག་བཞེས་དང་།

 

སྙིགས་མའི་དུས་སུ་གུ་རུ་རིན་པོ་ཆེ་བྱིན་རླབས་དང་ནུས་མཐུ་ཆེ་བའི་གསུང་སྲོལ་ཞིག་ཡོད་མོད། བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལས་པད་དཀར་ལྟར་བསྔགས་པ་སངས་རྒྱས་ཤཱཀྱ་ཐུབ་པ་ནི་རྩོད་དུས་ཀྱི་འདྲེན་པའི་གཙོ་བོར་གྲགས་པ་དེ་ལས་ལྷག་པ་ཞིག་བསྐལ་པ་འདི་ལ་ཡོད་པ་ཅང་སྲིད་དམ། འདི་འདྲ་བཤད་ན་མང་པོ་ཞིག་གི་ཐུགས་ལ་ཕོག་ལས་ཆེ་ཡང་། སངས་རྒྱས་ཀྱི་མདོ་རྒྱུད་ཚད་ལྡན་གང་ནས་ཀྱང་གུ་རུ་རིན་པོ་ཆེ་ལུང་བསྟན་མེད་པ་ནི་ད་ལྟའི་ཆར་ཞིབ་འཇུག་པ་ཡོངས་ལ་གསལ་པོར་གྱུར་ཟིན་པའོ།། གང་ལྟར་ཡང་བཀའ་བརྒྱུད་པ་ལ་མར་མི་དྭགས་གསུམ་སོགས་ལས་བཀའ་དྲིན་ཆེ་བ་ཞིག་ཡོད་པར་མ་མཐོང་སྟེ། ཐོག་མའི་ཆར་བཀའ་བརྒྱུད་པའི་གྲུབ་ཐོབ་གྲངས་མེད་པ་ཞིག་བྱུང་བ་ཡང་། མར་མི་དྭགས་གསུམ་དང་། དེ་དག་གི་བརྒྱུད་འཛིན་པ་རྣམས་ཀྱི་ཐུགས་བསྐྱེད་བྱིན་རླབས་ཉག་ཅིག་ལས་བརྒྱུད་པ་གཞན་གྱི་བླ་མ་དང་ལྷ་ཡི་ཐུགས་རྗེ་ཡིན་པར་མི་གསལ། སྔོན་ཞིག་ཏུ་བཀའ་བརྒྱུད་པའི་ལུགས་གཉིས་ཀྱི་མངའ་ཐང་རྒྱས་པ་ཡང་བཀའ་བརྒྱུད་པ་རང་གི་བླ་མ་རྣམས་ཀྱི་མཁྱེན་པ་དང་མཛད་པ་ཉག་ཅིག་ལ་བརྟེན་ནས་ཡིན་པ་ལས་ཆོས་དང་གང་ཟག་གཞན་གྱི་བཀའ་དྲིན་ལར་ནས་མིན། བར་སྐབས་ཤིག་བཀའ་བརྒྱུད་པ་ལ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་། འབྲུག་པ་ཀུན་མཁྱེན་པད་དཀར་སོགས་གངས་ཅན་ན་གྲགས་པའི་མཁས་པ་རྣམས་བྱུང་ནས་བཀའ་བརྒྱུད་པ་ལ་མདོ་སྔགས་གཉིས་ཀ་དང་། ལུང་རྟོགས་གཉིས་ཀའི་བསྟན་པ་རང་རྐང་ཚུགས་པ་ཞིག་དར་བ་ན་ཡང་མཁས་པ་དེ་དག་གིས་བཀའ་བརྒྱུད་པའི་བླ་མ་དང་ཆོས་ལ་སྤོབས་པ་སྐྱེ་དགོས་པ་མ་གཏོགས་མེད་པར་གསུངས་པ་ཁོ་ན་ལས་དེ་རྣམས་ཆོས་དང་བླ་མ་གཞན་ལ་འགྲམ་ཆུ་ལྡང་མཁན་ཞིག་ཡིན་པར་མི་སྣང་།

 

འདི་ལྟར་བཤད་ན་ཕལ་མོ་ཆེའི་རྣ་བར་མི་འགྲོ་སྲིད་དེ། རྣ་བར་མི་ཤོང་ཡང་དངོས་ཡོད་གནས་ཚུལ་ནི་དངོས་ཡོད་གནས་ཚུལ་རང་ཡིན་པས་བཤད་ན། ལོ་རྒྱུས་ཐོག་བཀའ་བརྒྱུད་པ་ཉམས་ཆེ་ཤོས་འགྲོ་བའི་སྐབས་དེ་ནི་བཀའ་བརྒྱུད་པར་རྙིང་མ་དར་བའི་སྐབས་དེ་ཡིན། བཀའ་བརྒྱུད་པ་ལ་རྙིང་མའི་གཏེར་ཆོས་ལྷག་ཏུ་དར་བའི་སྐབས་དེར་བཀའ་བརྒྱུད་པ་ལ་ཆོས་ཀྱི་མུ་གེ་བྱུང་བས་གྲུབ་ཐོབ་སྙན་གྲགས་ཅན་ཆེར་མེད། རིག་གནས་ཀྱི་མུ་གེ་ཚེས་པས་མཁས་པ་རྩོད་མེད་ཤིན་ཏུ་ནས་དཀོན། བླ་ཆེན་ཕལ་མོ་ཆེ་རང་དགོན་རང་བདག་ཕོག་མ་ཕོག་ཅི་རིགས་པས་བཞུགས་པ་ཙམ་ལས་བོད་ཁམས་ལ་མཛད་འཕྲིན་ཡོད་པའི་བླ་ཆེན་ཉིན་མོའི་སྐར་མ་དང་མཚུངས་པར་མཐོང་། རྒྱལ་དབང་ཀརྨ་པ་ན་རིམ་སོགས་བླ་ཆེན་ཁ་ཤས་ལ་སློབ་མ་མཁས་པ་ཐ་ན་རྣམ་ཐར་འབྲི་ཐུབ་མཁན་ཞིག་ཀྱང་ཡོད་པར་མི་སྣང་། དུས་སྐབས་དེའི་བཀའ་བརྒྱུད་པའི་ཆོས་བརྒྱུད་དང་གདན་ས་ཞེས་བཤད་ཀྱང་དོན་དུ་གྲྭ་པ་བརྒྱ་ཕྲག་ཡས་ལས་མེད་པའི་དགོན་པ་རེ་ཟུང་ཡིན། མདོར་ན་ད་ལྟའི་དུས་སུ་བསྟན་པ་སྤྱི་དང་བྱེ་བྲག་ཉག་ཕྲ་བ་ལས། སྔོན་བོད་དུ་བསྟན་པ་དར་སྐབས་བཀའ་བརྒྱུད་པར་རྙིང་ཆོས་དར་སྐབས་ལས་ཉག་ཕྲ་བ་ནམ་ཡང་བྱུང་མྱོང་མེད། དེ་ཡང་གཙོ་བོ་རང་བསྟན་རང་གིས་བདག་ཏུ་མ་བཟུང་བའི་གནད་དེ་རང་ལ་ཐུག་པ་དགོངས་པར་འཚལ།

 

དེས་ན་འདོན་པ་ཆེ་ཆུང་གང་ཞིག་དབུ་བཙུགས་ན་ཡང་། གུ་རུ་རིན་པོ་ཆེའི་གསོལ་འདེབས་མེད་ན་མི་འགྲིག་པ་ལྟ་བུ་འདིས་བཀའ་བརྒྱུད་པའི་བསྟན་པ་ཤིན་ཏུ་ཉག་ཕྲ་བའི་དུས་སྐབས་དང་། དུས་སྐབས་དེའི་ལུགས་སྲོལ་ལམ་བག་ཆགས་རྙིང་པ་ཞིག་ད་དུང་ཡང་ལྷག་ཡོད་པ་དེ་སེམས་ལ་ཤར་བར་བྱེད་པས་ཁོ་བོ་ལྟ་བུ་ལས་མ་དག་པ་རྣམས་ལ་ནི་ནམ་ཡིན་ཀྱང་ཐོག་མ་ཉིད་དུ་གུ་རུའི་གསོལ་འདེབས་ནས་དབུ་འཛུགས་པ་དེས་དད་པ་དང་མོས་གུས་འཕེལ་བ་ལས་ཀྱང་། སྐྱོ་སྣང་ཞིག་འདྲེན་པའི་རྐྱེན་གྱིས་དོན་མེད་ཆོས་སྤོང་གི་ལས་གསོག་པའི་རྒྱུ་རྐྱེན་དུ་འགྱུར་བར་མཐོང་ལ། སྐབས་རེ་བཀའ་བརྒྱུད་པའི་ཆོས་ལས་ཀྱང་རྙིང་མའི་ཆོས་བཟང་ན་རྙིང་མ་རང་གི་དགོན་པ་ཚད་ལྡན་རྣམས་ལ་ཞུགས་ནས་རྙིང་མའི་ཆོས་བྱས་ན་ཆོག་པས་བཀའ་བརྒྱུད་པའི་དགོན་པར་ཞུགས་ནས་རྙིང་མའི་ཆོས་བྱ་དགོས་དོན་འདུག་གམ་ཡང་སྙམ་པར་བྱེད།རང་ཉིད་གཏེར་ཆོས་ལ་མོས་ན་རང་དབང་ཡིན་ཀྱང་རང་ཉིད་ཀྱི་མོས་པ་ཙམ་གཙོ་བོར་བྱས་ཏེ། བཀའ་བརྒྱུད་པའི་གདན་ས་ཁག་གི་ཆོས་བརྒྱུད་ཀྱང་བསྒྱུར་བའི་བླ་མ་དེ་དག་ལ་ནི་དད་པ་སྐྱེ་བ་ཧ་ཅང་དཀའ་བར་འདུག ཁོ་བོ་ལྟ་བུ་འགས་འདི་འདྲ་བཤད་པ་ཆོས་སྤོང་དང་ཆོས་བརྒྱུད་ཕན་ཚུན་འགལ་ཟླའི་རྒྱུ་རུ་འགྲོ་སྲིད་པ་བདེན་ན་ཡང་། བཀའ་བརྒྱུད་པའི་བསྟན་འཛིན་རྣམས་ཀྱིས་རང་རང་གི་བརྒྱུད་པ་གཙང་མ་བཟུང་། རང་གི་བརྒྱུད་པའི་ཆོས་གནང་ན་ཁོ་བོ་ལྟ་བུ་རྟོག་གེ་བ་རྣམས་ཀྱིས་དོན་མེད་སྐད་ཆ་འདི་འདྲ་ཞིག་བཤད་དགོས་དོན་ཀྱང་ག་ལ་ཡོད།

 

ལར་ནས་འདོན་པ་གང་འདོན་ན་ཡང་གུ་རུའི་གསོལ་འདེབས་སོགས་ནས་དབུ་འཛུགས་པ་འདི་ཉིད་བཀའ་བརྒྱུད་པ་ལ་ནམ་ཞིག་བྱུང་བ་ཡང་དཔྱད་པར་བྱ་བ་སྟེ། ད་ལྟ་བཀའ་བརྒྱུད་པའི་དགོན་པ་རྣམས་ལས་ཚིག་བདུན་གསོལ་འདེབས་སོགས་ནས་འདོན་པ་དབུ་འཛུགས་པ་འདི་ཀམ་ཚང་གི་དགོན་སྡེ་རྣམས་ལ་ཤུགས་ཆེ་བ་ལྟ་བུར་སྣང་ལ། རྒྱལ་དབང་ཀརྨ་པ་བདུན་པའི་གསུང་སྨོན་ལམ་གྱི་ཆོ་ག་དང་། ཞྭ་དམར་བརྒྱད་པ་དང་ཀརྨ་པ་བཅུ་གཉིས་པའི་བཀའ་དགོངས་བཞིན་སི་ཏུ་ཆོས་འབྱུང་གིས་ཕྱོགས་བསྒྲིགས་མཛད་པའི་ཆོས་སྤྱོད་ལེགས་ལམ་རབ་གསལ་སོགས་ཀྱི་ནང་དུ་ཡང་ཐོག་མར་སྐྱབས་འགྲོ་དང་སེམས་བསྐྱེད་ལས་གུ་རུ་རིན་པོ་ཆེ་ལ་གསོལ་འདེབས་དགོས་ཚུལ་མི་གསལ། ཅི་སྟེ་གུ་རུ་རིན་པོ་ཆེ་ལ་དད་པ་དང་དམ་ཚིག་མི་ཕྱེད་པ་ཡོད་ཅིང་། དེ་ཉིད་འདོན་པ་ནི་རྟེན་འབྲེལ་ཤིན་ཏུ་བཟང་བའི་དབང་དུ་བཏང་ཡང་། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་དམ། ཡང་ན་དཀོན་མཆོག་རྗེས་དྲན་ནམ། ཐུབ་བསྟོད་སོགས་གང་རུང་བཏོན་པའི་རྗེས་ལ་གུ་རུ་རིན་པོ་ཆེའི་གསོལ་འདེབས་ཁག་ཀྱང་འདོན་ན་མདོ་སྔགས་གང་དང་ཡང་འགལ་བའི་སྐྱོན་ཞིག་ཡོད་དམ། སྤྱིར་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་དང་དཀྱིལ་ཆོག་རྣམས་ཀྱི་དབུ་རུ་དང་པོ་ཉིད་དུ་བླ་མའི་གསོལ་འདེབས་འདོན་པའི་ལུགས་དེ་ཕལ་ཆེར་མེད་པ་འདྲ། ཅི་སྟེ་གསོལ་འདེབས་ནས་དབུ་འཛུགས་ན་ཡང་། སྐབས་དང་སྐབས་སུ་མར་མི་དྭགས་གསུམ་གྱི་སྐུ་བསྟོད་དང་གསོལ་འདེབས་རྣམས་ཀྱིས་དབུ་བཙུགས་ན་ཡང་དེ་ཙམ་མི་འཐད་པ་ཡོད་དམ།

 

ཅི་སྟེ་བླ་མ་གོང་མ་ཐམས་ཅད་སངས་རྒྱས་ཡིན་པས་གཅིག་ཡིན་ཅིང་། ཆོས་ཐམས་ཅད་དམ་པའི་ཆོས་ཡིན་པས་ཁྱད་པར་མེད་ན། བླ་མ་གཞན་ལ་གསོལ་བ་འདེབས། ཆོ་ག་གཞན་གྱི་ལུགས་བྱེད་པ་འདིས་རང་ལུགས་ཀྱི་བླ་མ་དང་ཆོས་ཀྱིས་གོ་མ་ཆོད་པ་ཞིག་བྱུང་བ་མ་རེད་དམ། གོ་མ་ཆོད་ན་དེས་ཁྱད་པར་ཡོད་པ་གསལ་པོར་བསྟན་པ་མ་ཡིན་ནམ། ལར་ནས་གསང་སྔགས་རྙིང་མའི་དགོན་པ་དང་བླ་མ་རྣམས་ལ་སྐུ་འདྲ་གཙོ་བོ་མར་པའི་སྐུ་བཞེངས། བླ་མ་གཙོ་བོ་དྭགས་པོ་རིན་པོ་ཆེ་ལ་གསོལ་བ་ཐོབས། ཉམས་ལེན་གཙོ་བོ་ཕྱག་ཆེན་གྱིས་ཞེས་བཤད་ན་སེམས་ལྡན་སུ་ཞིག་གི་རྣ་བར་འགྲོ་འམ། དེ་ཁོང་རྣམས་ཀྱི་སྙན་ལ་མི་འགྲོ་བ་དེ་ཁོང་རྣམས་ཀྱི་སྐྱོན་རེད་དམ། དེ་འདྲ་བཤད་མཁན་དེའི་སྐྱོན་རེད། རྙིང་མའི་ཆོ་ག་རྣམས་བྱས་ཀྱང་སེམས་ཅན་ལ་ཕན་ཐོགས་ན་ལོས་ཆོག་ཀྱང་། གཅིག་ནས་རྙིང་མའི་ཆོས་རྣམས་ལ་བདག་པོ་རྒྱག་མཁན་རྙིང་མ་རང་ད་ལྟ་ཤིན་ཏུ་རྒྱས་པའི་སྐབས་ཡིན་པས་དེ་ལ་ང་ཚོས་དེ་ཙམ་འཚང་ཁ་རྒྱག་དགོས་དོན་མི་འདུག། གཉིས་ནས་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་རྙིང་གཉིས་ལ་ཁྱད་པར་མེད་ཚུལ་རྐྱང་གསུངས་ནས་རྙིང་མ་ཤ་སྟག་མཛད་ན་བཀའ་བརྒྱུད་པའི་ཆོས་དང་། བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རྩོམ་མང་པོ་ཞིག་བདག་མེད་དུ་གྱུར་པས། ཁོ་བོས་ནི་བཀའ་བརྒྱུད་པའི་བསྟན་པ་ཉག་ཕྲ་བར་སྒྱུར་གནང་མཁན་གཙོ་བོ་ནི་དགེ་ལྡན་པ་དང་རྙིང་མ་གཉིས་མིན་པར་བཀའ་བརྒྱུད་པ་རང་གི་བླ་མ་དང་དགོན་པ་རྣམས་ཡིན་པར་མཐོང་།

 

འོན་ཀྱང་ཁོ་བོས་སྐབས་འདིར་བརྗོད་འདོད་པ་གཙོ་བོ་ཡང་། བཀའ་བརྒྱུད་པའི་དགོན་པ་དང་། རྗེས་འཇུག་པ་རྣམས་ཀྱིས་ཚོགས་པ་རྒྱས་བསྡུས་གང་ཞིག་བྱས་ཀྱང་ཐོག་མ་ཉིད་དུ་ངེས་པར་དུ་གུ་རུ་རིན་པོ་ཆེའི་གསོལ་འདེབས་མ་འདོན་ན་མ་འགྲིག་པ་ལྟ་བུ་དེ་ཙམ་གནང་དགོས་དོན་འདུག་གམ་ཞེས་འདྲི་བ་ཙམ་ལས། གུ་རུ་རིན་པོ་ཆེའི་གསོལ་འདེབས་རྩ་བ་ནས་འདོན་མི་དགོས་པར་ཞུ་བཞིན་མེད་ལ། རྙིང་ལུགས་ཀྱི་སྒྲུབ་མཆོད་སོགས་རྩ་བ་བྱ་མི་དགོས་པ་དེ་བས་ཀྱང་ཞུ་བཞིན་མེད་དེ། དེ་འདྲ་ཞུ་ག་ལ་ཕོད། ཞུ་ན་ག་ལ་རུང་། བཀའ་བརྒྱུད་པའི་བླ་དགོན་རྣམས་ཀྱིས་གུ་རུ་རིན་པོ་ཆེ་ཙམ་མིན་པར་ས་སྐྱ་པའི་གོང་མ་རྣམས་དང་། རྗེ་ཡབ་སྲས་སོགས་ཐམས་ཅད་ལ་དད་གུས་ཞུས་ན་ཡོན་ཏན་ལས་སྐྱོན་ག་ལ་ཡོད་ལ།བཀའ་བརྒྱུད་པས་རྙིང་ལུགས་གཏེར་ཆོས་ནས་བྱུང་བའི་སྒྲུབ་མཆོད་རེ་ཚུགས་ན་ཡང་། བསྟན་པ་དང་སེམས་ཅན་གཉིས་ཀར་ཕན་རླབས་ཆེ་བ་བཤད་ཅི་དགོས། ང་རང་ཡང་རྒྱུད་གསང་བ་སྙིང་པོ་ལྟ་བུ་རྙིང་ཆོས་འགའ་ཤས་ཐོབ་འདོད་ཧ་ཅང་ཆེ། འོན་ཀྱང་ཆོས་ཀྱི་བཤད་སྟངས་ལྟར་ན་བཀའ་བབ་ཟེར་བ་ཞིག་དང་བརྒྱུད་འཛིན་ཟེར་བ་ཞིག་ཡོད་ཅིང་། འཇིག་རྟེན་གྱི་བཤད་སྟངས་ལྟར་ན་འགན་ཟེར་བ་ཞིག་དང་ལུགས་ཟེར་བ་ཞིག་ཡོད་པས། གཞན་གྱིས་ཕ་མ་ལ་ཡང་ཡག་པོ་བྱེད་པ་ནི་མི་བཟང་པོའི་ལུགས་ཡིན་ཀྱང་། རང་ཉིད་ཀྱི་ཕ་མ་ལས་ཀྱང་གཞན་གྱི་ཕ་མ་ལ་བཟང་པོ་བྱེད་པ་ནི་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་དང་ཡང་མཐུན་ནམ།

 

དེས་ན་ཁོ་བོའི་རྨོངས་འཆར་ལྟར་ན། གཙོ་ཆེ་ཤོས་རང་རེ་རྣམས་ནང་པ་སངས་རྒྱས་པ་ཡིན་པས་གཙུག་གི་ནོར་བུ་འདི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པས། དེ་ནོར་མི་རུང་བ་གལ་ཆེ། དེ་ལས་འདས་ན་སངས་རྒྱས་པའི་གྲལ་ནས་བུད་ཉེན་ཆེ་བར་མཐོང་། ཁོ་བོས་གོ་ཚོད་ལྟར་ན་རྡོ་རྗེ་འཆང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ལོངས་སྐུའི་རྣམ་པ་ཡིན་པ་ཙམ་ལས་དེ་ལས་ལྷག་པའམ་གཞན་ཞིག་ཡིན་པར་མ་མཐོང་། དེའི་ཐོག་ཏུ་རང་རེ་རྣམས་ཐེག་པ་ཆེན་པོ་དང་གསང་སྔགས་རྡོ་རྗེ་ཐེག་པ། དེ་ཡང་གསང་སྔགས་གསར་མ་ཡིན་པ་ལས་རྙིང་མ་མིན། བཀའ་བརྒྱུད་པའི་བླ་མ་མང་པོ་གསང་སྔགས་རྙིང་མ་དང་འབྲེལ་བ་ཟབ་ཀྱང་རང་རེ་རྣམས་རྙིང་མ་མིན། མར་པ་ལོ་ཙཱ་བ་ནི་རྙིང་མའི་ཆོས་ལ་མི་དགྱེས་པར་གྲགས། དེ་ཡང་མར་པ་ཙམ་མིན་པར་དུས་སྐབས་དེར་ལྷ་བླ་མ་ཡེ་ཤེས་འོད་དང་། ལོ་ཆེན་རིན་བཟང་། འགོས་ཁུག་པ་ལྷས་བཙས་སོགས་གསང་སྔགས་གསར་མའི་ལོ་ཙཱ་བ་ཕལ་མོ་ཆེ་རྙིང་མ་ལ་མི་དགྱེས་པར་གྲགས། མི་ལ་རས་པ་ཡང་གསང་སྔགས་རྙིང་མས་ཐུགས་ཁ་མ་ཁེངས་ནས་གསར་མར་ཞུགས་པ་ཡིན། དེ་ཙམ་གྱིས་གསང་སྔགས་རྙིང་མ་བཟང་པོ་མིན་པའི་དོན་ཀྱང་མིན།རང་རང་གི་ཁམས་དབང་མི་འདྲ་ཞིང་། ལས་སྨོན་གྱི་འབྲེལ་བ་མི་འདྲ་བ་ཡོད།

 

ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་། ཆོས་རྗེ་དུས་གསུམ་མཁྱེན་པ་སོགས་ཀྱིས་གསང་སྔགས་རྙིང་མ་གསན་བསམ་མཛད་པ་ཙམ་ལས། བཀའ་བརྒྱུད་པའི་བརྒྱུད་པ་གཙང་མ་བཟུང་བ་ཤ་སྟག་ཡིན། རང་རེ་རྣམས་དེ་དག་གི་བརྒྱུད་འཛིན་ཡིན་པ་ལ། དེ་དག་གིས་གསན་བསམ་གནང་བ་རྣམས་ལ་རང་རེས་ཀྱང་དག་སྣང་སྦྱོང་བ་ཙམ་གལ་ཆེ་བ་ལས། དེ་དག་གིས་གསན་བསམ་མཛད་པ་ཙམ་གྱིས་རང་རེས་ཀྱང་དེའི་བརྒྱུད་པ་འཛིན་དགོས་པ་མིན་ཏེ། གཞན་དུ་ན་ཕག་མོ་གྲུ་པས་ལམ་འབྲས་གསན་པས་རང་རེ་ཡང་ས་སྐྱ་པར་ཞུགས་ནས་ལམ་འབྲས་ཀྱི་བརྒྱུད་པ་འཛིན་དགོས་པའི་ཐལ་བ་འབྱུང་། ལར་ནས་བཀའ་བརྒྱུད་པའི་བླ་མ་གོང་མ་རྣམས་ལ། རིགས་གསུམ་ཙམ་ཡོད་དེ། བཀའ་བརྒྱུད་པ་ཁོ་ན་མཛད་པ་ཞིག་དང་། གསང་སྔགས་གསར་རྙིང་གི་ཆོས་ཐམས་ཅད་ལ་ཐོས་བསམ་སྒོམ་གསམ་མཛད་ན་ཡང་། རང་ལུགས་བཀའ་བརྒྱུད་པ་གཙོ་བོར་མཛད་པ་ཞིག་དང་། མིང་བཀའ་བརྒྱུད་པ་ཁུར་ཡང་དོན་རྙིང་མ་དང་ཇོ་ནང་། ཞི་བྱེད་སོགས་ཆོས་ལུགས་གཞན་བྱེད་པའི་རིགས་གསུམ་ཡོད་པ་ལས། ཁོ་བོ་ནི་རིགས་དང་པོ་དང་གཉིས་པ་གཉིས་ལ་མཐོང་ཆེ་ཆུང་མེད་ལ། བསྟན་པ་སྤྱི་ལ་བསམས་ན་རིགས་གཉིས་པ་ཡང་ལེགས་པར་མཐོང་། འོན་ཀྱང་རིགས་གསུམ་པ་ནི་མ་མཐར་ཡང་བཀའ་བརྒྱུད་པའི་ངོས་ནས་བཤད་ན་ཐལ་དྲགས་པའམ་མཐའ་ལ་ལྷུང་བ་ཞིག་ཏུ་ངོས་འཛིན་གྱི་ཡོད།

 

དེས་ན་ཁོ་བོས་བསམས་ན་དམངས་ཁྲོད་དུ་མཛད་སྒོ་སྤེལ་བ་སོགས་ཀྱི་སྐབས་སུ་སྐྱབས་འགྲོ་སེམས་བསྐྱེད་དམ། ཐུབ་བསྟོད། བཀའ་བརྒྱུད་པའི་བླ་མའི་གསོལ་འདེབས་ནས་དབུ་འཛུགས་ན་ཡང་མི་རུང་བར་མ་མཐོང་ལ། དགོན་པར་སྒྲུབ་མཆོད་ཚུགས་པ་སོགས་ཀྱི་སྐབས་སུ་མ་མཐར་ཡང་བདེ་མཆོག་དང་དགྱེས་རྡོར་སོགས་གསང་སྔགས་གསར་མ་མར་རྔོག་ཡབ་སྲས་ནས་བརྒྱུད་པ་ལྟ་བུ་ཞིག་ཚུགས་སྐབས་ཐོག་མར་མར་མི་དྭགས་གསུམ་གྱི་སྐུ་བསྟོད་དམ། མར་ལུགས་བརྒྱུད་འདེབས་ལྟ་བུ་འདོན་ན་ཆོག་པ་ལས་ངེས་པར་དུ་གུ་རུ་རིན་པོ་ཆེའི་གསོལ་འདེབས་ནས་དབུ་འཛུགས་དགོས་ཨེ་ཡོད་ན་སྙམ། འོན་ཀྱང་དཀོན་མཆོག་སྤྱི་འདུས་སོགས་ཆོ་ག་བསྡུས་པ་དང་། ཟབ་བདུན་ཕུར་པ་ལྟ་བུ་སྒྲུབ་མཆོད་དེ། རྙིང་ལུགས་ཀྱི་ཆོ་ག་ཞིག་འདོན་ན་ཕྱག་སྲོལ་ལྟར་དེའི་དབུ་རུ་ཐོག་མ་ནས་གུ་རུ་རིན་པོ་ཆེའི་གསོལ་འདེབས་ཤིག་འདོན་ན་སྐབས་སུ་བབ་པ་དང་འོས་ཤིང་འཚམས་པ་ཞིག་ལོས་ཡིན། དཔེར་ན་གཅོད་འདོན་ན་མར་མི་དྭགས་གསུམ་ལས་ཀྱང་ཐོག་མ་ཉིད་དུ་ཕ་དམ་པ་སངས་རྒྱས་སམ་མ་ཅིག་ལབ་སྒྲོན་གྱི་གསོལ་འདེབས་འདོན་ན་འོས་ཤིང་འཚམས་པ་བཞིན་ནོ།། དེས་ན་འདི་དག་ལ་གནས་སྐབས་དང་དགོས་ཆེད་སོགས་མི་འདྲ་བ་ལྟ་བཞིན་བྱེད་ཆོག་པ་ཞིག་མིན་ནམ་སྙམ།

 

འོན་ཀྱང་འདི་ནི་ང་རང་སྒེར་གྱི་ཚོར་སྣང་ཡིག་ཐོག་ཏུ་འགོད་འདོད་པ་ཙམ་ལས། བླ་མ་དང་དགོན་པ་རྣམས་ཀྱི་གནང་སྟངས་མི་འགྲིག་ཚུལ་ཞུ་བར་ཡང་མི་སྤོབས་ཏེ། བླ་མའི་ཐུགས་དང་འགལ་ན་འདི་ཕྱི་གཉིས་ཀ་ཕུང་ཉེན་ཡོད་ལ། དགོན་པའི་ལུགས་དང་འགལ་ན་ཡང་སྐབས་རེ་དོན་མེད་རྙོག་ཟིང་སློང་བའི་རྒྱུར་གྱུར་པ་མང་། མ་མཐར་ཡང་རང་ངོས་ནས།བླ་མ་དང་སྟོན་པ་སུ་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་དད་གུས་ཆེ་ཞིང་། མར་མི་དྭགས་གསུམ་སོགས་བཀའ་བརྒྱུད་གོང་མ་རྣམས་ལ་བོད་ཀྱི་ལོ་པཎ་དང་མཁས་གྲུབ་སུ་ལས་ཀྱང་དད་གུས་ཆེ་བ་ཞིག་ཡིན་ལ། གཞུང་ཆེན་ཁག་ལ་སློབ་གཉེར་བྱ་དགོས་ན་ས་དགེ་ལྡན་གཉིས་ལ་འགྲན་ཐབས་མི་འདུག་ལ། གསང་སྔགས་རྙིང་མ་ལ་ལོ་རྒྱུས་ཐོག་སྐྱེས་ཆེན་དམ་པ་མང་ལ། ཆོས་སྐོར་ཤིན་ཏུ་ནས་ཕྱུག ལྷག་པར་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཆོ་གའི་རིགས་མང་བ་ལ་ནི་འགྲན་ཟླ་བྲལ་འདུག་ན་ཡང་། སེམས་རྒྱུད་འདུལ་བའི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པའི་དོན་དུ་ཆོས་རྣམ་དག་ཅིག་བསྒྲུབ་དགོས་ན་བཀའ་བརྒྱུད་པའི་ཆོས་འདི་རྣམས་གཞན་ལས་མ་ལྷག་ན་ཡང་མི་དམན་པའི་ངེས་ཤེས་ལྡོག་ཏུ་མེད་པ་ཞིག་སྐྱེས་པས། ད་ཆ་ནོར་ན་ཡང་འདྲ། སུའི་ཐུགས་དགོངས་དང་མ་བབས་ཀྱང་འདྲ། ང་རང་ནི་འདི་ལ་སྤོབས་པ་ཞིག་སྐྱེས་ཟིན་པས་ལྡོག་ཐབས་མི་འདུག

ད་ལྟའི་དུས་སུ་ས་དགེ་བཀའ་རྙིང་སུ་ཡིན་ཀྱང་དར་དགོས་ལ། བརྒྱུད་པ་ཚང་མ་གཉན་འཕྲང་ཅན་ཡིན་པས། ས་སྐྱ་པས་ས་སྐྱ་པའི་ཆོས་ཉམས་སུ་ལེན་དགོས་ལ། དེའི་ལུགས་འཛིན་དགོས། བརྒྱུད་པ་གཞན་ཐམས་ཅད་ལ་ཡང་དེ་དང་མཚུངས།གསང་སྔགས་རྙིང་མ་ཡང་ཅི་ཙམ་དར་ན་ཡང་དེ་ཙམ་ལོས་བཟང་སྟེ། གསང་སྔགས་རྙིང་མ་པ་ཡིན་ན་ནང་པ་སངས་རྒྱས་པ་ཡིན། བོད་བརྒྱུད་ནང་བསྟན་པ་ཡིན། ཧི་མ་ལ་ཡའི་མི་ཕལ་མོ་ཆེ་རྙིང་མ་པ་ཡིན་པ་ལ་དེ་ནི་ཐམས་ཅད་ཀྱིས་རྗེས་སུ་ཡི་རངས་བའི་གནས་ལས་ཕྲག་དོག་པའི་གནས་མིན། ཕྱིས་ཀྱི་བཀའ་བརྒྱུད་པ་རྣམས་ནང་ཁུལ་མི་མཐུན་ཞིང་། རང་ཚུགས་ཆེེར་མེད་པ་དེས་རྙིང་མ་པ་དང་དགེ་ལྡན་པ་ལྟར་རླབས་ཆེན་གྱི་བྱ་བ་བསྒྲུབ་ཐུབ་པའི་ནུས་པ་ཆེར་མ་མཐོང་ཡང་། མི་ལོ་སུམ་བརྒྱ་ཡས་མས་ཀྱི་རིང་དུ་རང་བསྟན་རང་གིས་བདག་ཏུ་རྒྱག་རྒྱུ་མ་བྱུང་བ་ལ། ད་ལྟ་བཀའ་བརྒྱུད་པའི་བསྟན་པ་འདི་ལོ་བཅུ་ཕྲག་ཁ་ཤས་ལས་གནས་མ་ཐུབ་ཀྱང་། ཆོ་ག་ཞིག་ཡིན་ཀྱང་བཀའ་བརྒྱུད་པ་རང་གི་བླ་མ་གོང་མས་མཛད་པ་དང་། གྲུབ་མཐའ་ཞིག་བཤད་ཀྱང་བཀའ་བརྒྱུད་པའི་རང་ལུགས་གཙང་མ་བཤད་རྒྱུ་ཡོད་པ། ཕྱག་སྲོལ་ཞིག་ཡིན་ན་བཀའ་བརྒྱུད་པ་རང་གི་ཕྱག་སྲོལ་གཙང་མ་རེ་མཛད་རྒྱུ་ཡོད་ན་ཅི་འདྲའི་བཟང་བ་ལ་ཨང་སྙམ་པས། ད་རེས་ཁོ་བོའི་ཁ་ནས་སྐད་ཆ་འདི་འདྲ་ཞིག་ཤོར་ན་ཡང་། ཐ་ཤལ་ཁོ་བོ་ལྟ་བུའི་བསམ་ཚུལ་ལ་རིན་ཐང་དང་སྙིང་པོ་གང་ཞིག་ཡོད།སུར་ལམ་དང་ལུགས་སྲོལ་འདིའི་རིགས་འཕོ་འགྱུར་གཏོང་རོགས་ཞེས་ཀྱང་ཞུ་མི་ཕོད། ང་དང་ང་ལྟ་བུ་ཚོར་སྣང་འདི་འདྲ་ཡོད་མཁན་མི་ཉུང་བ་ཡོད་སྲིད་པས། གླེང་སློང་བྱས་པ་ཙམ་ཡིན་ལ། མ་མཐར་ཡང་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཐུགས་ལ་ཕོག་མེད་པའི་རེ་བ་ཡོད་ཅེས་རྩིས་ཆེ་ལེགས་མཐོང་དུ་འབོད་པས་བོད་ཆུ་ཡོས་ལོའི་ལོ་སར་ཚེས་པ་ལྔའི་ཉིན་མོར་སྦྱར་བའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3094