[ནང་དོན་གནད་བསྡུས།]

རྩོམ་ཡིག་འདིའི་ནང་དབུ་མ་ཞེས་པ་མཐའ་དང་ཕྱོགས་ཟུར་ལ་མ་ལྷུང་བར་གོ་བ་དང་ཞང་བོད་རང་གི་ཐ་སྙད་ཡང་དག་ཅིག་ཡིན་པ། དབུ་མ་ལ་གཞི་ལམ་འབྲས་གསུམ་གྱི་དབུ་མ་སོགས་དབྱེ་རིམ་དུ་མ་ལྡན་པས་དབུ་མའི་གཞུང་ལུགས་ཀྱང་ཤིན་ཏུ་ཁྱབ་རྒྱ་ཆེ་ཡང་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གཞི་དབུ་མ་བདེན་གཉིས་ཀྱི་གཞུང་དང་བསྟན་པ་ཕྱི་དར་སྐབས་བྱུང་བའི་དབུ་མ་བདེན་གཉིས་ཀྱི་གཞུང་འགའ་ངོ་སྤྲོད་ཀྱི་ཞོར་དུ་གཞུང་འདི་དག་གི་དགེ་མཚན་རགས་གླེང་བྱས་ཡོད།

 

[བརྡ་ཆད་གཙོ་བོ།]

དབུ་མ། བདེན་པ་གཉིས། གཞུང་ལུགས། འཕེལ་རིམ། གཡུང་དྲུང་བོན།

 

 

ཞང་བོད་མཐོ་སྒང་གི་ཡུལ་གྲུ་འདིར་འགྲོ་བ་མི་འཕེལ་རྒྱས་བྱུང་བ་ནས་བཟུང་སོ་སོས་སྐབས་བབ་ཀྱི་དགོས་མཁོ་དང་མི་རིགས་རང་གི་བློ་གྲོས་རྩལ་དུ་བཏོན་ནས་མི་རིགས་རིག་པའི་ཞང་བོད་ཀྱི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་སོགས་ཤེས་རིག་ཇི་སྙེད་ཅིག་གསར་གཏོད་གནང་ནས་དར་རྒྱས་བྱུང་ཡོད་པ་སྨྲོས་མ་དགོས་ཤིང་། ཁྱད་པར་ཐུན་མིན་རིག་པའི་གནས་ལྔ་དང་བཅུ་སོགས་ཀྱང་ཐོག་མར་མི་དམངས་སྤྱི་ཚོགས་ཀྱི་ཉམས་མྱོང་དང་དཀའ་དཔྱད་བསྡུ་གསོག་བྱས་པ་བརྟེན་ནས་ད་གཟོད་གཞུང་ལུགས་ཀྱི་རྣམ་པར་ཆགས་པ་ལས། དེ་ལས་ལྡོག་སྟེ་རི་ལུང་ཤྭ་འོད་རྒྱས་རྒྱས་དང་སྤང་ལ་ཤ་མོ་རྡོལ་རྡོལ་ལྟར་དུས་ཡུན་ཉི་མ་ཁ་ཤས་དང་ལོ་ཟླ་རེ་འགའི་ནང་གློ་བུར་དུ་འཕེལ་རྒྱས་འབྱུང་ཐུབ་པ་ཞིག་གཏན་ནས་མིན་སྟབས། རང་རེའི་མེས་པོ་རྣམས་ཀྱིས་སྔར་བཀོལ་སྤྱོད་བྱས་མྱོང་བའི་ཤེས་རིག་དང་ད་ལྟ་འུ་ཅག་གིས་སྤྱོད་བཞིན་པའི་ཤེས་རིག  མ་འོངས་བུ་རབས་ཚ་བརྒྱུད་རྣམས་ཀྱིས་ངེས་པར་སྤྱོད་དགོས་པའི་ཤེས་རིག་གང་ཡིན་ཡང་མྱི་ལོ་ཁྲི་སྟོང་དུ་མའི་འགག་འཕྲང་བརྒལ་ཏེ་ལོངས་སྤྱོད་དུ་དགོས་པ་གཟུར་མི་ཐུབ་པའི་གནས་ཀྱི་བདེན་པའི་གཤིས་ཉིད་དུ་སེམས། འདི་ནས་གང་འཆད་འགྱུར་གྱི་དབུ་མའི་གཞུང་ལུགས་སྐོར་ཡང་གནས་ལུགས་འདི་དང་འབྲལ་ཐབས་མེད་པ་ཡིན། སྤྱིར་དབུ་མ་ནི་འཁོར་བ་དང་མྱང་འདས་ཀྱི་བོན་སོགས་ཤེས་བྱ་ཐམས་ཅད་སྤྱི་དྲིལ་བྱེད་ས། སངས་རྒྱས་དང་གཡུང་དྲུང་སེམས་དཔའ་རྣམས་ཀྱི་ཐུགས་དགོངས་པའི་ཡོན་ཏན་དང་མཁྱེན་པའི་མཐུ་རྩལ་ངོམ་ས། བྱིས་པ་སོ་སྐྱེ་དག་གི་བློ་ཡི་སྤྱོད་ཡུལ་དུ་མ་གྱུར་པའི་གནས་ལུགས་ཟབ་མོ་ཞིག་ལགས་ཕྱིར། རང་ལྟ་བུ་རིག་གཞུང་སྤྱི་ལ་རྣམ་དཔྱོད་ཞན་པ་དང་ལྷག་ཏུ་དབུ་མའི་རིག་གཞུང་མཐོང་བ་ཙམ་ལས་དབུ་མའི་ལྟ་སྒོམ་སྤྱོད་གསུམ་ལྟ་རྒྱ་མཐོང་རྒྱ་མེད་པས་དབུ་མའི་གཞུང་ལུགས་ཀྱི་བྱུང་ཁུངས་དང་འཕེལ་རིམ་གླེང་བ་རྣམ་དཔྱོད་མཁས་པའི་གད་མོ་འཆོར་གཞི་ལས་མ་འདས་མོད། དུས་སྙིགས་མའི་འཇའ་ལུས་པ་ཆེན་མོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་(༡༨༥༩-༡༩༣༤)གྱི་གདན་ས་ཤར་རྫའི་བཤད་སྒྲུབ་སློབ་གླིང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་དབུ་མའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་ཞིག་བྱུང་བ་དང་། ཉེ་སྔོན་བོན་གྱི་མཚན་ཉིད་རིག་པ་དང་སྨན་རྩིས་གཏོ་མདོས་ཀྱི་ཐད་ནས་ཆེད་དུ་དཔྱད་རྩོམ་སྤེལ་ཏེ་དར་རིམ་དང་ཁྱད་བོན་སོགས་གླེང་བ་མང་ཙམ་འདུག་ཀྱང་བོན་གྱི་དབུ་མའི་གཞུང་ལུགས་ཀྱི་བྱུང་ཁུངས་དང་དར་རིམ་སྐོར་ནས་ཆེད་གཉེར་རྩོམ་ཞིག་གཏན་ནས་བྱུང་མེད་པའམ་རྒྱལ་ལ་བྱུང་ཡོད་ཀྱང་སྲིད་མཐའ་མ་བཀག་པ་ཙམ་ལས་ཉེ་སྔོན་མཐོང་དཀོན་པའི་གནས་སུ་ལྷུང་སྟེ་སྟོང་ཆར་ལུས་འདུག་པའི་སྣང་བ་སྐྱེས་པ་དང་འདིའི་སྐོར་ནས་ཚིག་འགའ་བཤད་ཐུབ་ཚེ་དོན་སྙིང་ཅུང་ཙམ་འདུག་སྙམ་པས་རྩོམ་འདི་བྲི་རྒྱུར་བསམ་བློ་འཁོར་བ་ཡིན། དེ་ཡང་“ས་བཅད་མ་གཏོང་པ་ཙམ”་ཟེར་བ་ལྟར་བོན་གྱི་དབུ་མའི་གཞུང་གི་བྱུང་རིམ་དང་དབུ་མའི་གཞུང་གང་ཡོད་དཔེ་མཚོན་ནམ་མཚན་གཞིའི་ཚུལ་གྱིས་ཉུང་བསྡུས་ཤིག་གླེང་བར་བྱ།།

དང་པོ། དབུ་མའི་གོ་དོན་དང་དབུ་མའི་གཞུང་ལུགས་ཀྱི་ངོས་འཛིན།

དབུ་མའི་གཞུང་ལུགས་ཀྱི་འཕེལ་རིམ་གླེང་དུས་ཅི་ཞིག་ལ་དབུ་མ་ཟེར་བ་དང་གང་ལ་དབུ་མའི་གཞུང་ཟེར་བའི་གནད་འདི་མ་ཤེས་པར་དབུ་མའི་གཞུང་གི་འཕེལ་རིམ་བཤད་ཐབས་མེད་པས་ཐོག་མར་དབུ་མའི་གོ་དོན་དང་དབུ་མའི་གཞུང་ལུགས་ངོས་འཛིན་གནང་སྟངས་ངེས་པར་གླེང་དགོས་ཤིག་རེད། སྤྱིར་དབུ་མ་ཞེས་པ་ཕྱོགས་དང་མཐའ་ཟུར་མ་ལྷུང་བར་དཀྱིལ་ལམ་དབུས་ལ་གནས་པའི་དོན་ཡིན་པ་«གཏེར་གྱི་ཁ་བྱང་»ལས་“ཁོམས་མཐིང་གི་རྣམ་པར་སྣང་མཛད་ཀྱི་རྒྱབ། བཀོད་མཛོད་དབུ་མ་ན། རྫོགས་ཆེན་ལུང་དྲུག་ཡོད། མན་ངག་འཁོར་བ་དོང་སྤྲུགས་ཡོད། སྦྲུལ་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་བཞི་ལ་ཐོན་ཟེར། དེ་ནས་བཀའ་སྲུང་གཏེར་བདག་མཆོད་ནས། མཛོད་དབུ་མའི་སྒོ་ཕྱེ་ནས་བལྟས”(1)་ཞེས་གསལ་བ་དང་«ཚིག་བཞི་བོན་གྱི་འཁོར་ལོའི་འགྲེལ་བ»་ལས་“སྤྲོས་པའི་མཐའ་རྣམས་ཡོངས་བསལ་ནས། དེ་ཚེ་དབུས་ནི་རྙེད་མིན་ཀྱང་། དབུ་མ་ཞེས་བྱར་ཐ་སྙད་གདགས”(2)་ཞེས་ལུང་ཚིག་འདི་གཉིས་ལས་ཤེས་ཐུབ། ལྷག་ཏུ་ཚིག་འདི་ལས་དབུ་མ་ཞེས་པའི་ཐ་སྙད་འདི་རྒྱ་གར་རིག་གནས་བོད་དུ་ནང་འདྲེན་བྱེད་དུས་གསར་དུ་བྱུང་ཞིང་རྒྱ་གར་རིག་གནས་ཀྱིས་ཤན་ཞུགས་པའི་ཐ་སྙད་དུ་འགྲེལ་བྱེད་པ་རྣམས་ལ་དགག་སྒྲུབ་ནན་མོར་གནང་ཡོད་པ་མ་ཟད་ཞང་བོད་རང་གི་ཐ་སྙད་རྣམ་དག་ཅིག་ཡིན་པ་ཞར་ལ་མངོན་འདུག དབུ་མ་ཞེས་པ་མཐའ་རུ་མ་ལྷུང་བའི་གོ་དོན་གཞི་བཞག་བྱས་ཐོག་དབུ་མ་དང་འབྲེལ་བའི་ནང་གསེས་རིགས་དབྱེ་དུ་མ་ཞིག་ཡོད། དཔེར་ན་དབུ་མ་རང་རྒྱུད་པ་དང་དབུ་མ་ཐལ་འགྱུར་བ་ལྟ་བུ་གང་ཟག་ལ་གོ་བ་དང་། “གཞི་དབུ་མ་བདེན་གཉིས་ཟུང་འཇུག  ལམ་དབུ་མ་ཐབས་ཤེས་ཟུང་འཇུག  འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག”(3)་ཅེས་གཞི་དབུ་མ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་སྟེ་གསལ་སྟོང་གཉིས་སུ་མེད་པའི་གནས་ལུགས་ལྟ་བུ། ལམ་དབུ་མ་བདག་མེད་དང་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆེན་པོ་ལྟ་བུ།  འབྲས་བུ་དབུ་མ་སྣང་བཅས་གཟུགས་སྐུ་དང་སྣང་མེད་བོན་སྐུ་སྟེ་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཞག་པ་ཡིན། དབུ་མ་ཞེས་པ་བོན་བན་གཉིས་ཀར་གྲགས་པའི་ཐ་སྙད་ཅིག་ཡིན་ཡང་བོན་ལ་ཐུན་མིན་གྱིས་དབུ་མའི་མིང་ཚབ་ཏུ་སྤྲོས་མེད་ཅེས་འདི་བཞག་པར་སྣང་ལ་དབུ་མ་པ་ལའང་སྤྲོས་མེད་པའམ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་ཞེས་འབོད། དེ་བཞིན་དབུ་མ་རང་རྒྱུད་པ་ལ་རོལ་བ་སྐྱེ་མཆེད་ལྟར་སྣང་བ་དང་ཐལ་འགྱུར་བ་ལ་མཚན་མ་ཀུན་བྲལ་ཅིར་མི་སྣང་བ་ཞེས་བཏགས་སྲོལ་ཡོད།(4) དབུ་མ་ལ་གཞི་ལམ་འབྲས་གསུམ་གྱི་དབྱེ་རིམ་ཡོད་པས་དབུ་མའི་གཞུང་ལུགས་ལ་ཡང་གཞི་དབུ་མའི་གཞུང་དང་། ལམ་དབུ་མའི་གཞུང་། འབྲས་བུ་དབུ་མའི་གཞུང་ཞེས་རིགས་དབྱེ་བཀར་ཆོག  དེ་ལྟ་ན་ས་ལམ་དང་ཕར་ཕྱིན། སྐུ་གསུམ་གྱི་རྣམ་བཞག་བསྟན་པའི་གཞུང་དག་ཀྱང་དབུ་མའི་གཞུང་དུ་ཁས་ལེན་རུང་བས་དབུ་མའི་གཞུང་ནི་ཤིན་ཏུ་ཁྱབ་རྒྱ་ཡངས་པའི་རིག་གཞུང་ཞིག་ཡིན་པར་ངེས། འདིར་གླེང་བར་བྱ་འགྱུར་གྱི་དབུ་མའི་གཞུང་ནི་ལམ་དང་འབྲས་བུ་དབུ་མའི་གཞུང་ལུགས་སྐོར་མ་ཡིན་པར་གཞི་དབུ་མ་བདེན་གཉིས་ཀྱི་གཞུང་སྟེ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མ་པ་དག་གི་འདོད་དོན་བོན་ཐམས་ཅད་བདེན་སྤྲོས་བྲལ་བསྟན་པ་དང་ལྷག་ཏུ་ཟབ་མོ་དབུ་མའི་ལྟ་བ་མཐར་ཐུག་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དེ་ཁོ་ན་ཉིད་དང་སྟོང་ཉིད་བཅོ་བརྒྱད་སོགས་དབུ་མའི་དོན་དམ་བདེན་པ་གཙོ་བོར་བསྟན་པའི་གཞུང་ཀུན་སྐབས་འདིའི་དབུ་མའི་གཞུང་དུ་འགྲེལ་ནས་དབུ་མའི་གཞུང་ལུགས་ཀྱི་འཕེལ་རིམ་གླེང་རྒྱུ་ཡིན།།

གཉིས་པ། སྟོན་པ་གཤེན་རབ་ཀྱིས་གསུངས་པའི་དབུ་མའི་གཞུང་ལུགས།

བསྐལ་བ་འདིར་མཚོན་ན་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མང་ཆེ་བ་སངས་རྒྱས་སྟོན་པ་གཤེན་རབ་ནས་དབུ་བརྩམས་ཏེ་གླེང་དགོས་པ་ཡིན་ལ། དེ་བཞིན་བོན་གྱི་གྲྭ་ས་གོང་འོག་སོགས་བཤད་སྒྲུབ་སློབ་གླིང་ཁག་གི་ཐོས་བསམ་སློབ་གཉེར་གནང་ཡུལ་དུ་གྱུར་པའི་འཐུས་ཚང་སྟབས་བདེའི་རྣམ་པར་གྲུབ་པའི་གཞི་དབུ་མ་བདེན་གཉིས་ཀྱི་གཞུང་དག་གི་ཕྱི་མོ་ནི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བཀའ་ཚད་མ་རྣམས་ཡིན་པས་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་དབུ་མའི་གཞུང་ལུགས་སྐོར་ངོ་སྤྲོད་གནང་རྒྱུ་ནི་གཟུར་མི་རུང་བ་དང་དོན་གནད་ཀྱི་གླེང་གཞི་ཞིག་ཡིན་པར་འདོད། སངས་རྒྱས་སྟོན་པ་གཤེན་རབ་མི་བོ་མཆོག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ནས་རིགས་དྲུག་གདུལ་བྱ་རྒྱ་མཚོར་དམིགས་ནས་འགྲོ་དོན་བསམ་བརྗོད་ལས་འདས་ཀྱང་གཙོ་བོར་བཀའ་འཁོར་རིམ་པ་གསུམ་བསྐོར་བའི་ཐོག་མར་ཐེག་པ་རིམ་དགུ་ལས་དྲང་སྲོང་ཐེག་པའི་བོན་སྒོ་དང་། བར་པ་སྒོ་བཞི་མཛོད་ལྔ་ལས་འཕལ་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ། ཐ་མ་ཕྱི་ནང་གསང་གསུམ་ལས་ཕྱི་སྤང་ལམ་འདུལ་བ་མདོ་ཡི་བོན་སྒོ་གསུང་པའི་སྐབས་སུ་དབུ་མའི་གཞུང་ལུགས་དུ་མ་ཞིག་གསུངས་ཡོད། དྲང་སྲོང་ཐེག་པ་ལ་འཕན་ཡུལ་མཚན་ཉིད་པ་དང་བཏགས་པ་བ་གཉིས་ཡོད་ཀྱང་“དྲང་སྲོང་དབུ་མ་བདེན་གཉིས་སྨྲ”(5)ཞེས་གསུངས་པ་ལྟར་གཙོ་བོར་འཕན་ཡུལ་བཏགས་པ་བ་སྟེ་དབུ་མའི་ཐེག་པ་ལ་གཞག་དགོས་ཤིང་། སྟོན་པས་དྲང་སྲོང་ཐེག་པ་གཏན་ལ་འབེབ་པའི་སྐབས་སུ་གསུངས་པའི་འཕན་ཡུལ་བཏགས་པ་བའི་ལྟ་བ་གཏན་ལ་ཕབ་པའི་མདོ་ནི་དབུ་མའི་གཞུང་དུ་འདོད་ཆོག བཀའ་འཁོར་བར་པ་སྒོ་བཞི་མཛོད་ལྔ་ལས་འཕེན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོའི་ཁོངས་སུ་གཏོགས་པའི་ཤེར་ཕྱིན་བསྒྲགས་པ་སྐོར་གསུམ་སྟེ་སྟེང་ལྷ་ཡུལ་དུ་བསྒྲགས་པ་རྒྱས་པ་ཉི་ཟེར་གྱེས་པ་ལྟ་བུ། འོག་ཀླུ་ཡུལ་དུ་བསྒྲགས་པ་བསྡུས་པ་ནོར་བུ་ལྟ་བུ། བར་མི་ཡུལ་དུ་བསྒྲགས་པ་ཆུ་བོའི་རྒྱུན་ལྟ་བུ། འདི་ལ་ནང་གསེས་རྒྱས་འབྲིས་བསྡུས་སོགས་ཀྱི་དབྱེ་བ་ཡོད་པ་དཔེར་ན་རྒྱས་པའི་རྒྱས་པ་«བྱེ་མ་ལ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ།» རྒྱས་པའི་བསྡུས་པ་«ཁམས་ཆེན་སྟོང་ཕྲག་བརྒྱ་པ།» འབྲིང་པོའི་རྒྱས་པ«འཕྱོང་འབུམ།» འབྲིང་པོའི་འབྲིང་པོ་«ཁམས་འབྲིང་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ།» འབྲིང་པོའི་བསྡུས་པ་«ཁམས་ཆུང་དུམ་དྲུག་མ།» བསྡུས་པའི་རྒྱས་པ་«རྩ་འབུམ་སྟོང་ཕྲག་བརྒྱད་པ།» བསྡུས་པའི་འབྲིང་པོ་«ཁམས་ཆུང་དུམ་བུ་གཉིས་པ།» བསྡུས་པའི་བསྡུས་པ་«ཁམས་རྩ་རྣམ་པར་ངེས་པ།» བསྡུས་དོན་ཚིགས་སུ་བཅད་པ་«ཁམས་སྡུད་ཚིགས་བཅད་མ»(6)་ཀུན་པོ་སྤྱིར་དབུ་མའི་གཞུང་ཡིན་པ་ཐེ་ཚོམ་མི་དགོས་ཀྱང་གཞི་དབུ་མའི་གཞུང་ཡིན་པ་ཡང་འབུམ་སྡེ་འདི་དག་གི་བསྟན་བྱ་ནི་སྟོང་ཉིད་བཅོ་བརྒྱད་དང་གཡུང་དྲུང་གི་དབྱིངས་དགུ་སོགས་བདེན་པ་གཉིས་ལས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དོན་དམ་བདེན་པ་གཙོ་བོར་བསྟན་ཡོད་པ་དང་། ཕྱིས་འབྱུང་དབུ་མ་བདེན་གཉིས་ཀྱི་གཞུང་རྣམས་ཀྱིས་རྒྱབ་རྟེན་གཙོ་བོར་ཁམས་ཆེན་སོགས་ལ་གཞི་བཅོལ་གནང་བས་ཀྱང་ཤེས་ཐུབ། ད་དུང་ཡུམ་མདོ། ཐིག་ལེའི་མདོ་དང་བྱམས་མ་འབུམ་ལྔ་ལས་ཡེ་གཤེན་བཀོད་པ་དོན་འབུམ་ཡང་དབུ་མའི་གཞུང་ཡིན། བཀའ་འཁོར་ཐ་མ་ཕྱི་ནང་གསང་གསུམ་ལས་ཕྱི་འདུལ་བ་མདོ་ལས་བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་སྟོན་པའི་མདོ་དེ་དབུ་མའི་གཞུང་དངོས་ཡིན་པ་«ཕར་ཕྱིན་སྐབས་དང་པོའི་རྣམ་བཤད»་དུ་“བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་སྟོན་པའི་མདོ་དེ་དབུ་མ་པ་ལ་ངེས་དོན་དང་”(7)ཞེས་གསལ་བས་ཤེས་ཐུབ། མདོ་འདི་ལ་དཔྱད་པའི་སྒོ་འདི་ལྟར་ཏེ་གཏེར་གྱི་ཁ་བྱང་དང་བཀའ་བརྟེན་འགྱུར་གྱི་ཆག་དཀར་གང་གི་ནང་དུའང་བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་སྟོན་པའི་མདོ་ཞེས་པའི་དབུ་མཚན་ཅན་ཞིག་མ་གསལ་བར་བལྟས་ན་མདོ་འདི་གཞུང་གི་བརྗོད་བྱ་དང་འབྲེལ་བའི་མཚན་བཏགས་པ་ལས་དཀའ་ཡི་དབུ་དུམ་གྱི་མཚན་ཞིག་མིན་པ་ཤེས་ཐུབ། དེ་བས་མདོ་འདི་ངོས་འཛིན་པའི་ཚེ་ན་བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་སྟོན་པའི་མདོ་ཚན་གང་ཡིན་འཇོག་རུང་བས་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས་སྐབས་ལྔ་བ་དང་ཐེག་འགྲེལ་འཕྲུལ་གྱི་མེ་ལོང་དགུ་སྐོར་ལས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པའི་འགྲེལ་བའང་སངས་རྒྱས་ཀྱི་བཀའ་དང་གཤེན་རབ་ཉིད་ཀྱིས་གསུངས་བའི་དབུ་མའི་གཞུང་ཡིན། སྟོན་པས་གསུངས་པའི་དབུ་མའི་གཞུང་ལུགས་འདི་ཀུན་སྟོན་པའི་བཀའ་བསྡུ་བཅུ་གསུམ་ལས་གསང་བ་མདོ་སྡུད་དང་རྨ་ལོ་གཙུག་ཕུད། ཚངས་པ་གཙུག་ཕུད་གསུམ་གྱིས་བཀའ་བསྡུ་མཛད་དེ་མདོ་འབུམ་རྒྱུད་མཛོད་བཞི་ལས་མདོ་སྡེ་དང་འབུམ་སྡེའི་ཁོངས་སུ་བསྡུས་ཡོད། སྤུ་རྒྱལ་བཙན་པོའི་རྒྱལ་རབས་དབུ་མ་བརྙེས་པའི་དུས་ནས་བཟུང་བོད་ཀྱི་ཡུལ་དུ་རྒྱུ་འབྲས་ཀྱི་བོན་སྒོ་དར་ཡོད་པ་བསྙོན་དུ་མེད་ཅིང་ལྷག་པར་དུ་བོད་རྒྱལ་གཉའ་ཁྲི་ཡབ་སྲས་ཀྱི་དུས་སྐབས་བོད་ཡུལ་རུ་བཞིར་འབྲས་བུ་མདོ་སྔགས་དང་བཅས་པའི་བོན་སྒོ་བསམ་ལས་འདས་པ་ཞིག་དར་བའི་ཁྲོད་དུ་མདོ་དབུ་མའི་གཞུང་ལུགས་ཀྱང་ཚུད་ཡོད། བོད་རྒྱལ་བརྒྱད་པ་ཁྲི་གུང་བཙན་པོས་གཡུང་དྲུང་གི་བོན་བསྣུབས་པས་དབུ་མའི་གཞུང་དག་ཀྱང་བོད་དུ་མ་ཚུགས་པར་ཡུལ་གཞན་དུ་སྤྱུགས་པ་དང་ས་འོག་དང་བྲག་གསེང་གཏེར་དུ་གཟིམ་དགོས་བྱུང་ཡང་སྤུ་ལྡེ་གུང་རྒྱལ་གྱིས་ཡང་བསྐྱར་གཡུང་དྲུང་བོན་དར་དུ་བཅུག་པ་དང་ལྷག་པར་ཁོང་གི་བཀས་བཀོད་འོག་བོན་གཞུང་གང་མང་ཞིག་ཞང་ཞུང་ནས་གདན་འདྲེན་ཞུས་པས་དབུ་མའི་བོན་སྒོ་ཡང་བོད་དུ་དར་བའི་ཆ་རྐྱེན་ཚང་། དེ་ནས་ས་ལ་ལེགས་དྲུག་དང་ཆུ་ལ་ལྡེ་བརྒྱད། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི། བར་གྱི་བཙན་ལྔའི་རིང་དུ་བར་གྱི་གདུང་རྒྱུད་བཅུ་གསུམ་གྱི་བོན་སྒོ་བཅུ་གསུམ་དང་ངོ་མཚར་བཀའ་བཞིའི་བོན་དག་དར་རྒྱུན་མ་ཆད་པར་བྱུང་བས་དབུ་མའི་གཞུང་ལུགས་ཀྱང་བླ་ལྷག་གིས་དར་ཡོད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་བོད་རྒྱལ་ཕྱི་མ་རྣམས་ཀྱི་དུས་སྐབས་རྒྱ་གར་ཐུབ་པའི་ཆུས་ལུགས་བོད་ལ་ཤུགས་ཆེར་དར་བ་དང་ཡུལ་དུས་སོགས་རྐྱེན་དབང་སྣ་ཚོགས་ལས་ཕྱག་རྫོགས་དབུ་གསུམ་གྱི་བོན་སྒོ་འགའ་ཤས་ཤིག་མཇལ་སྐལ་མེད་པར་གཏན་མེད་དུ་སོང་བ་སྲིད་ཀྱང་ཞང་བོད་རང་གི་ཤེས་རིག་ལ་དད་མོས་ཟབ་པའི་མཁས་གྲུབ་དམངས་་ཚོགས་དང་། གཤེན་གྱེར་རྨ་དབྱིལ་སོགས་བོན་གྱི་གཏེར་བཏོན་པ་དང་རྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་སོགས་ཞང་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་ལས་མང་ཆེ་བ་ཞིག་ད་ལྟ་དཔེ་རྒྱུན་མཐོང་རྒྱུ་ཡོད། སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་དབུ་མའི་གཞུང་ལུགས་འདི་ཀུན་ཞང་བོད་རང་ས་ནས་བྱུང་ཞིང་ལོ་རྒྱུས་ཡུན་རིང་བ་དང་དབུ་མའི་ལྟ་སྒོམ་སྤྱོད་འབྲས་བརྗོད་བར་བཟུང་བ་ཤ་སྟག་ཡིན་པས་དབུ་མའི་ལྟ་གྲུབ་དང་གཞུང་ལུགས་ལ་ཞིབ་དཔྱད་གནང་ཚེ་འདི་དག་ལ་ངེས་པར་གཟིགས་རྒྱུ་ནི་དཔྱད་འབྲས་འཐུས་སྒོ་ཚང་བའི་ཆ་རྐྱེན་གཙོ་བོ་ཞིག་ཡིན།།

གསུམ་པ། བསྟན་པ་ཕྱི་དར་སྐབས་བྱུང་བའི་དབུ་མའི་གཞུང་ལུགས།

གཞི་དབུ་མ་བདེན་གཉིས་ཀྱི་སྐོར་ཐོ་རེ་ལོང་ངེ་ཙམ་ནི་ཕྱིས་འབྱུང་གི་བཀའ་བརྟེན་རྣམས་སུ་གསལ་ས་ཤིན་ཏུ་མང་ཡང་བསྟན་པ་ཕྱི་དར་སྐབས་སུ་བྱུང་བའི་བོན་གྱི་དབུ་མའི་གཞུང་ལས་ཡོངས་གྲགས་སུ་འཐུས་ཚང་བ་ཞིག་ནི་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་དབུ་མའི་གཞུང་དག་ལ་ངོས་འཛིན་བྱེད་ཀྱང་། གཉེན་འཐིང་ཤེས་རབ་རྡོ་རྗེས(1069)་ལོར་གཙང་འཕྲང་ནུ་མའི་བྲག་ནས་གཏེར་བཏོན་པའི་བོན་གཏེར་ཤེལ་བྲག་མའི་ཐེམ་བྱང་ལ་བརྟག་ན་ཁོང་གིས་བོན་སྡེ་ཆེན་མོ་བཅུ་གཉིས་གཏེར་ནས་བཏོན་པའི་མཚན་ཉིད་ཤེས་བྱ་བྱང་ཁོག་ལྟ་བུའི་སྡེ་དང་ཤེས་རབ་དག་པའི་འབུམ་སྡེ་ལས་སྟོན་པའི་བཀའ་རུ་གྱུར་པའི་དབུ་མའི་གཞུང་ལུགས་དུ་མ་ཞིག་ལྡན་པ་མ་ཟད་གཞལ་བྱ་དག་པ་རིག་པའི་སྡེ་ལ་«དབུ་མ་བདེན་གཉིས་རྩ་འགྲེལ»་དང་བཅས་པ་བྱུང་བར་གསུངས་ཡོད།(8) འདིའི་དབུ་མ་བདེན་གཉིས་རང་འགྲེལ་དང་བཅས་པ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པ་མིན་པ་བསྟན་པའི་གནས་བབ་དང་ཁོང་གཉིས་ཀྱི་ལོ་ཚིགས་ལ་བརྟགས་པས་ཀྱང་ཤེས་ཐུབ། འོན་ཡང་གཉན་འཐིང་གི་བོན་གཏེར་དག་དར་ཁྱབ་ཆེར་བྱུང་མ་ཐུབ་པའི་ལྐུགས་པའི་བོན་དང་ཁོང་གིས་བོན་སྡེ་དུ་མ་ཞིག་ཆོས་སུ་བཅོས་སྒྱུར་བྱས་པ་(9)སོགས་ལོ་རྒྱུས་ཀྱི་དོན་རྐྱེན་སྣ་ཚོགས་ལ་བརྟེན་ནས་གཞུང་འདི་གཉིས་ད་སྐབས་མཇལ་ཡུལ་དུ་མ་གྱུར། ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་ལམ་རིམ་གསལ་བར་བྱེད་པའི་བཀའ་བརྟེན་མཚུངས་བྲལ་བསྟན་པའི་གསལ་བྱེད་ཆེན་མོ་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་(༡༠༥༨-༡༡༣༢)གྱིས་མཛད་པའི་«ཐེག་པ་ཆོན་པོ་དབུ་མ་བདེན་གཉིས་གཞུང་»འདི་ཚིགས་བཅད་ཀྱི་ལམ་ནས་བརྩམས་པ་དང་གཤེན་གྱི་སྡོམ་ཚིག་གམ་ཤོ་ལོ་ཀ་དྲུག་ཅུ་ཡོད་པས་གཞུང་འདི་ལ་སྟོང་ཉིད་དྲུག་ཅུ་པ་དང་རིགས་པ་དྲུག་ཅུ་པ་ཞེས་ཀྱང་འབོད་སྲོལ་ཡོད། ད་དུང་མེ་སྟོན་ཤེས་རབ་འོད་ཟེར་གྱིས་གཞུང་འདི་ལ་«ཐེག་པ་ཆེན་པོ་དབུ་མའི་རང་འགྲེལ་གསལ་བྱེད་སྒྲོན་མ་ལེགས་པར་བཤད་པ»་ཞེས་རང་འགྲེལ་དང་བཅས་པ་མཛད་པས་དབུ་མ་བདེན་གཉིས་ཀྱི་རྩ་འགྲེལ་འདི་གཉིས་བོན་བསྟན་ཕྱི་དར་དུས་སྐབས་དང་དེང་སང་བོན་གྱི་བཤད་སྒྲུབ་འདུས་སྡེ་ཁག་ཏུ་དར་གྲགས་ཆེ་བའི་དབུ་མའི་གཞུང་ཁོངས་སུ་གཏོགས། ད་དུང་མེ་སྟོན་གྱིས་«ཚིག་བཞི་བོན་གྱི་འཁོར་ལོའི་འགྲེལ་བ»་དང་«ཐེག་པ་ཆེན་པོ་ཡུམ་མདོའི་འགྲེལ་བ»་བརྩམས་ཡོད་ཅིང་དཔེ་ཆའི་མཚན་བྱང་ལ་དབུ་མ་ཞེས་མ་བཀོད་པ་ཙམ་མ་གཏོགས་གཞུང་གི་བརྗོད་བྱར་བརྟགས་ན་འདི་གཉིས་ཀྱང་དབུ་མའི་གཞུང་དུ་འདོད་ཀྱང་མི་འཚམས་པ་གང་ཡང་མེད། སྔ་དར་གཡུང་དྲུང་བོན་གྱི་བསྟན་པའི་རྒྱུད་འཛིན་དང་མཁས་གྲུབ་མཆོག་གྱུར་གཡས་རུ་སྟོན་པ་བཅོ་བརྒྱད་ལས་བདུན་པ་འ་ཞ་འགྲོ་མགོན་བདུད་རྩི་རྒྱལ་མཚན་(༡༡༥༦-༡༢༡༠)གྱིས་མཛད་པའི་«དབུ་མའི་འགྲེལ་བ»་དང་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་(༡༣༤༤-༡༤༠༧)ཀྱིས་མཛད་པའི་«དབུ་མ་བདེན་གཉིས་ཀྱི་འགྲེལ་བ»་ཞེས་གཞུང་གཉིས་ཡོད་ཚུལ་མཁན་ཆེན་ཉི་མ་བསྟན་འཛིན་གྱི་«བཀའ་བརྟེན་འགྱུར་དཀར་ཆག»་ཏུ་གསུངས་ཡོད(10)་ལ་དེ་བཞིན་བདེ་གླིང་བའི་བཀའ་བརྟེན་འགྱུར་གྱི་དཀར་ཆག་ཏུ་ཡང་གསལ་ཡོད། གཞུང་འདི་གཉིས་ཀྱི་རེ་ཞིག་འགྲོ་དོན་རྫོགས་ཏེ་མི་རྟག་པའི་རང་གཤིས་སུ་ཐིམ་སོང་བ་དང་ཡང་ན་རྡུལ་ཁྲོད་མི་མངོན་ཚུལ་དུ་ཡིབ་བསྡད་ཡོད་པ་གང་ཡིན་ཆ་མ་འཚལ་ཡང་ད་སྐབས་མཐོང་ཡུལ་དུ་གྱུར་པའི་གནས་ཚུལ་བྱུང་མེད། དུས་རབས་བཅུ་བཞི་ཡར་མར་དུ་རྨེའུ་སྨྲ་སེང་བཅུ་གསུམ་ལས་རྨེའུ་རྒྱལ་མཚན་མཆོག་ལེགས་ཀྱིས་མེ་སྟོན་དབུ་མའི་རྩ་འགྲེལ་ལ་འགྲེལ་ཆེན་དུ་བཏབས་པ་«ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་རབ་ཏུ་གསལ་བར་བྱེད་པའི་རྣམ་བཤད་སྐལ་ལྡན་རྗེས་འཛིན»་ཞེས་བྱ་བའི་གཞུང་དང་། འཛམ་གླིང་མཁས་པའི་གཙུག་རྒྱན་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་(༡༣༥༦-༡༤༡༥)གྱིས་མཛད་པའི་«ཐེག་པ་ཆེན་པོ་དབུ་མ་བདེན་གཉིས་ཀྱི་འགྲེལ་བ།»  བཙུན་པ་ཤེས་རབ་བློ་གྲོས་ཀྱིས་མཛད་པའི་«དབུ་མ་བདེན་གཉིས་འགྲེལ་བ»་ཞིག་ཡོད་ཚུལ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་དཔེ་རྩིས་ནང་དུ་གསལ་(11)ཡང་དབུ་མའི་གཞུང་འགྲེལ་འདིའི་མཛད་པོ་བཙུན་པ་ཤེས་རབ་བློ་གྲོས་ཞེས་པ་འདི་ཉིད་«འདུལ་བའི་བརྒྱུད་ཕྱག»་ཏུ་གསལ་བའི་བསྟན་པའི་བརྒྱུད་འཛིན་དྲུག་ལས་“མཁས་བཙུན་དོན་ལྡན་ཤེས་རབ་བློ་གྲོས”་དང་སྨན་རིའི་མཁན་རབས་བཅུ་གཉིས་པ་ཤེས་རབ་བློ་གྲོས་གཉིས་གང་རུང་དང་དེ་ལས་གཞན་ཞིག་ཡིན་མིན་གནས་སྐབས་མི་ཤེས་ཀྱང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་གཞུང་འདི་མཇལ་མྱོང་བས་མ་ཚད་ཁོང་གིས་«ལུང་རིག་མཛོད»་ལས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་གྲུབ་མཐའ་འཆད་སྐབས་སུ་“«བདེན་གཉིས»་ལས། སྤྲོས་པའི་མཐའ་རྣམས་ཡོངས་བྲལ་བ། དེ་ཚེ་དབུས་ནི་རྙེད་མིན་ཀྱང་། དབུ་མ་ཞེས་བྱའི་ཐ་སྙད་གདགས”(12)་ཞེས་པའི་ལུང་ཚིག་ཅིག་དྲངས་འདུག་པ་བཙུན་པ་ཤེས་རབ་བློ་གྲོས་ཀྱི་དབུ་མ་བདེན་གཉིས་ཀྱི་གཞུང་ལས་དྲངས་པ་ཡིན་པའི་ངེས་པའང་ཆེ། སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན(༡༨༩༧-༡༩༥༧)་གྱིས་མཛད་པའི་«དབུ་མའི་ལྟ་ཁྲིད་བསྡུས་པ།» སྐྱང་སྤྲུལ་སྐལ་བཟང་ལུང་རྟོགས་རྒྱ་མཚོ་(༡༩༢༢-༡༩༥༧)ཡིས་མཛད་པའི་«དབུ་མའི་ཚིག་མཛོད་རིན་ཆེན་ཕྲེང་བ།» སྨན་རིའི་དཔོན་སློབ་སངས་རྒྱས་བསྟན་འཛིན་(༡༩༡༢-)གྱིས་མཛད་པའི་«དབུ་མའི་ཟིན་བྲིས།» སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི་«ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ཟིན་བྲིས།» «ཐེག་པ་ཆེན་པོ་ཡུམ་གྱི་དོན་གསལ་བྱེད་སྣང་བ་གསར་བ།» «དཀའ་ཐུབ་ཀྱི་རྣམ་བཤད་རྒྱལ་བསྟན་གསལ་བྱེད།» དགེ་བཤེས་ཤེས་རབ་གྲགས་པ་མཆོག་གིས་མཛད་པའི་«སེམས་དཔའ་སྤྲོས་མེད་པའི་སྐོར་གྱི་ཟིན་ཐོ་བློ་གསལ་དགྱེས་པའི་ལེགས་བཤད»་དང་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པའི་འགྲེལ་བར་གཏོགས་པའི་སྡེ་ཚན་ཆེ་འབྲིང་ཆུང་གསུམ་ཤིན་ཏུ་མང་བར་བཞུགས་ཡོད། བསྟན་པ་ཕྱི་དར་སྐབས་བྱུང་པའི་དབུ་མའི་གཞུང་འདི་དག་གི་རྒྱབ་རྟེན་ལུང་གི་ཚད་མ་ཡང་བོད་སྟོན་སངས་རྒྱས་གཤེན་རབ་མི་བོ་ཆེས་གསུངས་པའི་བཀའ་མདོ་འབུམ་རྒྱུད་མཛོད་གཙོ་བོར་བྱས་ཐོག་དུས་རབས་རིམ་པའི་ཁྲོད་དུ་བྱུང་བའི་ཞང་བོད་མཁས་གྲུབ་རྣམས་ཀྱི་བསྟན་པའི་གསལ་བྱེད་དུ་གྱུར་པའི་བཀའ་བརྟེན་རྣམས་དང་གཞུང་གི་བྱེད་པ་པོ་སོ་སོའི་རིག་པ་ཚད་མས་ཞིབ་དཔྱད་ལེགས་པར་གནང་བ་ལས་འཁྲུངས་པ་ཤ་སྟག་ངེས་པས་གཞུང་འདི་དག་ལ་མི་རིགས་དང་གྲུབ་མཐའ་གཞན་པའི་གཞུང་ལུགས་དང་བསྡུར་ན་ལུང་གི་རྒྱབ་རྟེན་དང་། ནང་གི་དགོངས་དོན། ཚིག་གི་སྡེབ་སྦྱོར་སོགས་གང་གི་ཆ་ནས་ཀྱང་གཞན་དང་མི་མཚུངས་པའི་ཁྱད་བོན་དུ་མ་ཞིག་ལྡན་ཡོད།།

མཇུག་སྡོམ།

 

དབུ་མ་ཞེས་པ་འཇུག་ཡུལ་རྒྱ་ཆེ་བ་དང་གོ་དོན་གཏིང་ཟབ་པའི་ཐ་སྙད་ཅིག་ཡིན་པ་དང་འདི་ལ་རང་བཞིན་དང་བྱེད་ལས་སོགས་དབྱེ་རིམ་དུ་བ་ཞིག་བཀར་རྒྱུ་ཡོད་པ་གོང་ནས་ཞུས་པའི་གཞི་ལམ་འབྲས་གསུམ་གྱི་དབུ་མ་ལྟ་བུས་མཚོན། དེ་བཞིན་དབུ་མའི་གཞུང་ལུགས་ཀྱང་ཤིན་ཏུ་རྒྱ་ཆེ་བར་འཇུག་ཡོད་ཀྱང་ད་ལན་གཞི་དབུ་མ་བདེན་གཉིས་སྐོར་ལས་ལམ་དབུ་མ་དང་འབྲས་དབུ་མའི་གཞུང་ལུགས་སྐོར་ངོ་སྤྲོད་ཞུ་ཐུབ་མེད། རྩོམ་འདིར་དྲངས་པའི་དབུ་མའི་རིག་གཞུང་དག་ནི་བོན་གྱི་གཞི་དབུ་མའི་གཞུང་ལུགས་ཀྱི་དཔེ་མཚོན་ནམ་མཚན་གཞི་ཙམ་ཡིན་པས་ད་དུང་འདིར་མ་བཤད་པའི་བོན་གྱི་དབུ་མ་བདེན་གཉིས་ཀྱི་རིག་གཞུང་དུ་མ་ཞིག་ཡོད་ཀྱང་དཔེ་ཀློག་གི་ཆུ་ཚད་ཞན་པ་དང་ཡུལ་དུས་སོགས་རྐྱེན་དབང་སྣ་ཚོགས་ལ་བརྟེན་ནས་ཞུ་ཐབས་བྲལ། འོན་ཡང་རྗེས་ནས་དཔྱད་ཡིག་གསར་བ་དང་ནང་དོན་གོལ་འཛོལ་ཐེབས་འདུག་པའི་ཆ་མཐོང་ཚེ་ཡང་བསྐྱར་ཁ་བསྐོང་ཞུ་ཨེ་ཐུབ་ལ་འབད་རྒྱུ་ཡིན།།

 


 

(1) སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། «གཏེར་གྱི་ཁ་བྱང་།» [M] དེབ་གཟུགས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། 2018ལོ། «བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།» པོད་ལྔ་པ། ཤ327

(2) མེ་སྟོན་ཤེས་རབ་འོད་ཟེར། «ཚིག་བཞི་བོན་གྱི་འཁོར་ལོའིའགྲེལ་བ།» [M] དེབ་གཟུགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012ལོ། མེ་སྟོན་ཆེན་པོའི་བཀའ་བརྟེན་སྡེ་ལྔ། སྨད་ཆ། ཤ200

(3)རྨེའུ་རྒྱལ་མཚན་མཆོག་ལེགས། «ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་བཤད་སྐལ་ལྡན་རྗེས་འཛིན།» [M] དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། 2010ལོ། གངས་ཏི་སེའི་བོན་གཞུང་རིག་མཛོད། དེབ་བརྒྱད་པ། ཤ342

(4) མཁན་ཆེན་ཉི་མ་བསྟན་འཛིན། «ཐུན་མོང་བསྡུས་གྲྭའི་རྣམ་བཞག» [M] དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། 2010ལོ།  གངས་ཏི་སེའི་བོན་གཞུང་རིག་མཛོད། དེབ་བརྒྱད་པ། ཤ44

(5) འགྲོ་མགོན་བློ་གྲོས་རྒྱལ་མཚན། «གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན།» [M] དེབ་གཟུགས། རྫ་ཁྲོ་ཚངས་དགོན་ནང་བསྟན་ལྔ་རིག་སློབ་གླིང་། 2016ལོ། ཤ34

(6) མཁན་ཆེན་ཉི་མ་བསྟན་འཛིན། «བཀའ་འགྱུར་བསྟན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ།» [M] དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། «ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།» སྟོད་ཆ། ཤ1067

(7)  མཁན་ཆེན་ཉི་མ་བསྟན་འཛིན། «ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་བཀའ་གནད་རབ་གསལ།» [M] དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། 2010ལོ། གངས་ཏི་སེའི་བོན་གཞུང་རིག་མཛོད། དེབ་བཅུ་གཅིག་པ། ཤ11

(8) ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལེགས་བཤད་མཛོད།» [M] དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ280

(9) ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལེགས་བཤད་མཛོད།» [M] དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤ281

(10) མཁན་ཆེན་ཉི་མ་བསྟན་འཛིན། «བཀའ་འགྱུར་བསྟན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ།» [M] དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། «ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།» སྟོད་ཆ། ཤ1076

(11) ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ཤར་རྫ་རི་ཁྲོད་དུ་བཞུགས་པའི་བཀའ་བརྟེན་སྐོར་གྱི་ཟིན་ཐོ།» [J] 2018ལོའི་རྒྱང་མིག་ལོ་དེབ། ཤ60

(12) ཤར་རྫ་བཀྲ་ཤིས་རྒྱལ་མཚན། «ལུང་རིགས་རིན་པོ་ཆེའི་མཛོད།» [M] དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤ221

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3057