གཅིག བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས།

 

 

དེ་ཡང་བོད་མི་རིགས་ཀྱི་སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས་གཙོ་ཆེ་བ་ནི་དཔེ་ཁྲིད་དང་།མཛུབ་ཁྲིད། ལུང་ཁྲིད། བཤད་ཁྲིད། ཉམས་ཁྲིད། མྱོང་ཁྲིད་སོགས་ཡིན་པར་གསུངས་ཡོད་པ་ལྟར།སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་གཙོ་བོ་དེ་དག་ལ་ཅུང་ཟད་རེ་རེ་བཞིན་མཚམས་སྦྱོར་མདོ་ཙམ་ཞུས་ན།

1.དཔེ་ཁྲིད་ནི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལས་དུས་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་ཁྲིད་ཐབས་གཙོ་བོ་ཞིག་ཡིན་པས། ད་ལྟ་སློབ་ཁྲིད་ཀྱི་བྱ་བ་སྤྱིའི་མིང་ལ་དཔེ་ཁྲིད་ཅེས་བརྗོད་སྲོལ་ཡོད་ཀྱང་ཐ་སྙད་དེ་ཉིད་ཀྱི་ཐོག་མའི་གོ་དོན་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་གཞན་ལ་དཔེ་ཆའི་ཚིག་དོན་བརྡ་སྤྲོད་པ་ཞེས་བཤད་པ་ལྟར། ཁྲིད་བྱའི་གཞུང་ཚད་གང་རུང་ཞིག་གམ་སློབ་ཚན་རེ་རེའི་དཔེ་ཆའི་ངོས་ཀྱི་ཚིག་དོན་ལྟར་ཆགས་སུ་འབྲེལ་བཤད་བྱས་ནས་སློབ་མ་ལ་གོ་བརྡ་སྤྲོད་པར་བྱེད་པའི་ཁྲིད་སྟངས་ལ་ཟེར་བ་ཡིན། དེ་ཡང་ས་པཎ་གྱི《མཁས་མཇུག》ལས་དོན་བསྡུས་ཚིག་གསལ་བརྗོད་པ་བདེ།ངག་ཉུང་ཚིག་སྙོམས་གཟུང་བ་སླ། བསྡུས་དོན་གཉིས་ཀྱི་གཞུང་གོ་བ། དེ་འདྲ་གང་གི་ཤེས་དེ་མཁས་ཞེས་དཔེ་ཁྲིད་བྱས་པ་ལྟར་དོན་བསྡུས་པ་དང་། ཚིག་གསལ་བ། བརྗོད་པ་བདེ་བ། ངག་ཉུང་བ། ཚིག་སྙོམས་པ། གཟུང་སླ་བ། བསྡུས་དངོས་གཉིས་ཀྱི་གཞུང་གོ་བ་བཅས་ཁྱད་ཆོས་བདུན་ཚང་དགོས་པར་བསྟན་པ་དང་། གཞན་ཡང་ཁྲིད་བྱའི་ནང་དོན་གང་རུང་དཔེ་ཁྲིད་བྱེད་སྐབས་རྩོམ་པ་པོ་གང་གི་མཛད་པ་ཁུངས་གང་ལ་གཏུགས་པ། ཕྱོགས་གང་དུ་གཏོགས་པ། དགོས་ཆེད་གང་ཡིན་པ། དབུ་ནས་ཞབས་སུ་བསྡུ་བའི་དོན་གང་ཡིན་སོགས་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་ཁྲིད་དགོས་པ་ཡིན་ནོ།

2.མཛུབ་ཁྲིད་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་དཔེ་ཐོག་ལ་མཛུབ་མོ་བཙུགས་ཏེ་སློབ་མ་ལ་གོ་དོན་ཁྲིད་པའི་དོན་ཞེས་དང་དོན་གནད་གང་རུང་འདི་དང་འདི་ཞེས་མངོན་སུམ་མཛུབ་ཀྱིས་ཁྲིད་པ་ཞེས་པ་ལྟར་སློབ་མ་ཚོའི་བློ་ཁ་མཐོ་དམན་ནམ་ཤེས་རྟོགས་ཀྱི་ཆུ་ཚད་མི་འདྲ་བ་ལྟར་དགེ་རྒན་གྱིས་སློབ་མ་སོ་སོའི་བློ་ཆོད་དང་བསྟུན་ཏེ་གང་ལ་གང་འཚམ་གྱི་མཛུབ་སྟོན་བྱེད་པའམ། ཡང་ན་སློབ་ཁྲིད་བྱེད་པའི་ལག་ལེན་ཁྲོད་དུ་འཕྲད་པའི་གནད་དོན་གང་རུང་ལ་གནད་ཐོག་མཛུབ་བཙུགས་ཀྱི་ཁྲིད་སྟོན་བྱེད་པ་ལ་ཟེར་ཞིང་། མཛུབ་ཁྲིད་བྱེད་སྟངས་ཀྱི་ཆ་ནས་གང་ལ་གང་འཚམ་དེ་ལ་དེ་སྟོན་བྱེད་པ་སྟེ། ཁྲིད་སྟངས་འདི་གནའ་དེང་གཉིས་སུ་ཡིག་གཟུགས་དང་། སྒྲ་སྙན་སྨན་རྩིས་གར་ཐོག་དབྱངས་གསུམ་སོགས་ལག་ལེན་ཤས་ཆེ་བའི་སློབ་ཁྲིད་ཁྲོད་དུ་བེད་སྤྱོད་པ་མང་ཞིང་། ལྷག་པར་བློ་གསར་ལས་དང་པོ་བ་རྣམས་ལ་ཁྲིད་སྟོན་བྱེད་པར་བེད་སྤྱོད་པའི་ཁྲིད་ཐབས་གཙོ་བོ་ཞིག་ཡིན།

3.ལུང་ཁྲིད་ནི་ནང་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བའི་སློབ་ཁྲིད་བྱེད་སྟངས་ཤིག་སྟེ་སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་སམ་སྟོན་པའི་བཀའ་བོད་དུ་འགྱུར་རོ་ཅོག་ལྟ་བུ་རང་རང་གི་ཆོས་རྒྱུད་ལྟར།དམ་པ་གོང་མ་ནས་བརྒྱུད་པའི་ལུང་རྒྱུན་སྤེལ་བའི་ཆེད་དུ་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱི་གཞུང་གང་རུང་འདི་ལྟར་ཆགས་སུ་བཀླགས་ཏེ་སློབ་མར་བསླབ་ཏུ་བཅུག་ནས། ཞར་ལ་ལུང་གནང་རྒྱུའི་གཞུང་ངམ་གཞུང་དེའི་ཚིག་དོན་གང་རུང་ལ་འགྲེལ་བརྗོད་འོས་འཚམ་རེ་བྱེད་པ་དེ་ལ་ཟེར་བ་ཡིན།

4.བཤད་ཁྲིད་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི《བོད་ཀྱི་གནའ་རབས་སློབ་གསོའི་ཁྱད་ཆོས》ཞེས་པར་བཤད་ཁྲིད་ཟེར་བ་ནི་སློབ་དཔོན་གྱིས་སློབ་མར་བསླབ་བྱའི་གཞུང་དེའི་ཚིག་དང་དེ་རྣམས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གསལ་བཤད་བྱས་པ་ལ་ཟེར། ཞེས་གསུངས་པ་ལ་སློབ་ཁྲིད་བྱེད་སྟངས་འདི་དཔེ་ཆའི་ཚིག་དོན་གསལ་བཤད་བྱས་པ་ཁོ་ན་ཙམ་མ་ཡིན་པར། གང་ཁྲིད་པར་བྱ་བའི་གཞུང་ངམ་ཁྲིད་གཞིའི་ཁྲོད་ཀྱི་གནད་དོན་གང་རུང་ཞིག་ལས་འཕྲོས་ནས་གང་ནས་བཤད་ཀྱང་འབྲེལ། ཇི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད་པའི་བླང་བྱ་ལྟར།དགེ་རྒན་གྱིས་སློབ་མ་ལ་རང་གི་ལྟ་ཚུལ་ལྷུག་པོར་བཤད་པའི་ཁྲིད་སྟངས་ལ་གོ་ནའང་ཆོག་སྟེ། སྤྱིར་བཏང་དུ་བཤད་ཁྲིད་ཅེས་པ་ནི་གང་ཁྲིད་པར་བྱ་བའི་གཞུང་དེའི་ནང་དོན་ལ་བཤད་པ་རྒྱས་པར་བྱེད་པའི་ཁྲིད་སྟངས་ཤིག་ཏུ་ངོས་འཛིན་པ་ཀུན་ལ་ཡོངས་གྲགས་ཡིན་པའི་ཕྱིར་རོ།། སློབ་ཁྲིད་བྱེད་སྟངས་འདི་སྤྱིར་བཏང་དུ་འཛིན་གྲྭའི་རིམ་པ་ཅུང་མཐོ་བའམ་སློབ་མ་ཡོན་ཚད་ཅུང་མཐོ་བ་ལ་འཚམ་པོ་ཡོད་པ་ཡིན། 《དུང་དཀར་ཚིག་མཛོད》ལས་ཁྲིད་དང་བཤད་པ་གཉིས་འདྲ་ཞིང་།  ཁྲིད་ནི་ལག་ལེན་དངོས་ཀྱི་དམར་ཁྲིད་དང་བཤད་པ་ནི་དཔེ་ཆེའི་ཐོག་ནས་འགྲེལ་བཤད་རྒྱག་པ་ལ་ཟེར།

5.ཉམས་ཁྲིད་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་རང་གི་ཉམས་སུ་མྱོང་བ་རྣམས་གཞན་ལ་ཁྲིད་འདེབས་པ་དེའི་གོ་དོན་གོ་སླ་བར་བཤད་ན། དགེ་རྒན་རང་ཉིད་ཀྱི་ཁྲིད་བྱའི་གཞུང་གང་རུང་དེའི་དོན་ལ་དུས་ཡུན་རིང་པོར་དཔྱད་པ་ཞིབ་ཏུ་བཏང་ཞིང་།ལག་ལེན་དུ་བསྟར་ཏེ་རང་རྒྱུད་ལ་ཉམས་མྱོང་ཁྱད་པར་ཅན་སྐྱེས་པ་དེ་གདམ་ངག་གི་ཚུལ་དུ་སློབ་མ་ལ་ཁྲིད་པ་སྟེ།ཁྲིད་སྟངས་འདིའང་འཛིན་གྲྭའི་རིམ་པ་ཅུང་མཐོ་བའམ་སློབ་མ་ཡོན་ཚད་ཅུང་མཐོ་བ་ལ་འཚམ་པོ་ཡོད།

6.མྱོང་ཁྲིད་ཅེས་པའི་གོ་དོན་སྐོར་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི《བོད་ཀྱི་གནའ་རབས་སློབ་གསོའི་ཁྱད་ཆོས》ཞེས་པར། མྱོང་ཁྲིད་ཟེར་བ་ནི་སློབ་དཔོན་གྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་སློབ་མར་སློབ་ཁྲིད་བྱས་ཏེ་སློབ་མ་ལ་ཉམས་མྱོང་དངོས་སུ་མ་ཐོན་བར་དུ་བསམ་བློ་གཏོང་དུ་བཅུག་པ་དེ་ལ་ཟེར། དེ་ཡང་དགེ་རྒན་གྱིས་སློབ་མར་མྱོང་ཁྲིད་བྱེད་པ་ལ་ཐོག་མར་ཁྲིད་བྱའི་གཞུང་དེར་ངེས་ཤེས་དང་མྱོང་བ་ཅུང་ལེགས་པར་ཐོན་པ་ཞིག་ཡིན་དགོས་ཤིང་ཁྲིད་བྱའི་གཞུང་དོན་རང་གི་མྱོང་བ་དང་སྦྱར་བའི་གཞི་རྩའི་ཐོག་ནས་སློབ་ཁྲིད་བྱེད་པ་ལ་བརྟེན་ནས། སློབ་མར་ཡིད་འགྱུར་བའི་མྱོང་བ་ཐོན་པར་བྱེད་པ་རྩལ་དུ་འདོན་པ་པའི་སློབ་ཁྲིད་བྱེད་སྟངས་ཤིག་ལ་མྱོང་ཁྲིད་ཅེས་བརྗོད་པ་འདྲ་སྟེ། ཁྲིད་བྱའི་གཞུང་དེ་ཁྲིད་པ་ལ་བརྟེན་ནས་སློབ་མ་ལས་ལྷག་པ་ཞིག་ཡོད་དགོས་པ་ནི་སྨོས་མ་དགོས།

7.དམར་ཁྲིད་ནི་དགེ་རྒན་གྱིས་ཁྲིད་བྱའི་ནང་དོན་སློབ་མའི་བློ་ལ་ལེགས་པར་ངེས་པའི་ཆེད་དུ། ཚིག་གི་གོ་བརྡ་སྤྲོད་པ་ཁོ་ན་མ་ཡིན་པར། ཁྲིད་བྱ་གང་དེ་དབང་པོའི་མངོན་སུམ་སྤྱོད་ཡུལ་དུ་འགྱུར་བར་བྱས་ཏེ་སློབ་ཁྲིད་བྱས་པ་ལ་ཟེར་བ་རེད།འདིའི་དོན་བོད་རྒྱ་ཚིག་མཛོད་ཆེན་མོར་གནད་དོན་རྟེན་པར་ཁྲིད་པ་ཞེས་བཤད་ཅིང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི《བོད་ཀྱི་གནའ་རབས་སློབ་གསོའི་ཁྱད་ཆོས》ཞེས་པར། དམར་ཁྲིད་ཟེར་བ་ནི་དངོས་ཡོད་ཀྱི་དཔེ་མཚོན་ནམ་ཡང་ན་རི་མོར་བྲིས་པ་ལྟ་བུའི་སྟེང་ནས་གསལ་བཤད་བྱེད་པ་སྟེ། དེང་རབས་གཟུགས་སྣང་ཅན་གྱི་སློབ་ཁྲིད་ཟེར་བ་དེ་ཡིན་པས།ཁྲིད་སྟངས་འདི་ནི་དེང་གི་སློབ་གྲྭ་སོ་སོའི་རིག་གནས་སྡེ་ཚན་དང་སློབ་ཁྲིད་གང་དུའང་ཚད་མི་འདྲ་བར་བེད་སྤྱོད་བྱེད་ཀྱིན་ཡོད་པ་རེད། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལ་གཞན་ད་དུང་འཕྲོས་པ་དོགས་བཅོས་དང་།དྲི་བ་དྲིས་ལན། བརྒལ་བརྟག་བགྲོ་གླེང་བློ་འཛིན་སྐྱོར་སྦྱང་།རྒྱུགས་བརྩི་བཞག་སོགས་མི་རིགས་རང་གི་ཐུན་མོང་གི་ཁྱད་ཆོས་ལྡན་ཞིང་།དེང་རབས་སློབ་གསོའི་ལག་ལེན་ཁྲོད་དུ་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པ་མང་པོ་ཡོད།

 

 

གཉིས།སྲོལ་རྒྱུན་སློབ་ཁྲིད་བྱེད་སྟངས་ལས་དེང་རབས་སློབ་གསོའི་དམིགས་ཡུལ་དང་མཐུན་པ་རྣམས་རྒྱུན་འཛིན་དར་སྤེལ་བྱ་འོས་ཚུལ།

 

 

དེང་རབས་སློབ་གསོའི་ངོ་བོ་ནི་ཕྱོགས་ཡོངས་ནས་ཡར་རྒྱས་འོངས་པའི་མི་སྐྱེད་སྲིང་བྱེད་པ་སྟེ།སློབ་གསོ་མྱོང་མཁན་གྱི་བྱང་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན།སློབ་གསོ་བསྒྱུར་བཅོས་དང་ཁྲིད་གཞི་བཅོས་བསྒྱུར་རབས་དང་རིམ་པ་སྤེལ་བའི་མཐར་ཐུག་གི་དམིགས་བྱའང་།སློབ་གསོའི་བྱ་གཞག་གི་ཕན་ནུས་སྔར་ལས་ལྷག་པའི་སྒོ་ནས་ཇེ་མཐོར་གཏོང་བ་དང་།སློབ་གསོའི་ངོ་བོ་བཅོས་མིན་དུ་མངོན་འགྱུར་བྱ་ཐུབ་པའི་ཆེད་དུ་ཡིན།དམིགས་བྱ་དེ་དག་མངོན་དུ་འགྱུར་ཐུབ་མིན་དེ་སློབ་གསོ་དང་མི་རིགས་གང་དེའི་སྲོལ་རྒྱུན་རིག་གནས་གཉིས་མཐུན་པོ་འོང་ཐུབ་མིན་དང་།སློབ་གསོ་དང་མི་རིཊ་གང་དེ་དར་རྒྱས་སུ་འགྲོ་བའི་རང་ཉིད་ཀྱི་དགོས་མཁོ་གཉིས་མཐུན་པོ་འོང་ཐུབ་མིན་ལ་རག་ལས་ཡོད་པ་རེད།

མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་སྲོལ་རྒྱུན་གྱི་སློབ་གསོའི་བསམ་བློ་དང་སློབ་ཁྲིད་བྱེད་སྟངས་ཀྱང་འདུས་ཡོད།སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལ་མཚོན་ནལོ་རྒྱུས་ཀྱི་ཡུན་རིང་པོའི་ཉམས་མྱོང་གསོག་ཉར་དང་མི་འགལ་ཞིང་ཡུལ་བབ་དང་མཐུན་པ་དུ་མ་ཡོད་པ་སྨོས་མི་དགོས་ཤིང་།སློབ་ཁྲིད་བྱེད་སྟངས་དེ་དག་ལས་སློབ་མའི་ལུས་སེམས་ཡར་སྐྱེད་ཡོང་བ་དང་།ཁོང་ཚོའི་དམངས་གཙོ་དང་འདྲ་མཉམ་གྱི་བསམ་བློ།ལག་ལེན་གྱི་ནུས་པ་དང་བསྟུན་འགྱུར་གྱི་ནུས་པ།གསར་གཏོད་ཀྱི་འདུ་ཤེས་བཅས་སྐྱེད་སྲིང་བྱེད་པའི་དེང་རབས་སློབ་གསོའི་དམིགས་ཡུལ་དང་མཐུན་པ་རྣམས་ནི་སྤང་བྱ་མ་ཡིན་པར་བླང་བྱ་ཡིན་པ་ང་ཚོས་ངེས་པར་ཤེས་དགོས།སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བ་དང་དེང་རབས་སློབ་གསོའི་ལག་རྩལ་ཁྱབ་གདལ་དུ་བཏང་བར་བསྟུན་ནས།སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལ་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད་མོད།འོན་ཀྱང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་དང་དེང་རབས་ཀྱི་སློབ་ཁྲིད་བྱེད་ཐབས་གཉིས་ཀ་གང་གིས་ཀྱང་ནམ་ཡང་གཅིག་ཚབ་གཅིག་གིས་བྱེད་མི་སྲིད།དེ་གཉིས་ནི་ལེགས་ཆ་གསབ་རེས་ཀྱི་འབྲེལ་བ་ཞིག་ཡིན་པས་ན་སྲོལ་རྒྱུན་ཁོ་ན་སྐྱོང་བའམ་དེང་རབས་གཅིག་པུར་ཞེན་པའི་ཕྱོགས་ལྷུང་གི་དོང་དུ་ལྷུང་བར་དོ་སྣང་བྱ་དགོས།སློབ་ཁྲིད་བྱེད་སྟངས་གང་ཞིག་ཡིན་ནའང་།དེ་སློབ་ཁྲིད་བྱ་ཡུལ་དང་ཐད་ཀར་འབྲེལ་ཡོད་པ་ཞིག་ཡིན་པས་ན།སློབ་ཁྲིད་བྱ་ཡུལ་གྱི་ངོས་ནས་བལྟས་ན་སློབ་ཁྲིད་བྱེད་སྟངས་གང་ལའང་དགེ་སྐྱོན་གཉིས་ཀའི་ཆ་ཡོད་ཅིང་།ཞན་ཆ་གཏན་ནས་མེད་པ་དང་ལེགས་ཆ་ཤ་སྟག་ཡིན་པའི་སློབ་ཁྲིད་བྱེད་སྟངས་ཤིག་གཏན་ནས་མེད་པ་ཡིན་ཕྱིར།སློབ་ཁྲིད་བྱེད་སྟངས་ཀྱི་ཆ་ནས་མི་རིགས་དང་གསར་རྙིང་གི་ཕྱོགས་རིས་དོར་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཁྲིད་བྱེད་སྟངས་གཉིས་ཀའི་ལེགས་ཆ་བེད་སྤྱོད་གང་ལེགས་ཀྱིས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2781