མཆན་འགྲེལ་གྱི་གོ་དོན།

བརྗོད་བྱ་ཟབ་པའམ་བརྗོད་བྱེད་བརྡ་ཆད་གོ་དཀའ་བའི་རིགས་རྒྱ་ཁྱབ་ཏུ་སྤྱོད་པའི་མིང་དང་ཚིག་དང་ཡི་གེའི་ལམ་ནས་འགྲེལ་བཤད་བྱེད་པ་ལ་མཆན་འགྲེལ་ཟེར། སྔོན་བྱོན་མཁས་པའི་ཁྲོད་དུ་གཞུང་གི་རྩ་ཚིག་གང་ཞིག་ལ་མཆན་འགྲེལ་བྱེད་པའི་ལུགས་འདི་དར་ཁྱབ་ཧ་ཅང་ཆེ། གཞུང་དོན་ཇེ་གསལ་ཏུ་གཏོང་བ་ལ་དང་གཞུང་ཚིག་བདེ་བླག་ཏུ་གོ་བར་མཆན་འགྲེལ་གྱིས་ཕན་ཐོག་མངོན་གསལ་ཡོད། དཔེར་ན། ཚད་མ་རྣམ་འགྲེལ་གཞུང་གི་ཐ་སྙད་མཁྲེགས་པོ་གང་ཞིག་འགྲེལ་བཤད་ཀྱིས་གཏན་ལ་མ་ཕབ་ན། སློབ་སྦྱོང་བ་ཕལ་གྱིས་གོ་ཐུབ་ལེ་མ་ཡིན། མཆན་ལ་མཆན་བུ་ཡང་ཟེར་ཞིང་། རྩ་བའི་ཚིག་ལས་མཆན་གྱི་ཡི་གེ་ཆུང་ངུར་བྲི་བས་མཆན་བུ་ཞེས་བཏགས་པར་མངོན། དེར་བརྟེན། འབྲུ་འགྲེལ་དང་། དོན་འགྲེལ། རྒྱ་ཆེར་འགྲེལ་སོགས་ནི་གཞུང་ལུགས་བསྟན་བཅོས་གང་ཞིག་ལ་མེད་ཐབས་མེད་པའི་དཔྱད་གཞིའི་རྒྱུ་ཆ་ཡིན། མཆན་ལ་ནག་མཆན་དང་ཟུར་མཆན། དམར་མཆན་ཏེ་རིགས་གསུམ་དུ་དབྱེ་བ་དང་། འགྲེལ་ལ་ཚིག་འགྲེལ་ལམ་འབྲུ་འགྲེལ། དོན་འགྲེལ། རྒྱ་ཆེར་འགྲེལ་སོགས་སུ་དབྱེ་སྲོལ་ཡོད་དོ། །

 

 

1 ནག་མཆན།

ནག་མཆན་ལ་དཀྱུས་མཆན་ཞེས་ཀྱང་ཟེར། རྩ་བའི་ཚིག་གི་འབྲུ་དང་དོན་མཐར་ཆགས་སམ་ནག་འགྲོས་སུ་འགྲེལ་བས་ནག་མཆན་དང་རྩ་བའི་ཚིག་དང་མཆན་ཡིག་དཀྱུས་གཅིག་ཏུ་ཀློག་བདེ་བར་བཀོད་པ་ལ་དཀྱུས་མཆན་ཞེས་བྱའོ། །

 

 

2 ཟུར་མཆན།

ཟུར་མཆན་ནི། གང་མཆན་འདོགས་སའི་རྩ་བའི་ཚིག་གི་སྟེང་འོག་དང་ཉེེ་འཁྲིས་སམ་ཟུར་དུ་མཆན་བུ་བཏགས་པ་ལ་ཟུར་མཆན་ཟེར། བཀའ་པོད་སློབ་སྦྱོང་སྐབས་སློབ་གསེར་བ་གསར་བུ་རྣམ་པས་གཞུང་གི་བརྡ་ཆད་མཁྲེག་པོ་ཁག་གི་འཁྲིས་སུ་གོ་བདེ་བའི་ཚིག་གི་མཆན་བུ་འདོགས་པར་འབད་བརྩོན་བྱེད་པ་ཡིན་ནོ། །

 

 

3 དམར་མཆན།

དམར་མཆན་ནི། རྩ་བའི་ཚིག་དོན་གྲོང་ཚིག་ཕལ་བས་དམར་རྗེན་དུ་བཀྲོལ་བ་ལ་ཟེར་བ་ཨེ་ཡིན་སྙམ་ཞིང་། ཚོན་དམར་གྱིས་མཆན་བུ་བཏགས་པ་ལ་དམར་མཆན་ཟེར་བའང་ཡོད། ཚོན་དམར་གྱིས་མཆན་བུ་བཏགས་པའི་སྲོལ་འདི་གནའ་སྔ་ནས་དར་ཞིང་། དུས་ད་དུང་ཡང་རྒྱ་ཁྱབ་ཏུ་སྤྱོད་ཀྱིན་ཡོད། རྩ་བའི་ཚིག་ཚོན་ནག་པོས་བྲིས་ཡོད་ན། ཚོན་དམར་གྱིས་མཆན་བཏབ་དུས་ལམ་སང་མཆན་བུ་ངོས་ཟིན་པའི་དགོས་པའང་ཡོད།

 

 

༡འབྲུ་འགྲེལ།

འབྲུ་འགྲེལ་ནི། ཚིག་འགྲེལ་དང་དོན་མཚུངས་ཤིང་། རྩ་བའི་ཚིག་གི་འབྲུ་གཉེར་ནས་ཡིག་ཚོགས་ཉུང་ངུས་འགྲེལ་བཤད་བྱེད་པ་ལ་འབྲུ་འགྲེལ་ལམ་ཚིག་འགྲེལ་ཟེར།

 

 

༢དོན་འགྲེལ།

དོན་འགྲེལ་ནི། བསྟན་བཅོས་གང་གི་རྩ་བའི་ཚིག་གི་བརྗོད་དོན་གཙོར་འདོན་གྱིས་འགྲེལ་བཤད་བྱེད་པ་ལ་ཟེར།

 

 

རྒྱ་ཆེར་འགྲེལ།

རྒྱ་ཆེར་འགྲེལ་ནི། འགྲེལ་བྱའི་རྩ་བའི་ཚིག་དང་དོན་དགག་བཞག་སྤོང་གསུམ་དང་བཅས་པའི་སྒོ་ནས་རྒྱས་ཤིང་རྒྱས་པར་འགྲེལ་བཤད་བྱེད་པ་ལ་ཟེར་ཞིང་། བོད་ཀྱི་སྔ་རབས་མཁས་པ་རྣམས་ཀྱི་གཞུང་འགྲེལ་ཁྱབ་ཁོངས་སུ་བརྒྱ་ཆ་མང་པོ་ཞིག་རྒྱ་ཆེར་འགྲེལ་གྱིས་ཟིན་ཡོད། དཔེར་ན། རྗེ་བདག་ཉིད་ཆེན་པོའི་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལེགས་བཤད་གསེར་ཕྲེང་དང་། སངས་རྒྱས་མི་གཟུགས་སུ་བྱོན་པར་གྲགས་པའི་ཐམས་ཅད་མཁྱེན་པ་མི་བསྐྱོད་རྗེའི་མཛད་པའི་མཛོད་ཀྱི་འགྲེལ་བཤད་ལྟ་བུའོ། །

 

 

༢༠༡༨/༡༢/༡༢/__འཚོལ་སྙེགས་ཀྱིས་ཡི་གེར་བཏབ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2800