སྤྱི་ཚོགས་ཤིག་ལ་མཚོན་ན། གསའ་གསིང་གད་གུད་ཐམས་ཅད་ནས་རྒྱལ་ཁབ་དང་མི་རིགས་ཡང་ན་ཚོགས་སྤྱིའི་ཁེ་ཕན་དང་མདུན་ལམ་ཁོ་ན་ལས་མི་བུ་སྒེར་གྱི་འཚོ་བ་དང་སྐྱིད་སྡུག་ཡང་ན་ཐོབ་ཐང་གང་ཡང་གླེང་གཞིའི་ཡུལ་དུ་མ་གྱུར་བ་ནི་བཀྲ་མི་ཤིས་པ་ཀུན་གྱི་རྩ་བ་དང་ཉེས་རྒུའི་འབྱུང་ཁུངས་ཡིན།
ང་ཚོ་འཚོ་ཞིང་གནས་པའི་འཁོར་ཡུག་ནི་ཆེན་པོའི་འཁོར་ཡུག་ཡིན། ཅི་ལ་ཆེན་པོ་ཞེས་བརྗོད་དགོས་པ་རེད་ཅེ་ན། མི་བུ་སྒེར་དང་འབྲེལ་བའི་གླེང་གཞི་གང་ཡང་ཁ་ལ་བླངས་ཚེ་ངོ་ཚ་བ་དང་ཚོགས་སྤྱིའི་བྱ་བ་ལ་མི་ཚང་མ་འུར་གྱིས་འཇུག་པས་སོ། དོན་དུ་གྲུབ་ཆ་དང་ཡ་བྲལ་བའི་ཚོགས་སྤྱིའི་བྱ་བ་ལ་སྤྲོ་བས་འཇུག་པ་ནི་སྒེར་གྱི་བདེ་སྡུག་རང་ངོས་ནས་དོ་ཁུར་མི་ཐུབ་པའི་གནས་བབ་ལས་བྱུང་བའི་འུ་ཐུག་གི་སྣང་ཚུལ་ཞིག་ཡིན། དེ་ཡང་གནའ་བོའི་གྷི་རི་སིའི་སྤྱི་དམངས་ཚོགས་ཆེན་ལྟ་བུར་མཚོན་ན། སྤྱི་ཐུན་གྱི་བྱ་བཞག་ལ་ཁོ་ཚོ་ཧ་ཅང་གི་རང་དབང་ཅན་ཡིན་ནའང་སྒེར་གྱི་ཐོབ་ཐང་གི་ཐད་ནས་དབུལ་བོ་དབུལ་རྐྱང་ཡིན། དེ་ལྟར་མོད་ཁོ་ཚོ་ནི་མི་རང་དབང་ཅན་ཡིན། གནའ་བོའི་རང་དབང་གི་ཡང་སྙིང་ནི་སྤྱི་དམངས་ཀྱི་ཐོབ་ཐང་ཡོད་མེད་ལ་ཐུག་ཡོད་དོ། དེ་ལྟར། ང་ཚོ་དེང་རབས་པའི་སྤྱི་དམངས་ཀྱི་ཐོབ་ཐང་ནི་འདེམ་བསྐོ་བརྒྱུད་དེ་ཕྱིར་མངོན་པ་མ་གཏོགས་ཐབས་གཞན་མེད། དེང་རབས་པས་གཙུག་ཆེན་དུ་འཛིན་འོས་པ་ནི་མི་སྒེར་གྱི་ཐོབ་ཐང་སྟེ་རང་ཁོ་ན་ལ་དབང་བའི་འཇིག་རྟེན་ཆུང་ཆུང་དེའོ།
མི་ནི་ནམ་ཡང་རང་གཅེས་གཙོ་བོར་འཛིན་པའི་སྲོག་ལྡན་ཞིག་ཡིན། ཆོས་ལུགས་དང་སྒྱུ་རྩལ་ལ་སོགས་པའི་ལྟ་གྲུབ་དང་རིང་ལུགས་སོགས་ཀྱི་ཤན་མ་ཐེབས་པའི་ངང་ནས་བཤད་ན། མི་ནི་རང་དོན་ཁོ་ན་གཉེར་བའི་སྲོག་ཆགས་ཤིག་ཡིན། མིས་ཐག་གཅོད་དགོས་པ་དང་པོ་ནི་རང་གི་འཚོ་རྟེན་དང་རང་གི་བདེ་སྡུག་སོགས་མིའི་གཞི་རྩའི་དགོས་མཁོ་དག་ཡིན། དེ་དག་བསྐངས་རྗེས་བྱ་བ་གཞན་དང་གཞན་ལ་མི་རྣམས་ད་གཟོད་འབད་པས་འཇུག་པ་ནི་ཆོས་ཉིད་ཡིན།
མཚམས་འདི་ནས་བདེན་རྫུན་ཤན་མ་ཕྱེས་པའི་གཏམ་རྒྱུད་ཅིག་གླེང་ན་སྐབས་དོན་དང་ཤིན་ཏུ་འཚམ་སྙམ། བརྒྱ་ལོ་བཅུ་དགུ་བའི་སྐབས་སུ་འཇར་མན་གྱི་རྒྱལ་པོ་བེའུ་ལེན་སྐྱེ་ཕྲེང་དང་པོས威廉一世་པའོ་ཟི་ཏན་ཟེར་བའི་གྲོང་ཁྱེར་ནས་མྱ་ངན་མེད་པའི་ཕོ་བྲང་ཟེར་བ་ཞིག་བཞེངས་འདོད་ཀྱི་འཆར་བཀོད་བྱས། ཕོ་བྲང་མཛེས་ཤིང་བརྗིད་ལ་ལྟ་ན་སྡུག་པ་དེའི་ཁོ་ར་ཁོར་ཡུག་གི་བཀོད་པས་ཡིད་སེམས་དབང་མེད་དུ་དྲངས་འགྲོ་ནའང་འགྲམ་གྱི་འཆུག་ཁང་རྙིང་རལ་གྱིས་དེའི་མཛེས་པ་ཡོངས་སུ་བསྒྲིབ་འགྲོ
དུས་དེ་ཙ་ན། རྒྱལ་པོའི་སེམས་སུ་འཆུག་ཁང་དེ་རིན་གྱིས་བླུ་བར་འདོད་ནས་འཆུག་ཁང་གི་བདག་པོར། ཁང་པ་འདིའི་རིན་གོང་ག་ཚོད་ཡིན་པ་ཁྱོད་རང་གིས་བསམ་བསམ་དུ་གོང་བཅད་ནས་ང་ལ་བཙོང་ན་ཆོག་གམ་ཞེས་སྨྲས་པ་ལ་བདག་པོས། བདག་གི་གཞིས་ཁྱིམ་འདིའི་རིན་ཐང་གཞལ་བས་མི་ལོང་ཞེས་ལན་དུ་བཏབ།
རྒྱལ་པོ་ཐུགས་ཁྲོས་ཏེ་འཆུག་ཁང་བཤིག་པའི་བཀའ་ཕབ་ཀྱང་ཁོས་ཅི་མི་སྙམ་པར། ཁྱོད་རྒྱལ་པོ་ཡིན་པས་ཅི་བསམ་གང་འདོད་བྱེད་ནའང་། ང་ཚོ་ལ་ད་དུང་ཁྲིམས་ལུགས་ཡོད་པས་རྒྱུ་འབྲས་མི་དྲང་བའི་བྱ་བ་འདི་ཁྲིམས་ཁང་ལ་གཏུགས་བཤེར་བྱེད་རྒྱུ་ཡིན་ཞེས་ལན་བཏབ།
དེ་ལྟར་རྒྱལ་པོ་དང་ཁོ་གཉིས་ཁྲིམས་གཏུགས་བྱས་པ་ན་ཁོ་རང་རྒྱལ་ལོ། ཕྱིས་སུ་མི་དེས་གཞན་ལ་བཤད་དོན། རང་རེའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་ནི་ཇི་འདྲའི་དྲང་སྙོམས་རེད་ཨང་། ང་རང་རྩ་བ་ནས་འཆུགས་སོང་། ཁོ་ཚོར་འདི་ལྟར་ཞལ་ལྕེ་གཅོད་པའི་སྙིང་སྟོབས་ཆེ་བ་ནི་ང་ཚོའི་རྒྱལ་ཁབ་ཀྱི་བསོད་ནམས་རེད་ཅེས་ལབ། ①
ལོ་འགའ་འགོར་རྗེས་རྒྱལ་པོ་སྐུ་གཤེགས་ལ་འཆུག་ཁང་གི་བདག་པོའང་འདས་ནས་ལོ་ཤས་འགོར། བེའུ་ལེན་སྐྱེ་ཕྲེང་གཉིས་པ威廉二世རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ་ཞིང་ཞིང་བའི་བུ་ཆུང་གིས་ཀྱང་རང་ཁྱིམ་གྱི་འཆུག་ཁང་བདག་བཟུང་བྱས་ནས་མུ་མཐུད་དུ་འཚོ་བ་རོལ་གྱིན་ཡོད། དུས་ག་ཤེད་ཅིག་ན། བདག་པོ་ཆུང་བ་དཔལ་འབྱོར་གྱི་དཀའ་ཁག་ལ་ཕྲད་ནས་རྒྱལ་པོར་འཕྲིན་ཡིག་འབུལ་ཏེ་འཆུག་ཁང་འཚོང་འདོད་ཀྱི་རེ་བ་ཞུས་པ་ལ་རྒྱལ་པོས་ལན་དུ་འདི་ལྟར་བཏབ།
བརྩེ་བའི་ཁྱིམ་མཚེས་ལགས།
ངས་ཁྱེད་ཀྱི་འཁོར་སྐལ་ལེན་པར་སེམས་ཀྱིས་མི་བཟོད། ཁྱེད་ཀྱིས་ནུས་པ་ཡོད་རྒུ་བཏོན་ཏེ་འཁོར་སྐལ་འདི་སྲུང་དགོས་པ་མ་ཟད། བུ་རབས་ཚ་རྒྱུད་ལ་སྤྲད་ནས་ཚེ་ཚེ་རབས་རབས་སུ་ཁྱེད་ཚང་གི་བདག་དབང་འོག་ན་གནས་པར་བྱ་དགོས། བྱ་བ་འདི་ང་ཚོའི་རྒྱལ་ཁབ་དང་འབྲེལ་བ་ཤིན་ཏུ་ཆེ་བས་འཆུག་ཁང་འདི་ཅི་ནས་ཀྱང་ཤུལ་དུ་འཇོག་དགོས། འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཁེར་ཚུགས་དང་ཞལ་ལྕེ་གཅོད་པར་དྲང་སྙོམས་ཡིན་པའི་རྗེས་དྲན་ཡིན། ཁྱེད་ད་སྐབས་དཀའ་ཁག་ལ་འཕྲད་ཡོད་པ་ངོས་རང་ནས་སྙིང་བརྩེ་བས་ཁྱེད་ལ་སྒོར་སུམ་སྟོང་སྟེར་བ་ནི་མིག་སྔར་གྱི་དཀའ་ཁག་སེལ་ཐབས་ཙམ་ཡིན།
ཁྱེད་ཀྱི་བརྩེ་བའི་ཁྱིམ་མཚེས་བེའུ་ལེན་ནས།
དེ་ལྟར་དངོས་དོན་ལ་རྟོག་བཏག་གི་རྒྱན་བཏགས་པའི་པའོ་ཟི་ཏན་གྱི་འཆུག་ཁང་ནི་འཇར་མན་གྱི་ཁྲིམས་འཛིན་ཁེར་ཚུགས་ཀྱི་མཚོན་རྟགས་དང་མི་བུའི་ཐོབ་ཐང་བརྩི་སྲུང་བྱེད་པའི་མིག་དཔེ་བླ་ན་མེད་པར་གྱུར་ཏེ་འཛམ་བུ་གླིང་ན་སྐད་གྲགས་ཤིན་ཏུ་ཆེ། གཏམ་རྒྱུད་འདི་ལས་འཕྲོས་ཏེ་ཧ་ཅང་གྲགས་ཆེ་བའི་སྐད་ཆ་གཅིག་ཡོད། གང་ཞེ་ན། དབྱིན་ཇིའི་སྲིད་སྐྱོང་བེར·པེར་ཐུ་ཡིས威廉·皮特། སྤྲང་པོ་དབྱིན་འཛིན་ཞིག་ཡིན་ན་ཡང་རང་ཁྱིམ་རལ་བོའི་ནང་ནས་རྒྱལ་པོའི་དབང་གྲགས་ལ་ངོ་ཡ་བྱེད་ཕོད། ཁང་ཁྱིམ་ཧ་ཅང་རལ་བོ་ཡིན་ན་ཐང་། ཁང་མགོ་རྡིབས་ལ་ཁད་དུ་ཡིན་ནའང་ཐང་། ཆར་བསེར་མི་ཁོག་པའི་ཁང་པ་འདིའི་ནང་དུ་རྒྱལ་པོ་ཡོང་མི་ཆོགཁོའི་ཧྲག་དམག་གོ་མཚོན་ཅན་ཀྱང་ཁང་པ་འདིའི་སྒོ་གཏན་ལས་བརྒལ་མི་ཕོད། ཅེས་གསུངས་པ་རེད། གསུང་རིན་ཐང་ཅན་འདིའི་ཡང་སྙིང་ནི་མི་བུ་སྒེར་གྱི་ཐོབ་ཐང་སྟེ་དབང་གྲགས་ཀྱིས་ཐེ་རེག་མི་ཆོག་པའི་མི་སྒེར་གྱི་འཇིག་རྟེན་ཆུང་ཆུང་གི་རིན་ཐང་ནི་བླ་ན་མེད་པ་མཆོག་ཏུ་གྱུར་བ་ཡིན་པའི་གནས་ལུགས་སྟོན་པ་དེའོ།
དེ་ལྟར། འཆུག་ཁང་དང་འབྲེལ་བའི་བཤད་སྲོལ་ཅུང་མང་ནའང་དོན་གྱི་སྙིང་བོ་ནི་མི་སྒེར་གྱི་རང་རྒྱུ་རང་བདག་གི་ཐོབ་ཐང་གལ་ཆེ་ཚུལ་དང་མི་བུའི་ཁེར་ཚུགས་ནི་ཐེ་རེག་མི་རུང་བའི་གནས་ལུགས་བརྗོད་འདོད་པ་རེད།
སོམས་དང་། རྒྱལ་པོས་ཀྱང་ཤུགས་རིང་ནར་ནར་འཐེན་པ་ལས་ཐབས་བཀོད་གང་ཡང་མེད་པ་དང་། ཧྲག་དམག་འབུམ་ཚོ་བདེན་པའི་ཚིག་གཅིག་གིས་བཟློག་ནུས་པ། ཁྲིམས་སར་ཐོན་ན་མཐའི་སྤྲང་པོ་ལ་ཡང་རྒྱལ་པོ་ཕམ་པའི་གདེང་ཚོད་ཡོད་པ། སྙིང་ཉེ་བའི་ཀློག་པ་པོ། འདི་ནི་འཁྲུལ་སྣང་མ་ཡིན་ཏེ་མངོན་སུམ་དུ་བྱུང་ཟིན་ལ་ད་དུང་འབྱུང་སྲིད་པའི་སྒྲོན་མེའི་སྐལ་བ་ཡིན།
སྤྱི་ཚོགས་ཤིག་དཀྱེལ་ཡངས་ཡིན་མིན་ནི་དེ་གར་འཚོ་ཞིང་གནས་པའི་མི་སྒེར་རེ་རེའི་གནས་སྟངས་ལས་གསལ་བོར་རྟོགས་ཐུབ། མི་སྒེར་གྱི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་མིན་ཁྲིམས་ངོས་ནས་ཐག་གཅོད་དགོས། ཁྲིམས་ཀྱི་རྩ་བ་བརྟན་མིན་ཁྲིམས་ཀྱི་སྙིང་སྟོབས་ལས་རྟོགས་ཐུབ། ཁྲིམས་ཀྱི་སྙིང་སྟོབས་ཡོད་མེད་གང་ནས་ཤེས་ཟེར་ན། ཁྲིམས་དེ་ཆོས་ཉིད་དང་རྒྱུན་ཤེས་ལས་འདའ་མིན་དང་དེས་མི་དམངས་ཀྱི་སེམས་སྟོབས་མཚོན་ཡོད་མེད་ལ་ཐུག་ཡོད། མི་དམངས་ཀྱི་སེམས་སྟོབས་ཇི་ལྟར་མངོན་འགྱུར་བྱེད་དགོས་ཅེ་ན། དེ་ནི་འདྲ་མཉམ་གྱི་ངང་ནས་འདེམ་བསྐོ་བྱེད་པ་དེའོ། འོ་ན་མཐོ་དམན་དྲག་ཞན་མེད་པར་འདྲ་མཉམ་གྱི་འདེམ་བསྐོ་བྱེད་དབང་ཡོད་དགོས་ན་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པ་རྩོད་མེད་ཡིན།
རང་དབང་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་པའི་ཀོང་སི་ཏང་གིས། མི་ལ་ལའི་ཁ་ནས་མི་རིགས་ཡོངས་རྫོགས་ཀྱི་བཙན་རྒྱལ་ཆེན་མོ་ཞེས་དངོས་མེད་རྟོག་བཏགས་ཀྱི་དོན་སྤྱིའི་ཐ་སྙད་ཅིག་གླེང་གིན་པ་ནམ་རྒྱུན་ཐོས་ཐུབ་ཨང་། གལ་སྲིད་བཙན་རྒྱལ་ཆེན་མོའི་ཁོངས་གཏོགས་ཀྱི་ཞིང་ས་ཆེན་མོ་དག་མེད་ན་དེ་ནི་མདོ་མེད་འུར་གཏམ་ཞིག་ཡིན། གྲུབ་ཆར་གཏོགས་པའི་ཆ་ཤས་རེ་རེ་བསྐྱུར་ནས་མི་རིགས་ཧྲིལ་བོ་གླེང་བ་ཡང་མདོ་མེད་འུར་གཏམ་ཡིན། ཆ་ཤས་རེ་རེའི་ཐོབ་ཐང་འགན་སྲུང་བྱས་ན་ད་གཟོད་མི་རིགས་ཧྲིལ་བོའི་ཐོབ་ཐང་གླེང་ཆོག་གི་རེད། རྒྱུ་མཚན་ནི། མི་རིགས་ཟེར་བ་དོན་གྱིས་གྲུབ་ཆ་མང་བོར་བགོས་ཡོད་པས་སོ། ②
དེ་ལྟ་དེ་ལྟར། མི་སྒེར་གྱི་ཐོབ་ཐབ་གླེང་བས་བོད་པ་ཚོར་རྣམ་རྟོག་སྐྱེས་ཏེ་གསོན་འདྲེ་དངོས་མཐོང་གི་འདུ་ཤེས་འཛིན་པ་དང་། དགོན་པའི་ནང་ནས་རང་དབང་གླེང་བས་གྲྭ་གྲལ་ནས་འགོང་བོ་ལྟར་མཐོང་བ་དང་། གཞོན་སྐྱེས་ལ་བདེན་པའི་རྒྱབ་སྐྱོར་བྱས་པས་ཕ་ཡུལ་རྒྱབ་ཏུ་བསྐྱུར་དགོས་པ། མི་ཆེན་བླ་ཆེན་ལ་བསམ་ཚུལ་ཞུས་པས་གདོང་ལ་ཁྲམ་རྟགས་ཕབ་པ། གསོད་པའི་འཇིགས་སྐུལ་གྱིས་སྨྱུ་གུ་ས་ལ་མི་འཇོག་ཀ་མེད་ཀྱི་གནས་ཚུལ་ཇི་ལྟར་བྱུང་ན་འཁོར་ཡུག་དེ་ནི་དེ་ལྟར་དབང་ཤུགས་ཁོ་ནས་བདག་གིར་བཟུང་བ་དང་། མི་བུ་སྒེར་ཟེར་བ་ནི་ཡུགས་ས་དང་ཕོ་ཧྲེང་བཞིན་ཀུན་གྱིས་མཐོང་ཆུང་དང་བརྙས་བཅོས་བྱེད་པར་ཐེ་ཚོམ་སྐྱེ་དགོས་ཅི་ལ་ཡོད་ཨང་།
ཇི་ལྟར་དབང་ཆ་གཙོ་བོར་གྱུར་ན་དེ་ལྟར་མི་བུ་སྒེར་ནི་གཉོམ་ཆུང་བ་དང་། ཇི་ལྟར་དབང་ཆར་ཚོད་འཛིན་དང་དོགས་སློང་བྱས་ན་དེ་ལྟར་མི་བུ་སྒེར་ལ་ཁེར་ཚུགས་ཀྱི་སྙིང་སྟོབས་ཡོད་སྲིད། ཚོགས་སྤྱིའི་དབང་ཆ་བྱུང་རྒྱལ་དུ་སྤྱོད་པ་ལས་སྒེར་གཅོད་ཀྱི་སྲིད་གཞུང་གང་མང་མང་བསྐྱེད་ཡོད། ཨ་ཧྥེ་རི་ཀ་ནས་ཡོ་རོབ་དེ་ནས་ཨེ་ཤ་ཡ་སོགས་ནས་བྱུང་བའི་སྐྱི་གཡའ་བའི་རྐྱེན་ངན་དག་ནི་དབང་ཆ་བྱུང་རྒྱལ་དུ་སྤྱོད་པ་ལས་བྱུང་བ་ཤ་སྟག་ཡིན། དེ་དང་ལྡོག་སྟེ། གང་ན་མི་ཞིག་མགོ་མཐོ་མཐོ་བྱས་ནས་སོང་ཡང་དེ་ལ་སྐྱོན་བརྗོད་མེད་པ་དང་། སུ་ཞིག་གིས་གཙོ་རྒྱུགས་ཀྱི་ལམ་ཁ་ལ་དོགས་པ་བྱས་ཤིང་དགག་པ་རྩོམ་ཚེ་དེ་ལ་བདེན་པའི་རྒྱབ་སྐྱོར་མེད་ཀྱང་སྨྲ་སྒོ་བཙན་གྱིས་མི་གཅོད། ཕྱུག་པོ་ཐོན་ན་མགོ་སྒུར་མི་དགོས་ལ་དཔོན་པོ་ཐོན་ན་ལམ་གཟུར་མི་དགོས། སྐྱེས་བུ་སོ་སོ་སྣང་ཚོད་དུ་ཁྱད་པར་ཆེ་ཡང་ཁྲིམས་ས་ནས་འདྲ་མཉམ་ཡིན་པའི་སྣང་ཚུལ་གང་ན་ཡོད་ན་དེ་ན་མི་རྣམས་ཀྱིས་འཚོལ་ཞིང་འཚོལ་བའི་བདེ་སྐྱིད་ཟེར་བ་དེ་ག་ན་ཡོད་པ་བྱིས་པ་སྣབས་ལུད་ཀྱིས་ཀྱང་རྟོགས་ཐུབ།
དེ་ཡང་གཤེན་ཆེན་དྲན་པ་ནམ་མཁས། རྒྱལ་སྲིད་དམངས་ཀྱིས་འཛིན་པར་ཤོགརྒྱལ་གྲོས་སྤྲང་ལ་ཐུག་པར་ཤོག⑶ཅེས་བོད་བཙན་པོའི་རྒྱལ་ཁབ་ལ་དམོད་མོ་བྱས། མཚམས་རེར། དེ་ནི་སྨོན་ལམ་ཡག་པོ་ཞིག་དང་ཀུན་ནས་མཚུངས། དོན་དུ་རྒྱལ་ཁབ་ཀྱི་སྲིད་དོན་ཆེ་མ་ཆུང་གསུམ་དམངས་ཀྱི་སྟོབས་ཤུགས་ཀྱིས་སྟངས་འཛིན་བྱེད་པ་དང་རྒྱལ་ཁབ་ཀྱི་ནང་གྲོས་གང་ཡང་མཐའི་སྤྲང་པོ་ཚུན་ཆད་ལའང་ཐུག་དགོས་བྱུང་ཚེ་དེ་ནི་སྐྱེས་བུ་སྒེར་གྱི་སྟོབས་ཤུགས་བླ་ན་མཐོ་བའི་རྟགས་མཚན་དང་མི་ཡི་རྩིས་ཐང་མངོན་པར་མཐོ་བ་མ་ཡིན་ནམ།
འཛམ་གླིང་ཧྲིལ་བོ་ཆིག་སྒྲིལ་ཅན་དུ་འགྱུར་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། འོན་ཀྱང་འགྲོ་བ་མིའི་ཁེར་ཚུགས་ཀྱི་རང་དབང་དང་ཁོ་རང་ལ་དབང་བའི་འཁོར་ཡུག་ཆུང་ཆུང་དེ་ནི་གང་ཅི་ཡང་རུང་བས་སིམ་འཛུལ་མི་རུང་། རྒྱུ་མཚན་གང་ཞེ་ན། འགྲོ་བ་མིའི་དཔལ་ཡོན་ཐམས་ཅད་འདི་ལས་བསྐྱེད་པ་དང་། མི་བུ་སྒེར་གྱི་ཐོབ་ཐང་ཟེར་བ་ནི་དེང་རབས་སྤྱི་ཚོགས་ཀྱི་ཐུན་མིན་ཁྱད་ཆོད་ཡིན། དེང་རབས་པའི་རང་དབང་ཟེར་བའང་མཐར་གཏུག་ན་མི་བུ་སྒེར་གྱི་ཐོབ་ཐང་ཁོ་ན་ཡིན་པས་དེ་ནི་གལ་པོ་ཆེ་ལ་ནན་ཏན་གྱིས་སྲུང་དགོས། གལ་ཏེ་འདི་ཤོར་ན་ཡོད་ཚད་ཞོར་དུ་ཤོར་འགྲོ་བས་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་པར་འོས།
མི་སྒེར་གྱི་ཐོབ་ཐང་བརྩི་སྲུང་བྱེད་མིན་གལ་བོ་ཆེ་ཡིན་ནའང་དེ་ནི་གོམ་པ་དང་བོ་མིན། གོམ་པ་དང་བོ་གང་ཞེ་ན། ཅི་ལ་ཐོབ་ཐང་དང་དེ་ཉིད་གལ་ཆེ་བའི་རྒྱུ་མཚན་ཡང་དག་ངེས་ནས་ཡོངས་ཁྱབ་ཁས་ལེན་པ་དེའོ། འདི་དག་ངོས་ཟིན་དགོས་ན་རང་རེའི་སྲོལ་རྒྱུན་རིག་གནས་ལ་གདོང་གཏུགས་ཏེ་ལྡོག་ཕྱོགས་ནས་གོ་བ་ཨེ་ལོན་བྱ་དགོས་པ་འདྲ་སྟེ་ཅི་ཅིའི་ཕྱིར་ན། འགྲོ་མིའི་ལོ་རྒྱུས་ཀྱི་སྤྱི་འགྲོས་ལས་ཐོད་བརྒལ་ཡན་གར་བའི་མི་རིགས་ཆེས་ཆེར་ཉུང་བ་རེད། མི་རིགས་ཚང་མ་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་དེ་དེ་ནི་ཚོགས་སྤྱིའི་ཁེ་ཕན་ཤུགས་ཀྱིས་གླེང་བ་དེའོ། དེ་ཡང་ཁག་མེད། གནའ་བོའི་སྤྱི་ཚོགས་ཀྱི་ངོ་བོ་དང་དེ་ཉིད་ཡུན་དུ་གནས་དགོས་ན་ཚོགས་སྤྱི་ནི་གཙོ་བོ་ཡིན་པ་སྨོས་མེད་ཡིན་ན་མི་སྒེར་ནི་གླེང་མི་རི་བ་ལོས་ཀྱང་ཡིན། ང་ཚོ་བོད་སྤྱི་ཚོགས་ཀྱང་ལོ་རྒྱུས་ཀྱི་འགྲོ་སྟངས་འདི་ལས་འདའ་མ་ཐུབ་པ་མ་ཟད་རྟོགས་པ་སད་མ་སད་ཀྱི་མཚམས་ན་ད་དུང་ཡོད། མི་ལོ་སྟོང་ཕྲག་འགའ་ལ་གླེང་གླེང་བའི་རིན་ཐང་ལྟ་ཚུལ་གློ་བུར་དུ་འགྱུར་དགོས་ན་དཀའ་མོ་རེད། དེ་ཡང་ཤ་རུས་རྩ་གསུམ་ལ་འཐིམས་པའི་ནད་ཅིག་ཕྱིར་དབྱུང་དགོས་ན་ན་ཟུག་མང་བོ་མྱོང་དགོས་པ་ཁོ་ཐག་ཡིན། དེ་ལྟར། མི་སྒེར་གྱི་ཐོབ་ཐང་གླེང་འོང་དུས་སྐྱ་སེར་མང་བོ་ནས་དགྲ་ལྟར་འཛིན་པ་ནི་སེམས་ཀྱི་ན་ཟུག་ཕྱི་ལ་མངོན་སྟངས་ཤིག་ཡིན། ན་ཟུག་འདི་ནི་དེང་རབས་དཔལ་ཡོན་གྱིས་ཟིན་པའི་མི་རིགས་མང་བོས་མྱངས་ཟིན་པ་ཡིན། ཡང་ན་ན་ཟུག་འདི་མྱོང་མི་འདོད་པ་དང་ན་ཟུག་མི་བཟོད་པའི་མི་རིགས་གང་དང་གང་ནི་ཉམས་ཟིན་པའམ་ཕྱི་སྲོག་ཆད་ནས་ནང་སྲོག་ལ་ཐུག་པ་མངོན་སུམ་མཐོང་ཆོས་རེད།
ལོ་རྒྱུས་ཀྱི་ཀློང་ཆེན་པོ་ནས་བལྟས་ན་དེ་རིང་གི་ན་ཟུག་ནི་ཆུང་ཆུང་ཞིག་གམ་ཡང་ན་སྔར་ནས་མྱངས་ཟིན་པ་ཞིག་རེད། བོད་ཀྱི་མེས་པོའི་ཆོས་ལུགས་ལ་ཕྱི་ནས་འོང་བའི་ཆོས་ལུགས་ཀྱིས་སྤྱི་ཚོགས་གོ་གནས་རྩོད་ཅིང་འཕྲོག་པའི་གོ་རིམ་ཁྲོད་དེ་རིང་དང་འདྲ་བའི་ན་ཟུག་མང་བོ་མེས་པོའི་ལུས་སེམས་གཉིས་ཀྱིས་མྱངས་ཡོད་པ་རེད། དེའི་ཕྱིར་ན་ཟུག་ནི་གོ་རིམ་ཞིག་ལས་གླེང་རི་བའི་གནས་ཤིག་མིན། གནད་ཀྱི་དོན་པོ་གང་ཞེ་ན། རང་ངོས་ནས་ན་ཟུག་འཇམ་ཐབས་ལ་འབད་དགོས་སམ་ཕྱི་རྐྱེན་ལ་བརྟེན་ཏེ་བཅོས་དགོས། གདམ་ང་འདི་ལས་སོ་སོའི་སྐྱིད་སྡུག་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཤོར་འགྲོ་བ་ཐེ་ཚོམ་ཅི་ཡང་མེད་ཚོད་རེད།
དེ་ཡང་འཇར་པན་ནི་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཡིན། ཨེ་ཤ་ཡའི་ཏོག་དང་འདྲ་བའི་རྒྱལ་ཁབ་གང་དེ་སྟོབས་ལྡན་དུ་ཕྱིན་པའི་ལམ་བུ་ནི་བདེ་བཅས་སྡུག་བསྔལ་གྱི་སྒྲུང་གཏམ་ཞིག་ཡིན། ཅི་ལ་འདི་ལྟར་ཟེར་དགོས་པ་རེད་ཅེ་ན། འགྲུལ་རྒྱ་འབྲེལ་འགོག་གི་ལམ་ལུགས་ཤུགས་ཆེན་པོ་སྤེལ་ཞིང་གང་དེ་རྩ་དོན་དུ་འཛིན་པའི་གླིང་ཕྲན་རྒྱལ་ཁབ་དེས་ནང་གཏམ་ཕྱི་ལ་མི་འཆོར་ཞིང་ཕྱི་དོན་གྱིས་ནང་ལ་ཤན་མི་ཐེབས་པའི་ལམ་ལུགས་བསྐྱངས་ནས་མི་ལོ་མང་བོ་ཕྱིན། དུས་ག་ཤེད་ཅིག་ན་ནུབ་གླིང་མགོ་སེར་ཚོའི་མེ་མདའ་དང་མེ་སྒྱོགས་ཀྱིས་འགྲུལ་རྒྱ་གཏོར་ནས་སྒོ་སྔུན་ལ་བཙན་གྱིས་འཚངས་ཏེ་ཚོང་མི་རྒྱག་རང་དབང་མེད་དུས། མི་རིགས་ཤིག་གི་ཤེས་རབ་ཀྱི་རྟགས་མཚན་དེ་དུས་ཕྱིར་མངོན་པ་རེད། གང་ཞེ་ན། འདི་ལྟའི་ལོ་རྒྱུས་རྒྱ་ནག་ལའང་བྱུང་མྱོང་། འོན་ཏེ་དབུས་འགྱུར་རྒྱལ་ཁབ་ཆེན་མོའི་རང་མཐོང་ཐལ་མཐའ་བ་དེ་ལ་ཤི་འཐམ་རོ་འཐམ་བྱས་ནས་དེང་རབས་དཔལ་ཡོན་ངོས་ལེན་མ་བྱས། མི་རིགས་རིང་ལུགས་ལ་ཁག་དཀྲིས་པའི་ནང་སེམས་ཀྱི་སྡོམ་རྒྱ་ནི་རི་རྒྱ་ཀློང་རྒྱ་སོགས་ལས་ལྡབ་བརྒྱ་འགྱུར་གྱིས་ཐུ་བ་རེད། དེ་ལྟར་རྒྱ་ནག་སྐམ་ས་ནི་དེང་རབས་དཔལ་ཡོན་གྱིས་སྒོ་བརྡུང་ཡང་སྒོ་ཕྱེ་མཁན་མེད་སོང་བས་དུས་རབས་ཀྱི་རྗེས་ལ་ལུས་པ་རེད། དེ་དང་འདྲ་བར་འཇར་པན་ལ་དེང་རབས་དཔལ་ཡོན་གྱིས་སྒོ་བརྡུང་དུས་ཁོ་ཚོས་ལམ་སང་གནས་ལུགས་དེ་རྟོགས་སོང་། དོན་དུ་འཇར་པན་པས་ཀྱང་འགོག་རྒོལ་ཅི་རིགས་བྱས་ཀྱང་མཐའ་འབྲས་ཡག་པོ་མི་སྨིན་པའི་གདེང་རྙེད་རྗེས་རང་གི་ལམ་ལུགས་ཡོངས་སུ་བཅོས་ཏེ་ནུབ་ཕྱོགས་དཔལ་ཡོན་ལ་དཀྱེལ་ཆེན་པོའི་ངང་ནས་དང་ལེན་བྱས། ཏན་ཏན་འཇར་པན་ལྟར་དེང་རབས་དཔལ་ཡོན་ངོས་ལེན་རྣམ་དག་བྱེད་པ་དང་རྒྱ་ནག་ལྟར་ཨུ་ཐུག་ནས་སློབ་སྦྱོང་བྱེད་པ་གཉིས་ནི་སེམས་ཁམས་མི་འདྲ་བས་དེ་ལས་ཐོབ་པའི་འབྲས་བུའང་རྩ་བ་ནས་མི་འདྲ་མོད་སྐབས་སུ་བབ་པའི་གླེང་བྱ་མིན་པས་བཏང་བར་བྱ།
འཕྲོས་བཤད་ལས་དཀྱུས་ལ་བབ་ན། འཇར་པན་གྱི་དེང་རབས་ཚན་རྩལ་དང་དམངས་གཙོའི་ལམ་ལུགས། སྤྱི་དམངས་ཀྱི་ཡོང་འབབ། སྤྱི་ཚོགས་སྒྲིག་ལུགས་སོགས་གང་ལ་བལྟས་ཀྱང་ཡིད་སྨོན་མི་ཤོར་ས་གཅིག་ཀྱང་མེད། ཁོ་ཚོ་ཨེ་ཤ་ཡ་གླིང་ཆེན་ནས་སྟོབས་ཀྱིས་འགྱིང་དུས་ཕྲག་དོག་གི་མེ་ཕུང་ཤུགས་ཀྱིས་སྤུར་ཏེ་བསྲེག་འདོད་ཀྱི་སྦྱོར་བ་རྩོམ་མཁན་རེ་འགའ་ཡོད་ཀྱང་དེ་ནི་ངལ་བ་འབྲས་མེད་ཡིན། ནུབ་ཕྱོགས་དཔལ་ཡོན་ཨེ་ཤ་ཡ་ལ་ཐོན་དུས། དེ་ནི་དམག་གི་ཟིལ་ཤུགས་དང་བསྡེབས་ཏེ་དྲག་པོའི་དཔུང་གིས་བསྐྱལ་ནས་ཡོང་བ་རེད། དུས་དེར་རྒྱལ་ཁབ་ཕལ་ཆེ་བས་མཐའ་དམག་གི་བཙན་འཛུལ་ལས་དེ་ལས་མངོན་པའི་དེང་རབས་དཔལ་ཡོན་གྱི་གཟི་འོད་མ་མཐོང་། འོན་ཏེ་འཇར་པན་པས་ཁྲོ་གཉེར་བསྡུས་པའི་དེང་རབས་དཔལ་ཡོན་གྱི་ནུས་སྟོབས་མཐོང་བ་མ་ཟད་ཀྱི་དེ་ལ་ཡིད་གཉིས་ཐེ་ཚོམ་མེད་པའི་དུང་བ་སྐྱེས། དུས་ཀྱི་འགག་སྒོ་དེ་ལྟ་བུ་རུ། འཇར་པན་པས་ཅི་མགྱོགས་གང་མྱུར་གྱིས་དེང་རབས་དཔལ་ཡོན་ལ་སློབ་སྦྱོང་བྱས་ཤིང་རང་གི་མདུན་ལམ་འདི་ལ་རེ་བ་ལས་གཞན་གང་གིས་ཀྱང་ཐག་མི་ཆོད་པའི་གནས་ལུགས་རྟོགས། དེ་ལྟར་ཁོ་ཚོ་ནི་ཨེ་ཤ་ཡ་གླིང་གི་དེང་རབས་དཔལ་ཡོན་གྱི་རྗེས་འབྲངས་པ་སྔ་ཤོས་ཡིན། ཁོ་ཚོར་དབང་ལ་དབང་ཚད་པོ་དུས་སྐབས་དེའི་གདམ་ང་ལས་ཐོན་ཞིང་གདམ་ང་དེ་ནི་རྣམ་འབྱེད་ཀྱི་ཤེས་རབ་ལས་བྱུང་བ་རེད།
མི་ལ་ལས་འདི་ལྟར་འདྲི་སྲིད་དེ། གདམ་ང་འདི་ནི་མི་བུ་སྒེར་གྱི་ཐོབ་ཐང་དང་འབྲེལ་བ་ཅི་ཡོད་ཅེས་ལན་ཞིག་ལྡོན་པར་རེ་སྒུག་བྱེད་ཡོད་ངེས། ཐོག་མར་གསལ་བཤད་དགོས་པ་ལ་འཇར་པན་པའི་གདམ་ང་ནི་མི་བུ་སྒེར་གྱི་ཐོབ་ཐང་ལ་གཟས་ཏེ་བགྱིས་པ་གང་ཡང་མ་ཡིན། བདེ་སྡུག་གི་དཀྱོགས་མཚམས་འདི་ནས་ཁོ་རང་ཚོ་ལ་མི་རིགས་ཧྲིལ་བོ་ཉམས་པའི་འཇིགས་དངངས་ཀྱིས་དེད་ཅིང་རང་སྲིད་རང་བདག་མི་ཡོང་བའི་སེམས་ཁྲལ་གྱིས་ཡོངས་སུ་ནོན་པས་ན་གང་བགྱིས་ཐམས་ཅད་མི་རིགས་ཧྲིལ་བོའི་ཆེད་ཡིན།
གྲུབ་ཆ་དང་ཡ་བྲལ་བའི་ཚོགས་སྤྱི་ཞིག་གི་ཁེ་ཕན་ལ་ཇི་ལྟར་ཕན་པ་ཆེ་ན་མི་བུ་སྒེར་གྱི་ཐོབ་ཐང་ལ་དེ་བས་གནོད་པ་མེད་པ་རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ཀྱིས་ར་སྤྲོད་བྱེད་ཐུབ། དེ་ཡང་མི་སྒེར་རེ་རེ་ནས་རང་ཚུགས་མ་ཤོར་ན་མི་རིགས་ཧྲིལ་བོས་རང་ཚུགས་ཤོར་མི་སྲིད། མི་སྒེར་རེ་རེ་ནས་རང་ལ་རྩིས་མཐོང་བྱས་ན་མི་རིགས་ཧྲིལ་བོ་གཞན་གྱིས་རྩིས་མཐོང་ཆེ། འཇར་པན་པའི་འགྱུར་བ་ནི་སྲིད་གཞུང་དང་སྐུ་དྲག་སོགས་མཐོ་རིམ་མི་སྣ་ནས་རིམ་གྱིས་སྤྱི་ཚོགས་ཏེ་མས་རིམ་དུ་ཁྱབ་པ་དང་། དེ་ལས་བསྐྱེད་པའི་འབྲས་བུ་ནི་སྤྱི་ཚོགས་ཧྲིལ་བོ་གསོན་ཤུགས་ཅན་ནས་སྟོབས་ཤུགས་ཅན་དུ་འཕོས་པ་རེད། སྤྱི་ཚོགས་ཀྱི་གྲུབ་ཆར་གཏོགས་པའི་མི་བུ་རེ་རེའི་འཚོ་བ་ལ་རེ་བ་དང་རྟིང་ནོན་ཡོད་ཚེ་དེ་ལས་བྱུང་བའི་སྟོབས་ཤུགས་ཀྱིས་སྤྱི་ཚོགས་ཧྲིལ་བོ་ལ་ཕན་བཏགས་ནི་མས་རིམ་ཡིན། དེ་ལྟར་འགོ་རྔ་གང་ནས་བྱ་བ་སྒྲུབ་ཀྱང་རུང་། དེ་ནི་གཅིག་ལ་གཅིག་བརྟེན་དང་གཅིག་ལ་གཅིག་ཕན་ཡིན།
གང་ལྟར་མི་བུ་སྒེར་ནས་ཚོགས་སྤྱི་སྟེ་མས་རིམ་མམ་ཡང་ན་ཚོགས་སྤྱི་ནས་མི་བུ་སྒེར་ཏེ་ཡས་རིམ་གང་ཡང་རུང་། གོལ་ལམ་དུ་མ་ཕྱིན་པ་ཞིག་ཡིན་ཚེ་མི་བུའི་ཐོབ་ཐང་ནམ་ནམ་ཞར་ཞར་རེད།
༢༠༡༨ ༨ ༡༠
①གཏམ་རྒྱུད་འདི་ནི་མའོ་ཙེ་ཏུང་གི་སློབ་དཔོན། ཕྱིས་སུ་ཁོའི་གྱོས་པོར་གྱུར་བ་ཡང་ཁྲང་ཅེ杨昌济ཡིས་བརྩམས་པའི《静观室札记》ན་གསལ།
②ཀོང་སི་ཏང་གི古代人的自由与现代人的自由ཤོག་ངོས༢༩༨
③ ཉང་རལ་ཆོས་འབྱུང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2825
དཔྱད་མཆན་སྤེལ།