མི་ཕལ་མོ་ཆེས་འདི་སྙམ་དུ་སེམས་ཏེ། རང་ཉིད་ནི་འཇིག་རྟེན་གྱི་ལྟེ་བ་དང་། རང་ཉིད་ཀྱི་ཤེས་རིག་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འགག་རྩ་ཡིན་པར་སྙམ། དེ་ཡང་གྷི་རིག་པ་མང་པོས་ལོ་རྒྱུས་ཀྱི་དབུ་རྩོམ་ས་ནི་གནའ་བོའི་ཧོ་མུར(Homer)དང་སོ་ཕོ་ཁིལ་སི(Sophocles)། ཕི་ལ་ཐོ(Plato)བཅས་ཡིན་པར་ངོས་འཛིན་བྱེད་ཅིང་། རླབས་ཆེ་བའི་བསམ་བློ་དང་གསར་གཏོད་ཀུན་ཀྱང་ཨ་ཐེན་སི(Athens)དང་སི་ཕེར་ཏ(Sparta)། ཨ་ལེག་ཟན་དར(Alexandria)། ཡང་ན། ཁོན་སི་ཏན་ཏི་ནེ་ཕོལ(Constantinople)བཅས་ལས་བྱུང་བ་ཡིན་པར་ཡིད་ཆེས་བྱེད་དོ།། རྒྱ་ནག་ཏུ་མི་རིགས་རིང་ལུགས་པ་རྣམས་ཀྱིས་ལྟ་ཚུལ་སྣ་ཚོགས་འཛིན་ཏེ། ལོ་རྒྱུས་ཀྱི་འབྱུང་ཁུངས་ནི་ཧོང་ཏི་དང་ཞ་ཧྲང་ལས་དབུ་བརྩམས་པའི་ཕྱིར། ནུབ་ཕྱོགས་དང་ཨི་ས་ལེམ། རྒྱ་གར་རྣམས་ལ་གྲུབ་འབྲས་ག་རེ་ཡོད་ཀྱང་། རྒྱ་མིའི་ཤེས་རིག་ལ་ལྟོས་ན་ནི་དེ་དག་ཀུན་ཀྱང་གླེང་རི་བ་ཞིག་མིན་པར་སྨྲ།

 

རྒྱ་གར་རང་སའི་རིང་ལུགས་འཛིན་པ་ཚོས། གོང་གི་རྒྱ་ནག་གི་རང་བསྟོད་དེར་མོས་མཐུན་མེད་དེ། རྒྱ་གར་པས་གནམ་གྲུ་དང་རྡུལ་མདེལ་ཚུན་ཆོད་ཀྱང་རང་གི་སྔོན་བྱོན་མཁས་པ་དག་གིས་གསར་གཏོད་བྱས་པར་ཆ་འཇོག་བྱེད་པས། ཀོང་ཙེ་དང་ཕི་ལ་ཐོ་རྣམ་པ་ཡང་དེའི་ཕྱིས་སུ་འཁྲུངས་པ་ཡིན་ན། ཨེན་སི་ཏན་དང་ཕུ་ནུ་རེ་ཏི(Wright Brothers)སོགས་ནི་བཤད་མ་དགོས་པ་ཞིག་རེད། ཁྱེད་ཀྱིས་ཤེས་པར་བྱ་བ་ནི། དཔེར་ན། བྷར་དྷི་ཝ་རྗེ(Maharishi Bhardwaj)ཡིས་མེ་ཤུགས་འཕུར་མདའ་དང་གནམ་གྲུ་གསར་གཏོད་བྱས་པ་དང་། ཝེ་སི་ཝ་མ་ཏི་ར(Vishwamitra)ཡིས་གསར་གཏོད་ཀྱི་ཁར། བསྒྱུར་མདའ་ཞིག་དངོས་སུ་འཕེན་མྱོང་ཡོད་པ་རེད། ཨ་ཆར་ཡེ་ཁ་ན་དྷི(Acharya Kanad)ནི་རྡུལ་མདེལ་གསར་གཏོད་མཁན་དང་། དེ་མིན་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ《མ་ཧ་བྷ་ར་ཏ》(Mahabharata)ཞེས་པར་ཡང་། སྔོན་ནས་རྡུལ་མཚོན་གྱི་སྐོར་ཕྲ་ཞིང་ཞིབ་པའི་ངང་བརྗོད་ཡོད་པ་མིན་གྲང་།

 

གཞན་ཡང་། དད་དང་དམ་ཚིག་ལྡན་པའི་མུ་སི་ལིམ་རྣམས་ཀྱི་ངོས་ནས་བརྗོད་ན། མཉམ་མེད་སྟོན་པ་སྦྲང་རྩི་བློ་གྲོས་མཆོག་གི་སྔ་རོལ་གྱི་ལོ་རྒྱུས་མང་ཆེ་བ་ནི་ཡོད་ཀྱང་རུང་ལ་མེད་ཀྱང་འོས་པ་སྟེ། 《ཀོ་རན་ཆོས་དཔེ》ཡི་རྗེས་ཀྱི་ལོ་རྒྱུས་རྣམས་ནི་ཨི་ས་ལེམ་གྱི་ཨོ་མ(ummah)སྙིང་པོར་བྱས་པ་འབའ་ཞིག་གོ ། འོན་ཀྱང་། ཏུར་ཁེ་དང་ཏ་ཟིག  ཨེ་ཅེབ་བཅས་ཀྱི་མི་རིགས་རིང་ལུགས་པ་དག་ནི་དམིགས་བསལ་མ་གཏོགས། དེ་ཚོས་སྟོན་པ་སྦྲང་རྩི་བློ་གྲོས་མཆོག་གི་སྔོན་ལ་ཡང་། རང་གི་རྒྱལ་ཁབ་ནི་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་གྱི་འབྱུང་གནས་ཡིན་པར་ཁས་འཆེ་བ་རེད། དེར་བརྟེན། 《ཀོ་རན་ཆོས་དཔེ》བལྟམས་པའི་འོག་ཏུ་གཙོ་བོ་རང་གི་རྒྱལ་ཁབ་ཀྱིས་ཨི་ས་ལེམ་གྱི་བསྟན་པ་རྣམ་དག་རང་སོར་བཞག་སྟེ། ཨི་ས་ལེམ་གྱི་གཟི་བརྗིད་ཁྱབ་སྤེལ་མཛད་པའོ། །

 

ད་དུང་སྨོས་མ་དགོས་པ་ནི། དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཨུ་རུ་སུ། ཉི་ཧོང་བཅས་རྒྱལ་ཁབ་གཞན་མང་པོས་ཀྱང་། གལ་ཏེ་སོ་སོའི་རྒྱལ་ཁབ་ཀྱི་བླ་ན་མེད་པའི་གྲུབ་འབྲས་མིན་ཚེ། མིའི་རིགས་ཧྲིལ་པོ་ནི་ཀླ་ཀློ་དང་ཤེས་རྨོངས། ཀུན་སྤྱོད་ངན་པའི་གནས་སུ་ལྟུང་ངེས་པར་འདོད་དོ། ། འདས་པའི་ལོ་ཟླར་མི་ཁ་ཅིག་གིས་མི་བསམ་དགུ་བསམ་གྱིས། ཐ་ན་དངོས་ལུགས་ཀྱི་ཆོས་ཉིད་ཀྱང་སོ་སོའི་ཆབ་སྲིད་ལམ་ལུགས་དང་ཆོས་ལུགས་ཀྱི་བྱེད་སྒོར་བརྟེན་ཏེ་བསྐྱང་ཆོག་པར་སེམས། དཔེར་ན། ཨ་ཙི་ཏེ་ཁི་པ(Aztec)ཡིས། གལ་ཏེ་ཁོ་རང་ཚོས་ལོ་རེ་རེར་ལྷ་ལ་དམར་མཆོད་ཕུལ་བ་མིན་ན། ནམ་ཞིག་ཉི་མ་རི་ལས་མི་འཕགས་ཤིང་། སྲིད་པའི་ཁམས་ཡོངས་རྫོགས་ཀྱང་འཐོར་ཞིག་ཏུ་འགྲོ་བར་སྙམ་པ་ལྟར་རོ། །

 

དེར་བརྟེན། འདིར་སྨྲ་བཏུབ་པ་ལ། ལྟ་ཚུལ་འདི་དག་ཐམས་ཅད་ནི་ནོར་འཁྲུལ་འབའ་ཞིག་གོ། དེ་དག་གིས་ཕྱོགས་གཅིག་ནས་ལོ་རྒྱུས་ལ་བསམ་གཟས་ནས་སྣང་ཆུང་བྱས་པ་དང་། ཡང་ཕྱོགས་གཞན་ནས་རིགས་རྒྱུད་མཆོག་འཛིན་གཙིགས་སུ་བཀུར་བ་རེད། འགྲོ་བ་མིས་མི་སེར་སྤེལ་བའི་སྐབས་དང་། སྲོག་ཆགས་འདུལ་བའི་སྐབས། རྩི་ཤིང་འདེབས་པའི་སྐབས། གྲོང་ཁྱེར་ཐོག་མ་སྐྲུན་པའི་སྐབས། ཡི་གེ་དང་དངུལ་སྒོར་གསར་གཏོད་བྱེད་པའི་སྐབས་གང་ཡིན་ཡང་། མངོན་པའི་ང་རྒྱལ་གྱིས་བརྟས་པའི་ཆོས་ལུགས་དང་རྒྱལ་ཁབ་དེ་དག་ད་དུང་འཇིག་རྟེན་འདིར་རྩ་བ་ནས་བྱུང་ཡོད་པ་མ་རེད། ཀུན་སྤྱོད་དང་སྒྱུ་རྩལ། བློ་རིག་དང་གསར་སྐྲུན་གྱི་ནུས་པ་ཐམས་ཅད་མིའི་རིགས་ཀྱི“DNA”ཡི་ནང་དུ་མ་གཞི་ནས་མངའ་བའི་ནུས་པ་ཞིག་རེད། དེ་དག་གི་འབྱུང་ཡུལ་ནི་གནའ་བོའི་རྡོ་ཆས་དུས་རབས་ཀྱི་ཧྥེ་གླིང་ལ་ཐུག་ཡོད། དེའི་དབང་གིས། ཧོང་ཏིའི་དུས་རབས་ཀྱི་རྒྱ་ནག་ཡིན་ཡང་འདྲ། ཕི་ལ་ཐོའི་དུས་རབས་ཀྱི་གྷི་རིག་ཡིན་ཡང་འདྲ། ཡང་ན། མུ་སི་ལིམ་དུས་རབས་ཀྱི་ཨ་རབ་ཡིན་ཡང་འདྲ་སྟེ། ཀུན་ཀྱང་རྗེས་སུ་བྱུང་ཞིང་། ཀུན་ཀྱང་ཐོག་མའི་ཡོང་ཁུངས་མ་རེད། དུས་ཚོད་དང་ས་གནས་འདི་དག་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་གནས་ཡིན་པར་བསྙད་པ་ནི། ཐལ་དྲགས་པའི་རང་ཉིད་མཆོག་འཛིན་གྱི་ང་རྒྱལ་ཞིག་རེད།

 

ཁོ་བོ་ནི་རང་ཉིད་མཆོག་འཛིན་གྱི་གཏམ་ཅོལ་འདི་ལྟ་བུར་གསལ་ཆ་ཤིན་ཏུ་ཆེན་པོ་ཡོད། ཅིའི་ཕྱིར་ཞེ་ན། ཁོ་བོ་གཏོགས་པའི་ཡ་ཧུ་དའི་མི་རིགས་ཀྱིས། རང་ཅག་ནི་འཛམ་གླིང་ཡོངས་ཀྱི་བླ་ན་མེད་པའི་རིགས་རྒྱུད་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ཀྱིས་མིའི་རིགས་ཀྱི་བྱ་གཞག་གང་ཡང་རུང་བའི་གསར་གཏོད་དམ་གྲུབ་འབྲས་ཤིག་གང་བྱུང་སྨྲ་བའི་མོད་ལ། ཡ་ཧུ་ད་པ་རྣམས་དེ་མ་ཐག་མཆོངས་ཏེ་མཛད་རྗེས་མཁན་གང་ཞིག་བདག་གིར་འཛིན་པ་རེད། ཁོ་བོ་དང་ཡ་ཧུ་ད་པར་འབྲེལ་བ་ཟབ་མོ་ཡོད་པའི་རྐྱེན་གྱིས། ཁོ་ཚོས་ཞེ་ཐག་པ་ནས་དེ་ལྟར་འདོད་བཞིན་ཡོད་པར་ངེས་ཤེས་རྙེད་པ་ཡིན།

 

སྔོན་མ་ཞིག་ལ། ཁོ་བོ་ཡ་ཧུ་དའི་ཡོ་གའི་བཤེས་གཉེན་ཞིག་གི་མདུན་དུ་སློབ་ཁྲིད་མཉན་པར་ཆས་ཤིང་། བཤེས་གཉེན་གང་གིས་སློད་ཁྲིད་ཐོག་མ་གནང་སྐབས། ཧ་ཅང་ནན་ཏན་གྱི་སྒོ་ནས་ཡོ་ག་ནི་ལུང་སྟོན་པ་ཨེ་བྷོར་ཧམ(Abraham)གྱིས་གསར་གཏོད་མཛད་པ་དང་། ད་དུང་ཡོ་གའི་ལུས་སྦྱོང་གཙོ་བོ་དག་ཧེབ་རེའི་གསལ་བྱེད་ཀྱི་གཟུགས་དབྱིབས་ལས་གྲུབ་པ་ཡིན་ཞེས་ཟེར། ཡོ་གའི་བཤེས་གཉེན་དེ་ཡིས་བསྟུད་མར་བརྗོད་དོན། ཨེ་བྷོར་ཧམ་གྱིས་ལུས་སྦྱོང་འདི་དག་ཟུར་བཟའི་བྱི་ཕྲུག་ཅིག་ལ་བསླབས་ཤིང་། བྱི་ཕྲུག་དེ་ཉིད་ཕྱིས་སུ་རྒྱ་གར་གྱི་ཕྱོགས་སུ་ཕྱིན་ཏེ། རྒྱ་གར་པ་རྣམས་ལ་ཡོ་ག་བསླབས་པ་རེད། བདག་གིས་ཡོ་གའི་མཁས་དབང་གང་ཉིད་ལ་དེར་བདེན་དཔང་ཞིག་གསུང་རོགས་ཞུས་པར། ཁོང་གིས་ལན་ལྡོན་པ་ནི《ལྷ་ཆེམས》ནང་གི་ལུང་ཚིག་དུམ་བུ་ཞིག་སྟེ། “ཨེ་བྷོར་ཧམ་གྱིས་ནོམ་པ་རྣམས་ཁོང་གི་བྱི་ཕྲུག་དག་ལ་བགོས་པ་དང་། ཁོང་ཉིད་ཞལ་བཞུགས་པའི་སྐབས་དང་བསྟུན། བྱི་ཕྲུག་དག་ཁོང་གི་སྲས་ཨེ་ཟི(Isaac)དང་གྱེས་ཏེ་ཤར་ཕྱོགས་སུ་མངགས་པ་རེད།”  ཅེས་སོ། ། ཁྱེད་ཀྱིས“ནོམ་པ”འདི་དག་ག་རེ་ཡིན་པར་སེམས། འདི་ནི་ཁ་གསལ་གཏིང་གསལ་མིན་ནམ། ཐ་ན་ཡོ་ག་ཡང་ཡ་ཧུ་ད་པས་གསར་གཏོད་བྱས་པ་ཡིན་འདུག

 

དེ་ལྟ་མོད། ཡོ་ག་ནི་ཨེ་བྷོར་ཧམ་གྱིས་གསར་གཏོད་མཛད་པར་ཡིད་ཆེས་བྱེད་མཁན་མང་པོ་ཡོད་ཀྱི་མ་རེད། འོན་ཀྱང་། ཡ་ཧུ་དའི་གཙོ་རྒྱུགས་ཆོས་ལུགས་པས་དངོས་གནས་འདི་ལྟར་སེམས་ཏེ། སྲིད་པའི་ཁམས་བརྟན་པོར་གནས་དོན་ནི། ཡ་ཧུ་དའི་ཆོས་ལུགས་ཀྱི་རའ་བྷེ(Rabbi)ཡིས་བླ་ན་མེད་པའི་ཡ་ཧུ་དའི་གསུང་རབ་ཐོས་བསམ་བྱ་བའི་ཕྱིར་ཡིན། གལ་ཏེ་ཡ་ཧ་ད་པས་ཐོས་བསམ་བྱེད་པ་མཚམས་བཞག་ཚེ། སྲིད་པའི་ཁམས་ཀྱི་རྒྱུན་འགག་པར་འགྱུར་ལ། གལ་ཏེ་ཇེ་རུ་ས་ལེམ(Jerusalem)དང་བྷོ་རོ་ཁི་ལིན(BrooKlyn)ཡི་རའ་བྷེ་ཡིས《ཊལ་མུ་ཌི》ལ་འཆད་རྩོད་བྱེད་པའི་ཕྱག་ལས་དོར་བ་ཡིན་ན། རྒྱ་དཀར་ནག་དང་ཨི་ཐ་ལི་སོགས་མ་ཟད། རྒྱང་རིང་གི་བརྟན་སྐར་རྣམས་ཀྱང་རྨེག་མེད་དུ་འགྲོ་བར་འགྱུར་རོ། ། འདི་ནི་ཡང་དག་པའི་ཤོག་ཁག་གི་ཡ་ཧུ་དའི་ཆོས་ལུགས་དད་མོས་ཀྱི་སྙིང་པོ་ཞིག་རེད། གལ་ཏེ་གང་སུ་དག་གིས་དོན་འདིར་བློ་རྩེ་གཉིས་སུ་འཇུག་པར་བྱེད་ན། དེ་ནི་བླུན་པོ་ཐ་ཤལ་པ་ཞིག་ཡིན་པར་བགྲང་ངེས་པ་ཡིན། ཡ་ཧུ་དའི་སྐྱེ་བོ་ཕལ་པ་ཞིག་ཡིན་ཚེ། ཕལ་ཆེར་འུད་བསྟོད་ཀྱི་ཚུལ་འདི་ལ་སོམ་ཉི་ཙམ་མི་བཟའ་བའི་ངེས་པ་མ་མཆིས་ཀྱང་། མཐར་ཁོ་ཚོས་ཀྱང་ཡ་ཧུ་ད་པ་ནི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་མི་སྣ་དང་། འགྲོ་བ་མིའི་ཀུན་སྤྱོད་དང་བློ་རིག  ཤེས་རིག་བཅས་ཀྱི་འབྱུང་གནས་ཡིན་པར་བློ་འཁེལ་བ་རེད།

 

སྤྱིར་བདག་གི་ཤ་རུས་གདུང་རྒྱུད་གཅིག་པའི་ཡ་ཧུ་དའི་མི་གྲངས་དང་དོན་དམ་པའི་ཤུགས་རྐྱེན་གཉིས་ལ་ད་དུང་སྟོང་ཆ་ཡོད་ཀྱང་། དོན་གང་ལའང་དངངས་སྐྲག་དང་ངོ་གནོང་བྲལ་བའི་ཆ་ནས་ནི། གཞན་སུ་དང་གང་གི་རྗེས་སུ་ཡང་ལུས་པར་མི་འགྱུར་ཏོ།། རང་མི་རིགས་ཀྱི་ཉེས་སྐྱོན་བརྗོད་པ་ནི། མི་རིགས་གཞན་ལ་དགག་བཞག་བྱེད་པ་ལས་ལྷག་པར་ཚུལ་དང་ལྡན་པས། ད་ནི་ཁོ་བོས་ཡ་ཧུ་དའི་ཆོས་ལུགས་དཔེ་མཚོན་དུ་བཀོད་དེ། འདི་ལྟར་མངོན་པའི་ང་རྒྱལ་བྱེད་པ་ལས་དགོད་བྲོ་བ་ཞིག་གཞར་ཡང་མེད་པའི་སྐོར་ལ་འགྲེལ་བརྗོད་བྱེད་རྒྱུ་ཡིན་ལ། གཞན་འཛམ་གླིང་ས་ཕྱོགས་ཁག་གི་རིགས་སྡེ་སོ་སོའི་འུད་པོ་ཆེ་དག་ནི། ཡུལ་གྲུ་དེ་དག་ཏུ་བཞུགས་པའི་ཀློག་པ་པོ་རང་རང་གིས་བརྟོལ་དགོས་པའི་སྐལ་དུ་བཞག་པའོ། །

 

སྒོ་ཡོན་གྱིས་བསྒྱུར།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2790