དེ་ལ་འཛམ་གླིང་གི་ཡུལ་གྲུ་གང་ས་གང་ལའང་ལོ་གསར་གཏོང་སྲོལ་ཡོད་པ་མ་ཟད་ཕལ་ཆེར་དུས་ཀྱི་དབང་དུ་བྱས་ནའང་ལོ་རེ་ལ་ཐེངས་རེ་དང་མང་ཆེ་བ་ནི་ལོ་འགོ་འཛིན་ས་ལ་ཡིན་པ་རེད། དེ་ལ་སྟོན་པའམ་དཔའ་བོ་གང་གི་འཁྲུངས་སྐར་དང་། ཡང་ན་རྒྱལ་ཁབ་བམ་མི་རིགས་ཞིག་གི་རང་དབང་ཐོབ་དུས་སོགས་དྲན་གསོའི་ལོ་རྒྱུས་རེ་བཤད་རྒྱུ་ཡོད་ལ་དེའི་ཐད་རྩོད་གླེང་ཡང་ཆེན་པོ་མེད་དོ། །

བོད་གངས་ཅན་པའི་ལོ་གསར་ལ་དུས་སྟོན་རྒྱས་བསྡུས་ཡོད་མོད་གཏོང་ཚུལ་ལ་མི་མཐུན་པ་མེད་པ་ཕལ་ཆེར་དགུན་ཁ་ཡིན་ལ་རྣམ་པ་འདྲ་མིན་གཤམ་གསལ་ལྟར་ཡིན་ནོ། །

དེ་ལ་སྤྱིར་བོད་ཡོངས་ནས་ལོ་མཇུག་ཉི་ཤུ་དགུ་ལ་ལོ་ཟད་ཟླ་ཟད་ཅེས་གླུད་གཏོང་བ། སོག་མེ་སྦར་བ་དང་ཐལ་རྡུལ་འབོ་བ་སོགས་ནི་རྙིང་པ་དང་ངན་པ་རྣམས་ཕྱིར་གཡུག་སྟེ་ནད་གདོན་འབྱུང་པོ་མཐར་སྐྲོད་གཏོང་བའི་བསམ་པ་ཡོད་པ་རེད། ཉག་རོང་གི་དམིགས་བསལ་ནི་ཚེས་གཅིག་ལ་ལོ་གསར་གྱི་དུས་སྟོན་མི་བྱེད་པ་ཚེས་བཅུ་གསུམ་ལ་བྱེད་པ་དེ་རེད། ཚེས་བཅུ་གཉིས་ཕྱི་དྲོའམ་དགུང་མོར་གྲོང་ཚོ་གཅིག་གི་ཕོ་གསར་རྣམས་འདུས་ནས་ཆང་འཐུང་བཞིན་དུད་ཀ་རེའི་སྒོ་ཁར་སོང་ནས་ཨ་ལགས་ཇོ་ཟེར་བ་ཞིག་བརྗོད་བཞིན་འཆམ་རྒྱུགས་བྱ་རྒྱུ་ཞིག་ཡོད། འཆམ་དཔོན་ཞིག་ཡོད་པ་དེས་ལག་ཏུ་ཤིང་གྲི་སྟག་རས་གཟིག་རས་རི་མོ་ཚོན་ལྡན་ཅན་བཟུང་ནས་མདུན་དུ་འགྲོ་བའི་སྟངས་སྟབས་བྱེད་བཞིན་ཁ་ནས་གང་བརྗོད་རྗེས་སུ་གྲལ་སྒྲིག་པ་པོ་རྣམས་ཀྱིས་རྗེས་ཟློས་དང་ཤིང་གྲི་བཟུང་ནས་ལད་མོ་བྱས་ཏེ་འགྲོ་དགོས། ངག་ཏུ་བརྗོད་པའི་ཚིག་ནི་འདི་ལྟར་ཏེ། འོ་ཨ་ལགས་ཇོ། འོ་ཡང་ལགས་ཇོ། འོ་གད་པ་གད། འོ་སྟག་མཆོད། འོ་སྟག་དང་འདྲ། འོ་གཟིག་མཆོད། འོ་གཟིག་དང་འདྲ། འོ་དོམ་མཆོད། འོ་དོམ་དང་འདྲ། འོ་དྲེད་མཆོད། འོ་དྲེད་དང་འདྲ། འོ་ཁྱུང་མཆོད། འོ་ཁྱུང་དང་འདྲ། འོ་འབྲུག་མཆོད། འོ་འབྲུག་དང་འདྲ། འོ་ལགས་ཤིག་ཡག །འོ་ལགས་བེའི་ཡག །འོ་ལགས་ཇོ། མཆོད་མཆོད་བསྟོད་བསྟོད། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །ཀི་ཧི་ཧི། ཞེས་སོ། །རྒྱ་རོང་བ་ལའང་ངན་པ་སྣ་དགུ་ཟློག་པའི་རྣམ་པ་འུར་དིར་དང་ལྷ་རྒྱལ་ལོ། །ཀི་ཧི་ཧི་སོགས་འབོད་སྲོལ་ཡོད་ཟེར་རོ། །

བོད་ཡུལ་ཕལ་ཆེར་གྱིས་དགུ་ཐུག་འཐུང་བ་རེད། ཉག་རོང་ལ་ནི་དགུ་ཀོར་ཞེས་པ་གྲོ་ཕྱེ་པགས་པའི་བར་དུ་ཤ་དང་ཚིལ་ཡང་ན་ལོ་མ་སྐྱུར་པོ་ཡོད་པའི་གོར་བ་མེ་ལ་བསྲེགས་པའི་ཁ་ཟས་སོགས་བཟའ་བཏུང་ལ་ཁྱིམ་མི་ཚང་མ་འདུས་ནས་རོལ་བའི་ཐུགས་སྤྲོ་གཏོང་བ་ཡིན། དེ་ནི་ལོ་རྙིང་པ་ཕར་སྐྱེལ་བའི་རྣམ་པ་མཚོན་བྱེད་ཡིན་ནོ། །

དེ་ནས་བོད་ཡུལ་གཞན་ན་ལོ་འགོ་ཚེས་གཅིག་ལ་ཡིན་མོད། ཉག་རོང་དང་རྒྱ་རོང་གིས་ནི་ཚེས་བཅུ་གསུམ་ལ་བརྩི་བ་ཡིན། ལོ་གསར་པ་ཚུར་བསུ་བའི་རྣམ་པ་རང་ཁྱིམ་ལ་ལྷ་བསང་གཏོང་བ་ལ་ཁྱིམ་བདག་མོས་ཞོགས་པ་སྔ་མོ་ཆུ་གཙང་ལེན་མཁན་སུའི་སྔ་བྱེད་པ་རེད། དེ་ནས་ཉི་ཤར་ལ་གཞི་བདག་རི་འགོ་ལ་ལྷ་བསང་འབུལ་ཞིང་རྟ་རྒྱུགས་པ་དང་། མདའ་འབན་བཀྱེ་བ། བྲོ་འཆམ་པ། གླུ་ལེན་པ། སུ་མགྱོགས་བཀྱེ་བ། ཤུགས་ཚད་པ། ཉག་རོང་དུ་ད་དུང་ཁུ་ཡུག་ཆུ་འཐུང་ཞེས་ཁལ་སྒ་ལ་ལག་པས་འཆང་ནས་ས་ལ་གྲོ་ཕྱེ་བཀྲམ་པའི་སྟེང་ཤ་དུམ་བུ་རེ་ཁས་ལེན་སུ་ནུས་ཀྱི་ལུས་རྩལ་བདེ་མིན་འགྲན་སྡུར་བྱེད་པའི་རྩེད་མོ་གད་མོ་ཤོར་བ་ཞིག་ཡོད་པ་སོགས་འགྲན་སྡུར་གྱི་རྣམ་པ་དུ་མ་རིམ་བཞིན་ཉིན་འགའ་ཤས་ལ་སྡེ་ཚོ་བ་མི་རྒན་གཞོན་ཆེ་ཆུང་ཀུན་འདུས་ནས་རྩེད་མོ་ཡག་པོ་རྩེ་རྒྱུ་ཡོད་པ་ཡིན་ནོ། །

བོད་དབུས་གཙང་ལ་སྡེར་ཀ་བསྒྲིགས་པ་དང་། གྲོ་སོ་ཕྱེ་མར་བཤམས་བཀོད་བྱེད་སྲོལ་ཡོད། ཉག་རོང་ལ་ཟན་ཚོགས་བཅའ་བ་ཞེས་ལོ་གསར་གྱི་ཟས་དམིགས་བསལ་བ་ཞིག་ཡོད་པ་དེའི་རྒྱུ་ཆ་དང་བཟོ་ཚུལ་ནི། ཟན་ཆང་ཞེས་རྩམ་པ་ཆུ་ཚ་པོ་ཉུང་ངུས་ཧ་ཅང་སྐ་བར་བརྫིས་ནས་ཆང་ཕབ་བསྲེ་ལ་དྲོན་པོ་གོས་མཐུག་པོས་བཏུམས་ནས་ནས་ཆང་ལྟར་བསྙལ། ཉིན་གསུམ་ཙམ་ནས་དྲི་ཞིམ་ཐུལ་ལེ་བ་རོ་མངར་སེང་ངེ་བ་ཞིག་ཡོང་གི་རེད། དེ་ལ་ཟན་ཆང་ཟེར། དེས་རྒྱུ་བྱས་ཏེ་ཚོགས་ཟན་གོང་དབྱིབས་མྱེས་བུམ་ལྟ་བུ་ཞིག་བཅའ་བ་ལ་མར་གྱིས་དཀར་རྒྱན་མེ་ཏོག་མཛེས་ཤིང་ལྟ་ན་སྡུག་པ་བྱེད་པ་ཡིན། དེ་ལ་ཟན་ཚོགས་ཟེར། དེའང་ལྷ་སྐལ་ཅུང་ཆེ་བ་གཅིག་དང་མི་རེ་ལ་རན་པ་རེ་རེ། ཞོན་རྟ་དང་སྒོ་ཁྱི་ལའང་ཆུང་ཆུང་རེ་བཅའ་བ་ཡིན། གལ་སྲིད་བུ་མག་པ་སོང་བ་དང་བུ་མོ་གནས་ལ་སོང་བ་ཡོད་ནའང་ངེས་པར་དུ་ཟས་སྐལ་རེ་བཞག་སྲོལ་ཡོད་ཡོད་དོ། །

ཡང་བོད་ཡུལ་ཀུན་ལ་ཚོན་སྣ་ཁ་དོག་ལྔའི་རླུང་རྟ་ཁང་སྟེང་དང་གཞི་བདག་གི་ལ་རྩེ་ལ་སྒྲོན་པ་དང་། གྲོ་ཕྱེའི་དཀར་ཐིག་ཉི་ཟླ་དང་གཡུང་དྲུང་ནོར་བུའི་དབྱིབས་སོགས་རི་མོའི་ལག་རྩལ་གྱིས་ཁྱིམ་ནང་ལ་བརྒྱན་པ་རེད། ཉག་རོང་ལ་སྲུང་ཤིང་ཞེས་སྟག་པ་ཤིང་སྡོང་ཡལ་ག་ལ་བྱ་ཝང་གི་སྤུ་དཀར་པོའམ་བལ་མཚན་གྱིས་བརྒྱན་པ་དང་། རྒྱུ་ཤིང་ལས་མཚོན་ཆ་རལ་གྲི་མདའ་མདུང་གི་དབྱིབས་སུ་བཅོས་པར་སྟག་རས་གཟིག་རས་ཀྱི་རི་མོ་འབྲི་བ་ཞིག་ཀྱང་ཁང་སྟེང་དང་གཞི་བདག་གི་ལ་རྩེ་ལ་གཟུགས་སྲོལ་ཡོད་པ་ཡིན་ནོ། །

བོད་རོང་འབྲོག་ཀུན་ལ་ཐུད་དང་ཤ་མོག་གྲོ་གཅུས་སོགས་ཟས་སྣ་གདའ་དགུའི་བཟའ་བ་དང་། ཇ་ཆང་དང་ཨ་རག་ཡང་རག་གི་བཏུང་བ། མར་ཁུ་གྲོ་གླང་དང་ཟན་ཆང་ཤའམ་ལྡུམ་བུའི་ཚོད་མའི་བཅའ་བ་སོགས་གྲ་རྒྱས་ཕུན་སུམ་ཚོགས་པ་ཉིན་བཅུའམ་བཅོ་ལྔ་ཙམ་གཏོང་སྲོལ་ཡོད་ལ་ཤ་ཕུ་ནུ། གྲོགས་དགའ་མཛའ། གྲོང་པ་ཁྱིམ་མཚེས་ལ་མགྲོན་ཁ་སྟོན་མོ་སྣེ་ལེན་ལེགས་སྐྱེས་འབུལ་རེས་བྱེད་པ་སོགས་ཕལ་ཆེར་གཅིག་གྱུར་ཡིན་ནོ། །

འོན་ཀྱང་དུས་ཀྱི་དབང་དུ་ན་མི་འདྲ་བ་མང་ཙམ་ཡོད་དེ། ཀོང་པོས་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་གསར་དུས་སྟོན་བྱེད་པ་དང་། མངའ་རིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་བྱེད་པ། གཞིས་ཀ་རྩེས་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་བྱེད་སྲོལ་ཡོད་པ་རེད། ཉག་རོང་ཡུལ་སྒྲོ་བོ་བ་དང་ཤར་རྒྱལ་མོ་རོང་དུ་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་ལོ་གསར་དགའ་སྟོན་དང་། ཉག་རོང་ཡུལ་ཕལ་ཆེར་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ལོ་སར་དུས་སྟོན་བྱེད་པ་སོགས་གཅིག་གྱུར་བྱུང་མེད། མིང་ཡང་སོ་ནམ་ལོ་གསར་རམ་བེའུ་ལོ་ཆུང་ཞེས་ཡུལ་གཞན་པས་མིང་བཏགས་པ་ལས་རང་ཡུལ་གྱིས་ནི་ལོ་གསར་རང་འབོད་ཀྱིན་ཡོད། ཡང་བྱང་ནག་ཆུ་སོག་རུ་བ་དང་འབྲི་རུ་བ། རི་བོ་ཆེ་སོགས་ཁམས་སྟོད་སྨད་ལ་ལོ་ཆེ་ཆུང་ཞེས་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་ཆུང་དང་ཟླ་དང་པོའི་ཚེས་གཅིག་ལ་ལོ་ཆེ་སྟེ་གཉིས་ཀར་དུས་སྟོན་རྒྱས་བསྡུས་གཉིས་རེ་གཏོང་སྲོལ་ཡོད་དོ། །

ཉག་རོང་གི་ལོ་གསར་དགའ་སྟོན་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་མམ་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ཡིན་པའི་ལྕགས་མདུད་བཅུ་གསུམ་མམ་ཉག་རྐེད་བཅུ་གསུམ་ཟེར་བ་དེ་ཉག་ཡུལ་ས་ཆ་མང་ཆེ་སར་ཁྱབ་ཡོད། ད་དུང་ཉག་རོང་རྒྱ་རོང་སྨར་ཁམས་གོ་འཇོ་སོགས་ཡུལ་ལུང་མི་ཉུང་བ་ལའང་ཉག་རོང་དང་འདྲ་བ་སྔར་སྲོལ་རྒྱུན་འཛིན་བྱས་དང་བྱེད་བཞིན་ཡིན་ཞེས་གཞན་ངག་ལས་ཐོས། འདི་དག་ནི་སྔར་གྱི་བོད་རང་གི་བརྩིས་པའི་ལོ་འགོ་འཛིན་ཚུལ་མི་འདྲ་བ་ལ་བརྟེན་ནས་དར་སྲོལ་བྱུང་བ་ཞིག་ཡིན་ངེས་ལ། གནའ་དུས་སུ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། དེ་དུས་གཅིག་གྱུར་གྱི་སྐར་ཡིག་ལོ་ཐོ་ཁྱབ་མེད་པས་དར་སྲོལ་ལ་འདྲ་མིན་བྱུང་བ་ལས་ཚང་མ་ལོ་གསར་པར་དགའ་བསུའི་དུས་སྟོན་རྟེན་འབྲེལ་བྱེད་པར་ཁྱད་མེད་པ་གཅིག་མཐུན་ཡིན་ནོ། །

བོད་དབུས་སུ་དར་བའི་ལོ་གསར་དེ་ལ་བོད་ཟླ་མི་ཟེར་བ་ཧོར་ཟླ་ཟེར་དགོས་པའི་རྒྱུ་མཚན་ནི། རྒྱལ་དབང་ལྔ་པས་རྩིས་དཀར་ནག་དྲིས་ལན་ལས། རབ་བྱུང་བཞི་པའི་མེ་ཕག་ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་མཆུ་ཟླ་ལོ་གསར་དུ་བཟུང་བ་དཀྱུས་སུ་ཤོར་བས། མིང་ལའང་ཧོར་གྱི་ཟླ་བ་དང་པོར་གྲགས་ཞེས་གསུངས་པ་ལྟར་ཡིན་ལ། དུས་འཁོར་རང་ལུགས་ལ་ནག་ཟླ་སོགས་ཉ་སྐར་བརྩི་བ་ལས། དང་པོ་གཉིས་པ་སོགས་ཨང་གྲངས་ཀྱི་སྒོ་ནས་བརྩི་སྲོལ་མེད་པ་ཡིན་ཡང་ཕྱིས་སུ་ཧོར་དང་རྒྱ་ནག་གི་ཤན་ཞུགས་པ་ཡིན་ནོ། །

ལོ་འགོ་འཛིན་ཚུལ་མི་འདྲ་བ་མང་པོ་ཡོད་པ་ཚིག་མཛོད་ཆེན་མོ་ལས་གསུང་པ་འདིར་དྲངས་ན། ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོ་ཡི་འགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ཧོར་ཟླའི་སྒོ་ནས་བཤད་ན། ༡ . ཧོར་ཟླ་གསུམ་པའི་ཚེས་གཅིག་སྟེ་ནག་ཟླ་ཡར་ངོའི་ཚེས་གཅིག་ལ་འཛིན་པ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས། ༢ . ཧོར་ཟླ་དང་པོའི་ཚེས་གཅིག་ལ་འཛིན་པ་ནི། མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར་རྒྱ་ནག་ཧོར་རྒྱལ་པོ། བོད་ཁ་བ་ཅན་པ། ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་མཐུན་པས་ད་ལྟ་ཡོངས་གྲགས་ལྟར་རོ། ༣ . ཧོར་ཟླ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་རྒྱལ་ཟླ་བ་ནས་འཛིན་པ་ནི་གདན་བཞི་དང་རྡོ་རྗེ་མཁའ་འགྲོ་ལུགས། ༤ . ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་འཛིན་པ་ནི་ནག་རྩིས་པ་རྣམས་ཀྱི་ལུགས་ཡིན། རགས་རྩིས་བྱས་ན་ཚེས་གཅིག་དང་། ཞིབ་རྩིས་བྱས་ན་དགུན་ཉི་ལྡོག་ནས་འཛིན། ༥ . ཧོར་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་འདུལ་བ་དང་། མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་ནས་ས་པཎ་དང་རྗེ་ཙོང་ཁ་པ་སོགས་ཀྱི་ལུགས་ཡིན། ༦ . ཧོར་ཟླ་དགུ་པའི་མར་ངོའི་གཅིག་ནས་འཛིན་པ་ནི་མདོ་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས། ཁ་ཆེ་པཎ་ཆེན་དང་། སྣར་ཐང་བ། མཆིམས་འཇམ་དབྱངས་སོགས་ཀྱི་ལུགས་ཡིན། ༧ . ཧོར་ཟླ་བརྒྱད་པའི་མར་ངོའི་ཚེས་གཅིག་ནས་འཛིན་པ་ནི་རྟེན་འབྲེལ་མདོ་འགྲེལ་གྱི་རྗེས་སུ་འབྲངས་ནས་སྐྱོར་མོ་ལུང་གི་སྦ་ཏི་དགྲ་བཅོམ་པ་སོགས་ཀྱི་ལུགས་ཡིན། ཞེས་སོགས་བྱུང་བ་ལ་བལྟས་ན་ད་ལྟར་བོད་ཀྱི་ལོ་སར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་དུས་སྟོན་བྱས་དང་བྱེད་བཞིན་པ་ནི་རབ་བྱུང་བཞི་པའི་མེ་ཕག་ལོར་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་པ་མཆུ་ཟླ་ལོ་གསར་དུ་བཟུང་བ་ལས་དར་སྲོལ་བྱུང་ཞིང་། རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར་བོད་ལ་སྨན་རྩིས་ཁང་བཙུགས་རྗེས་ཀྱི་ལོ་ཐོ་དར་ཁྱབ་བྱུང་བའི་རྒྱུ་རྐྱེན་གྱིས་ལུགས་གསར་པ་དར་ཁྱབ་ཆེར་བྱུང་བ་མིན་ནམ་སྙམ་སྟེ། ས་མཐའ་ཁུག་ཀྱོག་རྣམས་ལ་ད་དུང་ཡང་སྲོལ་རྙིང་ལུས་ཡོད་པས་ཤེས་སོ། །ཉག་ཡུལ་དུ་གཏམ་བཤད་རྙིང་པར་རྒྱ་ཡི་ལོ་གསར་དང་བོད་ཀྱི་བཅུ་གསུམ་ཞེས་ཟེར་བ་ལའང་གོ་རྒྱུ་ཆེན་པོ་ཞིག་འདུག་སྙམ་མོ། །

གང་ལྟར་ཡང་ཉག་རོང་ལུང་པ་ལའང་ལོ་གསར་དུས་སྟོན་གཅིག་གྱུར་རང་མིན་ལ་ཟླ་ཚེས་གཅིག་ལའང་མིན་ཏེ། སྒྲོ་བོ་ཤོད་ཆེན་བཅོ་བརྒྱད་ཅེས་ཡུལ་སྡེ་ཆེན་པོ་དེར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་དུས་སྟོན་བྱས་མུས་ཡིན། མན་ཆོད་བརྒྱ་ཤོག་ཡན་ཆོད་ནས་ཆ་དགའ་ཡས་གྲོང་༼མི་ལོ་དྲུག་ཅུ་ཙམ་གྱི་སྔོན་ལ་བཟང་རོག་གྲོང་པའང་ཡིན་མོད། དེང་སང་འགྱུར་བས་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་གཏོང་བཞིན་ཡོད།༽མན་ཆོད་གྱི་ཉིན་སྲིབ་ཚང་མ་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་དུས་སྟོན་ཡིན། གཞན་ཡང་ཡུལ་དབུས་ལྟེ་བའི་ས་ཆ་རུ་ནང་༼མདོ་སྨད་དུ་དབྱངས་དང་པོ་དང་གཉིས་པ་འདོན་པའི་སྒྲ་ཟུར་ཉམས་པས་ཇི་བཞིན་མི་ཐོན་པས་གཅིག་ཏུ་སོང་། རི་གསུམ་བར་གྱི་ས་ལ་ཆགས་ཡོད་པས་རི་ནང་ཡིན་ཟེར་ཡང་རུ་དཔོན་བཞུགས་ས་ཡིན་པས་རུ་ནང་འབྲི་བ་ཐུགས་དག་སྙམ།༽བ་དང་། ཉག་སྟོད་ཕྱོགས་ཀྱི་ས་སྟོད་བ། ཟུར་པ་བ། བརྡ་གན་ཉིན་སྲིབ། བཟང་རོག་བ་དང་། ཉག་སྨད་ཕྱོགས་ཀྱི་ཆོས་ཡུལ་ལ་བརྒྱ་སྐོར་གསུམ་ཞེས་ཡུལ་སྡེ་ཆེན་པོ་བཅས་ནི་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་ཡིན། འདི་དག་ཉག་རོང་གི་སྡེ་མཐའ་སྟོད་སྨད་ནས་སྲོལ་གསར་པར་བསྒྱུར་ཡོང་བ་ཡིན་ལ། རུ་ནང་བ་ནི་ལྕགས་མདུད་རུ་ནང་ཚང་དཔོན་གྱི་གདན་ས་ཡིན་པས་སྲིད་འཛིན་གྲོང་སྡེ་ཆགས་ཡུལ་གཙོ་བོ་དེར་ཡིན་པས་སྔོན་བོད་གཞུང་གིས་བཟུང་བ་དང་རྗེས་ནས་རྒྱ་གཞུང་གིས་ཤུགས་རྐྱེན་ཐེབས་པས་ཡིན་ནོ། །

དེ་ལ་ཟླ་བཅུ་གཅིག་གམ་བཅུ་གཉིས་ཀྱི་ཚེས་གཅིག་ལ་ལོ་གསར་དུས་སྟོན་བྱེད་པའི་ཡུལ་བོད་ཀྱི་ལུང་པ་མང་པོ་ལ་ཡོད་མོད་ཀྱང་། ཉག་རོང་བས་ཟླ་བཅུ་གཅིག་གམ་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་མི་བྱེད་པ་ཚེས་བཅུ་གསུམ་ལ་དུས་སྟོན་བྱེད་དགོས་པའི་རྒྱུ་མཚན་ལ་བཤད་སྲོལ་འགའ་ཡོད་དེ་ཕལ་ཆེར་འཁྱོག་བཤད་དང་ལོག་བཤད་འབྲེལ་མེད་ཁོ་ནར་ཟད་ལ་དོན་ཚན་ལྔ་ཙམ་ཡོད་པ་གཤམ་གསལ་ལྟར་རོ། །

དང་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཉག་དམག་གིས་རྒྱ་གར་ཆུ་བོ་གང་གཱའི་ས་མཚམས་བར་བཟུང་ནས་མིང་ཡང་ཨ་ཛི་ཏ་བི་ཛ་ཡ་ཟུར་ཆགས་ནས་ཉག་ཨ་ཛི་རོང་ཟེར་བ་ཡིན། གཡུལ་ལས་རྒྱལ་ཏེ་དམག་མི་རྣམས་སླར་རང་ཡུལ་དུ་སླེབས་དུས་ལོ་རྗེས་མའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཡིན་པས་དེའི་བར་དུ་བསྒུགས་ནས་དེར་ལོ་གསར་དུས་སྟོན་བྱས་པ་རྒྱུན་འབྱམས་སུ་སོང་བ་ཡིན་ཟེར། འདི་ལ་དཔྱད་པ་འདི་ཡོད་དེ་གལ་སྲིད་ཉག་དམག་སོང་བས་གཡུལ་ལས་རྣམ་པར་རྒྱལ་བ་ཡིན་ན་ལོ་རྒྱུས་ཆོས་འབྱུང་སོགས་ཡིག་ཆ་ལ་ཡོད་དགོས་ན་དེ་ནི་མེད་པས་དང་། ཉག་རོང་གི་ཡིག་ཆ་རྙིང་པ་རྣམས་ལའང་གཅིག་ཀྱང་མེད་པས་ཉག་རྒན་འགས་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་དུས་དྲན་ལོ་རྒྱུས་ལ་ལད་མོ་བྱས་ནས་ངག་རྒྱུན་ཙམ་བརྩམས་པར་ཟད་དོ། །

གཉིས་པ་ནི་གླིང་གེ་སར་རྒྱལ་པོས་ཨ་བསེ་གཡུ་རལ་རྒྱལ་པོ་བདུད་ཀྱི་དམག་དཔུང་སྡེ་དང་བཅས་པ་བཏུལ་ནས་ཉག་རོང་ལ་དམ་པའི་ཆོས་ཀྱི་བསྟན་པ་ཉི་མ་ཤར་བ་འདྲ་བྱུང་བའི་དུས་ནི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ཡིན་པས་དེ་ནས་དུས་དེའི་དགའ་སྟོན་ལ་རྒྱུན་འཛིན་བྱུང་བ་ཡིན་ཟེར། དེ་ལའང་དཔྱད་བྱའི་དངོས་པོ་འཛམ་གླིང་ན་ཆེས་མང་བའི་སྙན་ངག་གི་ལོ་རྒྱུས་རིང་མོ་ཞེས་གེ་སར་གྱི་སྒྲུང་རྣམས་ལས་མི་གསལ་བ་མ་ཟད་ཨ་བསེ་གཡུ་རལ་རྒྱལ་པོའི་སྒྲུང་ཡིག་ནང་དུའང་མེད་ན་དོགས་པ་ཟ་དགོས་པའི་ཡུལ་དུ་གྱུར་ཅིང་། སྤྱིར་ཉག་རོང་བས་རང་སྡེ་ཨ་བསེ་གཡུ་རལ་རྒྱལ་པོའི་ཕྱོགས་མི་བཟུང་བ་དགྲ་བོའི་ཕྱོགས་མི་བཟུང་སྟེ། དེ་འདྲ་ནི་ཉག་མིའི་གཤིས་ཀ་རྩ་བ་ནས་མིན་པས་སོ། །

གསུམ་པ་ནི་ལྕགས་མདུད་ཤེས་རབ་རྒྱལ་མཚན་ཟླ་དང་པོའི་ལོ་སར་སྐབས་རྒྱ་ནག་གོང་མ་ལ་བཅར་དགོས་པས་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་ལོ་སར་དུས་སྟོན་སྔོན་དུ་གཏོང་བ་ཡིན་ཟེར་རོ། །དེ་ལའང་དོགས་གཞི་ཆེན་པོ་ཡོད་དེ་སྤྱིར་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱ་ནག་གོང་མ་མཇལ་ཡོད་ཀྱང་། ལྕགས་མདུད་ཤེས་རབ་རྒྱལ་མཚན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་བསྡོངས་ནས་རྒྱ་ནག་གོང་མ་ལ་མཇལ་ཟེར་བའི་ལོ་རྒྱུས་དངོས་མེད་པ་མ་ཟད་བདེན་པའང་མིན་ཏེ། ཁོང་གཉིས་དུས་སྔ་ཕྱི་མི་འགྲིགས་ཤིང་གཅིག་འདས་ཚར་རྗེས་གཅིག་གཞི་ནས་འཁྲུངས་པ་ཡིན་པས་དགོས་དབང་གིས་ལོག་བཤད་ཀྱི་སྐྱོན་ཆེན་པོ་ཡོད་དོ། །

བཞི་པ་ནི་ཟླ་བ་དང་པོ་ལ་ཆོ་འཕྲུལ་ཟླ་བ་ཁེལ་ཡོད་པས་དགེ་སྡིག་འགྱུར་ཆེ། དེས་ན་ཉག་བླ་པདྨ་བདུད་འདུལ་དང་ཟིལ་དབོན་ཀརྨ་བསོད་ནམས། ཁྲོམ་དགེ་མཁའ་སྤྱོད་དབོན་པོ་སོགས་དབོན་པོ་བརྒྱད་ཅུ་ཐམ་པ་ཉག་རྐེད་རྦ་ལྕག་གནས་སུ་འདུས། དམ་ཆོས་ཐོས་བསམ་སྒོམ་སྒྲུབ་མཛད་པའི་སྐབས། ལོ་སར་དུས་སྟོན་ནང་དུ་ཤ་ཟ་བ་དང་ཆང་འཐུང་བ་སོགས་མེད་དུ་མི་རུང་བའི་བཟའ་བཏུང་འདི་རྣམས་སྡིག་པར་འཛེམས་དགོས་པའི་ཆོ་འཕྲུལ་ཟླ་བ་ཞེས་ཟླ་དང་པོ་ལ་ཁེལ་ཡོད། སྤྱིར་ཟླ་དེར་ལོ་སར་དུས་སྟོན་དེ་ཆོས་དང་འགལ་བས་ཡག་པོ་མི་ཡོང་ཞེས་ཐུགས་གྲོས་གནང་སྟེ་ཅུང་ཟད་སྔ་བཅུག་པ་ཡིན་ཟེར་བར་རྒྱུ་མཚན་ཡོད་པ་འདྲ་བྱུང་ཡང་ཆོས་པ་དག་གི་འདོད་པ་ཁོ་ན་དང་བསྟུན་ཡོད་སྙམ། དེའི་དུས་དམར་ཆོག་བཅད་པ་དང་དམར་མཆོད་ལ་དགག་པའི་དུས་སྐབས་ཤིག་ཡིན་པས། ཡིག་ཆ་མི་ཉུང་བ་ད་ལྟ་བླ་མ་དེ་རྣམས་ཀྱི་བཀའ་འབུམ་དང་རྣམ་ཐར་སོགས་ཡིག་ཆ་ནང་དངོས་སུ་མཇལ་དུ་ཡོད། རྫ་དཔལ་སྤྲུལ་ཞལ་ནས་ཉག་རོང་བདུད་ཀྱི་ལུང་པར་བྱང་སེམས་ཆོས་ཀྱི་ཉི་མ་ཤར་བ་གྱིས་ཞེས་ཁོང་གི་དངོས་སློབ་ཟིལ་དབོན་ཀརྨ་བསོད་ནམས་ཀྱིས་དམར་ཆོག་བཅད་པ་དང་དམར་མཆོད་ལ་དགག་པ་སོགས་དགེ་བ་བཅུ་ལ་འབད་འབུངས་ཧ་ཅང་ཆེན་པོ་བྱེད་པའི་སྒང་ཡིན་པས་སོ་ཟེར་ནའང་ལོ་སར་དང་འབྲེལ་བ་ཐད་ཀར་ཡོད་པ་མ་མཐོང་ངོ་། །

ལྔ་པ་ཉག་རོང་བས་གྲངས་བཅུ་གསུམ་དང་གསུམ། བཅོ་བརྒྱད་དང་བརྒྱད་སོགས་ལ་བཟང་པོ་བརྩི་སྲོལ་ཡོད་པ་ཡིན་ཏེ། ཉག་ཤོད་ཆེན་བཅོ་བརྒྱད། ཉག་ཁྲི་སྡེ་བརྒྱད། རྨེ་གླག་ཤོད་གསུམ། ཇི་སྐད་དུ་ཡར་ངོ་ཚེས་གཅིག་ཚེས་གཉིས། །ཚེས་གསུམ་དབུས་ལ་འགྲོ་ཀོ། །ཞེས་བྲོ་རྙིང་གི་ཚིག་ལ་གསལ་བ་སོགས་དང་། ལ་རྩེ་བཅུ་གསུམ། ཕྲག་ལྷ་དར་མ་བཅུ་གསུམ། བླ་མ་རྒྱལ་མཚན་བཅུ་གསུམ། སློབ་མ་རྡོ་རྗེ་བཅུ་གསུམ་སོགས་ཧ་ཅང་མང་པོ་ཡོད་ལ་བཀྲ་ཤིས་པའི་གྲངས་སུའང་བསྒྲངས། དེས་ན་ལོ་སར་དུས་སྟོན་དུས་ཚེས་བཟང་བ་བཅུ་གསུམ་ལ་བྱེད་ན་ལེགས་ཞེས་ཉག་ཁྲི་སྡེ་བརྒྱད་ཀྱི་དཔོན་པོ་ལྕགས་མདུད་མགོན་པོ་རྣམ་རྒྱལ་གྱིས་བཀའ་ཁྱབ་བསྒྲགས། དེ་ལ་བརྩི་བསྐུར་བྱུང་བས་ལོ་སར་དུས་སྟོན་དེ་ཟླ་བཅུ་གཅིག་གམ་བཅུ་གཉིས་པའི་ཚེས་བཅུ་གསུམ་ལ་བྱས་ཟེར་བའང་རྒན་པོ་རྣམ་པས་བྱིས་པར་གནའ་སྒྲུང་བརྩམས་པ་ཙམ་དུ་ཟད་དེ་ཟླ་བའང་བཅུ་གཅིག་གམ་བཅུ་གཉིས་པ་གཉིས་གང་འདོད་གདམ་ང་ཅན་མི་ཆོག་པར་ངེས་པས་སོ། །

འོ་ན་ཚེས་བཅུ་གསུམ་ལ་བརྩི་སྲོལ་དེ་གང་ལགས་ཟེར་ན། བདག་གིས་ནི་བོད་གནའ་རབས་པའི་ལོ་འགོ་འཛིན་ཚུལ་རྙིང་པ་ཤུལ་དུ་ལུས་པའི་ས་ཁུག་ལུང་ཀྱོག་ཏུ་རིག་གནས་རྒྱུན་འཛིན་གྱི་ཞེན་པས་བཅིང་པ་ལས་བྱུང་བ་ཡིན་ནོ་ཞེས་ཁ་ཚོན་གཅོད་པ་ཡིན་ནོ། །དེ་ལ་དཔྱད་པར་བྱ་བའི་དགོས་པ་ཡེ་མི་འདུག་ཀྱང་དཔྱད་བྱའི་དོན་འདི་ཡོད་དེ། དོན་ཆེན་པོ་ལྡོག་ཏུ་མི་ནུས་པ་ཞིག་མ་བྱུང་ན་ལོ་གསར་དགའ་སྟོན་གང་བྱུང་དུ་བཅོས་མི་ནུས་ཏེ། སྤྱིར་ཉག་རོང་བ་ནི་གནའ་སྲོལ་ལ་གཅེས་འཛིན་དང་རྩ་ཆེན་བྱེད་པའི་མི་གཤིས་བཅོས་དཀའ་ལ་གྱོང་པོ་ཞིག་ཡིན་པའི་ཕྱིར་དང་། ས་ཆ་དེ་ན་བོད་སྔ་རབས་སམ་གདོང་རུས་ཀྱི་གོམས་གཤིས་ལུགས་སྲོལ། ཟས་གོས་རྒྱན་ཆ། ལོག་སྐད་ཀྱི་སྒྲ་གདངས་ཐུན་མོང་མ་ཡིན་པ་མི་ཉག་སྐད་ཅེས་པ་སོགས་ཧ་ཅང་མང་པོ་ད་དུང་ཡང་མ་ཉམས་པར་གནས་མུས་སུ་ཡིན་པའི་ཕྱིར་རོ། །ཡང་ཉག་རོང་གི་ལོ་གསར་དུས་མི་འདྲ་བར་སྒྲུང་ཞིག་བཤད་རྒྱུ་དགོས་ན། འོ་ན་རྒྱ་རོང་ལའང་གཅིག་པ་ཡིན་ཏེ་ཚེས་བཅུ་གསུམ་ལ་དུས་སྟོན་བྱེད་པའི་ཕྱིར་ཡང་སྒྲུང་གཞན་ཞིག་རྩོམས་ཤིག །ད་དུང་ཡང་ཀོང་པོས་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་གསར་དུས་སྟོན་བྱེད་པ་དང་། མངའ་རིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་བྱེད་པ། གཞིས་ཀ་རྩེས་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་བྱེད་པ་དེ་དག་ཀྱང་ཟླ་དང་པོའི་ཚེས་གཅིག་མིན་པ་ཁྱབ་མཉམ་ཡིན་པས་དཀའ་ཁག་འཕྲད་ངེས་སོ། །ཞེས་པའང་ཉག་རོང་བ་ཡིན་ཟེར་བའི་མ་འདྲིས་པའི་མཛའ་བཤེས་དྲྭ་མིང་ལ་མི་ཡི་རྣམ་ཤེས་ཟེར་བའི་དྲྭ་གྲོགས་ཤིག་གིས་ཉག་རོང་གི་བཅུ་གསུམ་ལོ་རྒྱུས་དང་རྒྱུ་མཚན་ཉུང་ངུ་གསུང་རོགས་ཞུ། བདག་ནི་ཉག་རོང་བ་ཡིན་ཡང་ལོ་རྒྱུས་མི་ཤེས་པས་ཡབ་མེས་ཀྱི་ལོ་རྒྱུས་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་འདྲ་ཟེར་བ་མ་ཡིན་ནམ་ཞེས་བསྐུལ་ངོ་མ་ལྡོག་ཙམ་དུ་ལོ་གཉིས་ཀྱི་སྔོན་ལ་ཉག་རོང་གི་བཅུ་གསུམ་ཞེས་ལོ་གསར་དུས་སྟོན་ཉིན་དེ་ལ་ཕྲལ་མར་བྲིས་ཤིང་། སླར་ས་ཁྱི་ལོར་ཡིག་ནོར་དང་ཚིག་སྐྱོན་ལ་རང་གིས་ལེགས་བཅོས་ཅུང་ཟད་བྱས་ཏེ་མདོ་སྨད་བ་ཉག་འཁྱམ་བྱ་ཚེ་རིང་གིས་སུག་བྲིས་སུ་བགྱིས་ཏེ་དབུས་ལྷ་ས་ནས་འབུལ་ན་རྒྱུ་མཚན་ཤེས་ཏེ་རང་ཡུལ་རང་སྲོལ་ལ་དགའ་ཞིང་བརྩེ་བ་དང་ལྡན་པའི་རྒྱུ་རུ་གྱུར་ཅིག །ཉག་ཡུལ་དུ་གནས་པའམ་ཡུལ་གཞན་དུ་གྱར་བའི་ཕ་ཡུལ་གཅིག་པ་ཀུན་ལ་བཀྲ་ཤིས་སྨོན་འདུན་ཞུའོ།།  །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2810