ཏན་ཏན་སྐྱེ་བོ་མཐའ་དག་རྒྱལ་ཁབ་ག་གེ་མོ་དང་མི་རིགས་དང་ཚོ་ཤོག་སྡེ་བ་གང་དང་གང་ཡིན་ཡང་འགོ་ཁྲིད་ཀྱི་རྗེས་སུ་བསྙེགས་ནས་བགྲོད་ལམ་རིང་མོ་ཞིག་ལ་ཕྱོགས་ནས་བསྙེག་གིན་ཡོད་ལ། དེ་བཞིན་འགོ་ཁྲིད་དམ་ལམ་ལུགས་གཙོ་སྐྱོང་བའི་བཀར་ཉན་ནས་འགྲོ་བ་ནི་སྐྱེ་བོ་སུ་ཡང་གཅིག་ཏུ་མཚུངས། དེ་བཞིན་འགོ་ཁྲིད་དམ་ལམ་ལུགས་གཙོ་སྐྱོང་གིས་བཞག་པའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་དེའི་འོག་གི་འབངས་མི་མཐའ་དག་གི་ཕྲག་པར་མཉམ་ཁུར་བྱས་ནས་འགྲོ་དགོས་པ་དེ་ཡང་གཅིག་མཚུངས་སུ་ཟད་མོད། དེ་ཡང་ཡིན་ཏེ་མང་པོས་བཏེགས་ན་གདུང་མ་ཡང་པའི་དཔེ་ལྟར། གཅིག་གྱུར་གྱིས་སྒྲིག་ལམ་མཉམ་ཁུར་བྱེད་པ་ནི་ཚོགས་སྡེ་ཞིག་ཡུན་དུ་གནས་ཐུབ་པའི་གཞི་རྩའི་ཆོས་ཉིད་ཅིག་ཏུ་གྲུབ་མོད་ཀྱི། འོན་ཏེ། གང་ཟག་སྒེར་པ་དང་བྱེ་བྲག་པའི་དོན་དུ་སྤྱི་ཡི་བཀའ་ཤོག་དང་། སྒྲིག་འཛུགས། རྩ་དོན། ཁྲིམས་ལུགས་བསྒྲགས་པའི་རུལ་སུངས་ཀྱི་ཚོགས་སྡེ་ཞིག་ལ་མཚོན་ན་ཚོགས་སྡེ་དེ་ཉིད་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་རྒྱབ་སྐྱོར་ཇི་ཙམ་བྱས་ཀྱང་རྨང་གཞི་ཡོལ་བའི་རྒྱུ་དང་རྐྱེན་ཚང་ཟིན་པས་གང་ཟག་གཅིག་དང་གཉིས་ལྟ་བུའི་དམིགས་བསལ་བ་གང་རུང་གིས་ཚོགས་སྡེ་ཞིག་ལེགས་ལམ་དུ་ཁྲིད་མི་ཐུབ།

འགན་འཛིན་པ་དང་འབངས་མིའི་བར་གྱི་འགལ་བ།

འགན་འཛིན་པ་དང་འགོ་ཁྲིད་དག་གི་མིག་རྡེབ་པ་ཙམ་ཡང་སྤྱི་དོན་དུ་འབྲེལ་བས། ཏན་ཏན་བྱ་བ་ཅི་ཞིག་བསྒྲུབ་རུང་འབངས་ཀྱི་འཚོ་ཚིས་ཀྱི་ཕྱིར་དང་འབངས་བློ་ངོར་ནས་མ་ཡལ་བ་བྱེད་དགོས། ད་ལྟའི་སྣང་ཚུལ་ལ་ཆོས་ལུགས་དང་། དཔལ་འབྱོར། སྲིད་དོན། སྒེར་དོན། དགོན་པའི་དོན་གང་ཞིག་ཡིན་རུང་འགན་འཛིན་པ་དག་གིས་ལྐོག་ལྐོག་སུད་སུད་ཀྱིས་བྱ་བ་སྣ་ཚོགས་བསྒྲུབས་ནས་འབངས་ཀྱི་མི་སྒེར་དང་ཐ་ན་བཟའ་ཚང་དང་ནང་མི་ལ་ཡང་གསང་བའི་ཆབ་སྲིད་ཀྱི་བྱ་བ་སྣ་ཚོགས་བསྒྲུབས་པས་འབངས་ཀྱིས་བློར་ཆུད་མི་ནུས་པས་དོགས་པ་སྣ་ཚོགས་དང་། འབངས་ཀྱི་བློ་སེམས་དཀྲུགས་ནས་འགན་འཛིན་པར་ཡིད་ལོག་པར་བསྐྱེ་འོང་། དེ་ནི་ཚོགས་སྡེ་ཞིག་ཡང་དག་པའི་ངོར་འགྲུབ་མི་ཐུབ་པའི་ཆ་རྐྱེན་ཉག་གཅིག་ཏུ་གྲུབ།

ཕྱི་རོལ་གྱི་མི་སྣ་དག་དང་ཕྱི་རོལ་གྱི་འཛིན་སྐྱོང་མཁན་དག་ལ་འབྲེལ་བ་བཟོ་ཤེས་པ།

ད་སྐབས་དགོན་སྡེ་ཁ་ཤས་ཀྱི་འགན་འཛིན་པའི་ཁྲོད་དུ་སྣང་ཚོར་ཡ་མ་བརླ་མཐོང་རྒྱུ་དང་ཐོས་རྒྱུ་འདུག་སྟེ། ཕྱི་རོལ་གྱི་དགོན་སྡེའི་དོ་དམ་པ་དག་ལ་འགལ་བ་ཤ་སྟག་བཟོས་པ་དང་། དེ་དག་གིས་བཤད་པ་རྣམས་ནི་ཟོག་པོ་དང་སྤྲང་ཕྲུག་གིས་བཤད་པར་མི་བརྩི་བ་དང་། འགན་འཛིན་པ་དག་གི་ཁྲོད་དུ་ཤེས་རིག་མཁན་དང་སློབ་གསོ་བ་གང་ཡང་མེད་པས་ཕྱི་རོལ་གྱི་དབང་འཛིན་པ་དག་ལ་ཐད་ཀར་ངོ་རྒོལ་བྱེད་པའམ་མཐའ་གཅིག་ཏུ་ཆབ་སྲིད་དང་སྲིད་ཇུས་ཡིན་ཕྱིན་རྒོལ་བར་འཛིན་པའི་འདུ་ཤེས་ཕྲ་མོ་ཞིག་གིས་ཕྱི་རོལ་གྱི་དགོན་པའི་དོ་དམ་པ་དག་ནང་གི་འགན་འཛིན་པ་དག་ལ་ཞེ་ཁྲེལ་ནས་བློ་སེམས་མི་དཀར་བ། ཕྱི་ནས་འཛུམ་དཀར་གྱི་སོ་འཕྲེང་བསྒྲིགས་ནས་འགྲོ་རུང་ནང་ནས་སྤྱང་ཀི་ལྟ་བུའི་སེམས་པས་ཕྱོགས་ཀུན་ཁྱབ་ཡོད་པའང་འགན་འཛིན་པ་དག་གི་བྱ་བ་དང་ཤེས་བྱའི་བློ་སྒོ་གུ་དོག་པས་ཡིན།ཕྱི་འབྲེལ་་འཛུགས་ཤེས་མཁན་མེད་ལ། ཐ་ན་དཔལ་འབྱོར་རྩོད་སྒྲུབ་བྱས་ནའང་འབད་མེད་ལྷུན་འགྲུབ་ཏུ་འོང་བའི་སྐྱབས་ཞུས་ཁང་སྣ་ཚོགས་ཕྱོགས་ཡར་མར་བརྒྱབ་ནས་འདུག་པ་དང་། དཔལ་འབྱོར་རྩོད་སྒྲུབ་བྱས་ཀྱང་ནང་ནས་བཟའ་ཚང་གི་དབར་ཚོང་བྱས་ནས་དགོན་པར་བཀའ་གཉན་པོར་བྱས་ནས་ཁེ་དང་ཕོགས་དགོན་པར་སྤྲོད་ཀྱིན་པའམ་དོན་དམ་པར་ནང་ལོག་ནས་ཚོང་བྱེད་པ་ལས་དགོན་པའི་དཔལ་འབྱོར་ཕྱོགས་ཀྱི་ཆེད་ལས་རང་བཞིན་ཅན་དང་ཁེ་ལས་ཅན་ཡང་མེད་པ་དང་། གལ་ཏེ་ཁེ་ལས་ཀྱི་ལམ་ཁར་བརྩོན་ནའང་འགོག་མཁན་ཤིན་ཏུ་མང་བས་ང་ཚོའི་ཡུལ་དུ་ཁེ་ལས་པ་བསྐྱེ་མི་སྲིད་དོ།། གཅིག  དགོན་པའི་སྒྲིག་ཁྲིམས་དང་འབྲེལ་ཡོད་ལ་གཉིས་ནས་ཤེས་རིག་གིས་ཕྱུག་པའི་དཔལ་འབྱོར་རྩོད་སྒྲུབ་པ་མེད་པས་སོ།།

 ཁྲིམས་སྣ་ཚོགས་བཟོ་བ།

ལོ་གཉིས་གསུམ་ནས་བརྗེ་སྤོ་བྱེད་པའི་འགན་འཛིན་པ་དག་གི་རིང་ལ་ཁྲིམས་ལུགས་བཞིའམ་ལྔ། ཆུང་ས་ཕྲ་ས་ནས་བཅུ་ནས་ཉི་ཤུའི་བར་བཞག་ནས་སྐབས་ཐོག་དེར་སྒྲིག་ལམ་དེ་ཉིད་ཀྱི་དབུ་ཚུགས་པ་དང་མི་སྣ་དེ་དག་གིས་བཅོས་པ་རེད་ལྟ་བུའི་ཆོ་ལོ་ཞིག་ཐོབ་ཕྱིར་སྔོན་གྱི་ཁྲིམས་ལུགས་རྣམས་རྒྱུན་སྐྱོང་བ་མཚམས་བཞག་ནས་སོ་སོས་རྟོགས་བཟོ་བྱས་པའི་སྒྲིག་ལམ་སྣ་ཚོགས་གསར་དུ་བཟོས་ནས་མུ་མཐུད་དུ་ཤུགས་བརྒྱག་པ། འདིའང་འབངས་དང་འགན་འཛིན་པའི་དབར་དུ་འགལ་ཟླའི་ཕུང་པོ་ཉག་གཅིག་ཏུ་གྲུབ་པའི་སྔ་ལྟས་སུ་འཚལ། རྒྱུ་རྐྱེན་གང་ཞེ་ན། མགོ་མེད་མཇུག་རྡུམ་གྱི་ཁྲིམས་ལུགས་ཤིག་སུ་གང་གིས་ཕྲག་པར་ཁུར་མི་འདོད་པས་སོ།།

འགན་འཛིན་པའི་ནང་ཁུལ་འགལ་ཟླ་བྱུང་བ།

རྒྱུ་དང་རྐྱེན་གང་རུང་ཞིག་གིས་འགན་འཛིན་པ་དག་གི་བློ་ཁར་མཐོ་དམན་ཤོར་བ་དང་། བཟང་དགེ་ངན་གསུམ་གྱི་གཏམ་སྦྱོར་གྱི་ཚིག་གི་ཕྲེང་བ་སྤེལ་བ་དང་། ངོ་ནས་འཛུམ་མདངས་དང་དགའ་གུས་བྱེད་པ་དང་། སྐྱེ་བོ་གཞན་གྱི་མདུན་ས་ནས་འགན་འཛིན་པ་གང་རུང་གི་བྱ་བ་དང་ལས་ཀར་བསྙད་བཏགས་ནས་རང་ཉིད་མཚན་ཉིད་ཀྱི་ཁྲི་གདན་ཇེ་མཐོར་འབད་ཀྱིན་པ་འདི་ཡང་། དགོན་པའམ་ཚོགས་སྡེ་ཞིག་སིལ་ཆད་དུ་འགྲོ་བའི་སྔ་ལྟས་ཉག་གཅིག་ཏུ་སེམས་པས། ནང་ཁུལ་གྱི་བྱ་བཞག་དང་། སྒྲིག་ལམ་བཟོ་བ། འདུམ་བྱེད་པ། མྱི་ངོར་གཏམ་བཤད་པ་སོགས་ཀྱང་ཁ་གཡོ་ངོན་ལྐོག་མེད་པར་རང་སེམས་རྣམ་དག་ཕྱི་རུ་མངོན་པར་བྱེད་ཐུབ་དགོས། དེ་ནི་ཚོགས་སྡེ་ཞིག་ལེགས་པའི་ལམ་དུ་འགྲོ་བའི་སྐུལ་འདེད་ཅིག་ཏུ་གྲུབ།

འགན་འཛིན་པས་ཁྲིམས་ལུགས་ཤེས་དགོས།

དགོན་སྡེའམ་ཚོགས་སྡེ་གང་རུང་ངམ་ཡང་ན་སྐྱེས་བུ་སྒེར་རེ་རེས་རྒྱལ་ཁབ་གང་དེའི་ཁྲིམས་ལུགས་ཤེས་དགོས་པ་ནི་འགན་འཁྲི་ཉག་གཅིག་ཏུ་གྲུབ་མོད་ཀྱི། འོན་ཏེ། འགན་འཛིན་པ་ཞིག་ལ་མཚོན་ན་སྤྱི་སྡེ་ཞིག་གི་སྣེ་ཁྲིད་པ་ཡིན་པས་གཞན་ལ་ལྟོས་ཏེ་སྟོབས་ཤུགས་དང་ནུས་པ། སྒམ་བརླིང་། ཡོན་ཏན། སྒལ་ཚིགས་སོགས་ཅུང་སྲ་བ་ཞིག་ཡིན་འོས་པས་སྐྱེ་བོ་གཞན་གྱི་མདུན་ས་རུ་ཁྲིམས་བཤད་ཤེས་པ་དང་གྱོད་དོན་སྣ་ཚོགས་ཁྲིམས་ཀྱི་སྟེང་ནས་ཐག་གཅོད་པ་ལས། སོ་སོའི་རྣམ་དཔྱོད་དང་རིགས་ལམ་ལ་བརྟེན་ནས་གནས་སྐབས་ཀྱི་གྱོད་དོན་སེལ་ནའང་མཐར་གཏུགས་རང་ཉིད་ནག་པོ་ནག་རྐྱང་དུ་བསྒྱུར་ཡོད།   གལ་ཏེ་གྲྭ་བ་ཞིག་ཡིན་ན་སོ་སོའི་ཁྲིམས་ལུགས(འདུལ་བ)དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཅས་མ་མཐར་མཁྱེན་དགོས་པ་ཡིན། དེ་ནི་སྐྱེ་བོ་བྱེ་བྲག་པའི་དོན་དུ་མ་ཡིན་པར་ཚོགས་སྡེ་ཞིག་ཆབ་སྲིད་པ། ཆོས་ལུགས་པ། དཔལ་འབྱོར་རྩོད་སྒྲུབ་པ། ཤེས་ཡོན་པ། སྒྱུ་རྩལ་བ། སྙན་ངག་པ། ཀླ་ཀློ་སོགས་མི་སྣ་དུ་མས་གྲུབ་པ་ཞིག་ཡིན་པས་སྐྱེས་བུ་སྒེར་རེ་རེའི་བྱ་སྤྱོད་ལ་ཐེ་གཏོགས་དང་དོ་དམ་བྱེད་དགོས་པས་ཁྲིམས་ལུགས་ལ་མཁས་ཤིང་བརྩོན་པ་བྱེད་དགོས།

 

ནགས་ཚལ་སྐྱབས་ནས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2787