སྤྱི་ལོའི༢༠༠༧ལོའི་ཟླ་དགུ་བའི་སྟོད་ཙམ་ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཁྱེད་དང་ཐོག་མར་མཇལ་ཞིང་། ང་འདྲ་གསར་ཞུགས་སློབ་མ་དྲུག་ཅུ་ལྷག་གིས་གྲུབ་པའི་ལོ་རིམ་དང་པོའི་འཛིན་གྲྭ་ཞིག་གི་ཁུར་ལེན་བདག་པོར་བསྐོས་པས། དུས་དེ་ནས་བཟུང་ང་ལ་ནི་ཁྱེད་ཀྱི་སྐྱོན་གསུམ་དྲི་མ་སྤངས་པའི་སློབ་མ་ཞིག་གི་བསོད་ནམས་མ་བྱུང་ཡང་སློབ་གཉེར་སྒྲིག་ལམ་བརྩི་བའི་སྐལ་ལྡན་དོན་གཉེར་ཅན་ཞིག་གི་མཐུན་རྐྱེན་ཅུང་ཙམ་ཚང་བར་གྱུར། གསར་འོངས་ཡིན་པ་ལ་ཆ་རྒྱུས་ཀྱང་གསལ་བོར་མེད་པས་ཐོག་མའི་ཆ་ལ་ཁྱེད་ཀྱིས་ཚུར་ང་ཚོར་བག་ཆགས་སུ་བགོས་པ་ནི་གྲལ་དག་སྣུམ་འོད་འཁྱུག་པའི་དབུ་སྐྲ་དང་། ཟླ་རྒྱས་འཛུམ་མདངས་གསལ་བའི་ཞལ་རས། ཞི་འཇམ་གུས་བརྩི་ཆེ་བའི་རྣམ་འགྱུར་སོགས་ལུས་ཀྱི་ཆ་བྱད་རེ་འགའ་ལས་ཅི་ཡང་མ་སྣང་།
དེ་ནས་རིམ་པར་ཉིན་ནས་ཟླ་དང་། ཟླ་ནས་ལོ་གྲངས་བསྙེགས་པའི་མི་ལོ་བཞིའི་དུས་ཚོད་རིང་གི་འབྲེལ་འདྲིས་མི་ཉུང་བ་བརྒྱུད་པ་དང་། ལྷག་པར་ང་ཚོ་ལ་《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》དང་《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》སོགས་སྔོན་གྱི་མཁས་པས་བརྩམས་པའི་ལེགས་རྩོམ་སྐོར་ཞིག་ཟབ་གསལ་དག་པའི་རྩལ་གྱིས་ཞིབ་པོར་འཁྲིད་པའི་གོ་རིམ་ནང་། སྐབས་དང་སྐབས་མཁོ་ལ་གཞུང་ཚིག་མང་པོ་བློ་ནས་ཤར་མར་འདོན་ཐུབ་པ་དང་། འབྲེལ་ཡོད་ཡིག་འབྲུ་རྐང་གཅིག་བཀྲལ་ཡང་རྩ་ལག་ཐམས་ཅད་ཀྱི་ཁྱོན་ལ་བློ་གྲོས་ཀྱི་གཤོག་པ་ཐོགས་མེད་དུ་བརྐྱངས་ནུས་པ། ལྷག་པར་བརྩམས་ཆོས་གང་དེའི་བརྗོད་བྱའི་ཀློང་ལ་རང་དབང་མེད་པར་འདྲེན་པར་ནུས་པའི་འགྲེལ་བ་འགྲེལ་སྟངས་ཐུན་མོང་མ་ཡིན་པ་དེས་དགེ་རྒན་ཁོང་རང་མི་བུ་ཡོན་ཏན་ཅན་ཞིག་རེད་སྙམ་པའི་བློ་ཞིག་ང་ཚོར་སྦྱིན་བྱུང་།
གཟབ་ནན་གྱི་སློབ་ཐུན་རེ་རེ་དང་དཀྱུས་མའི་གླེང་མོལ་སོགས་སྐབས་གང་དུ་ཡིན་ཡང་། གང་གསུངས་ཐམས་ཅད་ཀྱི་ཤུགས་སུ་རིན་པོ་ཆེའི་གཏེར་ལྟར་རྒྱལ་གཅེས་དང་རིགས་ཞེན་གྱི་བསམ་པ་གཡོ་སྒྱུས་མ་བསླད་པ་ཞིག་ལྷོག་ལྷོག་ཏུ་འཕྱུར་ཞིང་སྐད་དང་ཡི་གེའི་བདེ་སྡུག་ལ་ཤ་ཚ་ཡི་ཐུགས་ཁུར་ཟབ་མོ་ཞིག་རྩོལ་མེད་རྗེན་མར་འཆར་འོངས་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ཁོང་རང་གི་དུས་རྒྱུན་གྱི་འགྲོ་ཆགས་ཉལ་འདུག་སོགས་སྤྱོད་པའི་ལག་ལེན་གསོན་པོའི་ཐོག་ཏུ་ནང་སེམས་ཀྱི་དེ་ཉིད་མཐའ་དག་བཟོད་བྲལ་ན་ཟུག་དང་བཅས་པའི་ངང་འགེལ་སྤོབས་པའི་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་དག་མཐོང་བས་དགེ་རྒན་ཁོང་རང་མི་བུ་མིང་དོན་གཉིས་ལྡན་ཞིག་རེད་སྙམ་པའི་བློ་ཞིག་ང་ཚོར་སྦྱིན་བྱུང་།
རང་གི་མིག་མདུན་གྱི་ཁེ་ཕན་དང་བདེ་སྡུག་ལ་འཕྲལ་མར་ཐུག་དུས་མེས་རྒྱལ་གྱི་གཟི་བརྗིད་ཟེར་བ་དང་མི་རིགས་ཀྱི་ལ་རྒྱ་ཟེར་བ་སོགས་ཀྱི་ཐ་སྙད་ཆེ་ཆེ་རྣམས་ཇེ་ཆུང་དང་ཇེ་ཡང་དུ་འགྲོ་ངེས་པ་སྐྱེ་བོ་ཕལ་ཆེ་བའི་སྤྱི་གཤིས་ཡིན་ནའང་། ཁོང་གིས་རྒྱུན་པར་མེས་རྒྱལ་དང་མི་རིགས། སྐད་དང་རིག་གཞུང་སོགས་ཉེན་ཁར་འཕྲད་པའི་སྒང་ལ་རང་གི་ཁེ་ཕན་འཆོར་ཡང་། རང་གི་ཟླ་ཕོགས་འགག་ཀྱང་། རང་གི་ཅ་ནེ་ཆག་ཀྱང་སྐྱོན་ཆེན་པོར་ག་ལ་སྟེ། དུས་རབས་གསར་བ་འདི་ལ་ལྟོ་རྒྱབ་གཉིས་མི་ཁེབས་པའི་དཀའ་ངལ་ཞིག་སུ་ལའང་འབྱུང་དཀའ་ལ། བརྒྱ་ལ་བྱུང་ཡང་དེ་ཙམ་ཡང་མི་ཐེག་པའི་སྡར་མ་ནི་ག་ལ་ཡིན་ཞེས་སྙིང་སྟོབས་ཆེན་པོས་ཡང་ཡང་གླེང་མྱོང་ལ། རྒྱལ་ཁབ་འབྱོར་ཅན་དུ་འཕེལ་བ་ལ་ངེས་པར་ནང་གི་མི་རིགས་སོ་སོའི་སྟོབས་ཤུགས་ཀུན་ནས་འཕེལ་དགོས་ཤིང་། དེའང་མི་རིགས་གང་ཉིད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ལེགས་པོར་བཟུང་མ་བཟུང་བའི་གནད་དང་དམ་དུ་འཁྱུད་པའི་ཚུལ་ཡང་དག་པར་གཟིགས་པས་དྲངས་པའི་བསམ་སྤྱོད་ངོ་མཚར་བ་དག་མཐོང་བས་དགེ་རྒན་ཁོང་རང་མི་བུ་སྙིང་རུས་ཅན་ཞིག་རེད་སྙམ་པའི་བློ་ཞིག་ང་ཚོར་སྦྱིན་བྱུང་།
འདས་པའི་ལོ་ངོ་འདི་དག་གི་རིང་ལ་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ད་དུང་ཡང་ཡག་ཐོག་ཡག་བརྩེག་ཐུབ་ན་སྙམ་པའི་ཀུན་སློང་བཟང་པོས་རྐྱེན་བྱས། གོང་སློབ་གྲྭ་དང་དབུ་ཁྲིད་ཀྱི་ཆོག་མཆན་འོག་ལོ་རེའི་དབྱར་དགུན་གནང་ལ་སློབ་མ་བརྒྱ་ཕྲག་གཅིག་ལ་འབུད་ཉེ་བ་དཔལ་འབྱོར་ཉག་ཕྲ་བ་དེ་ཙམ་གྱིས་སྡུག་སྡུག་གིས་ངང་མངགས་ཏེ་མཚོ་ཤར་དཔའ་ལུང་ས་ཆའི་བོད་སྡེ་ཁག་ལ་བོད་ཡིག་སློབ་ཁྲིད་དུ་ཕེབས་ནས་རྒྱལ་དམངས་ཀྱི་ཡིག་རྨོངས་སེལ་བ་ལ་གཅིག་ཏུ་བརྩོན་མཛད་པ་སྟེ། གཞན་དག་ངལ་གསོ་དང་བག་ཕེབས་ཀྱི་ཀློང་ནས་གླུ་གར་དང་ཇ་ཆང་གིས་དགྱེས་དུས་ཁྱེད་རང་ཚ་གྲང་དང་ཆར་ཆུའི་ནང་རོལ་ནས་དཀའ་སྡུག་དང་ངལ་དུབ་ཀྱིས་འཚོ་ཞིང་། གཞན་དག་ཁྲི་སྟེགས་དང་མང་མང་གི་ཚོགས་སུ་ཁ་གཡང་དང་སྟོང་གཏམ་གྱིས་སྐྱིད་དུས་ཁྱེད་ཀྱིས་ལག་ལེན་དང་དངོས་སྐྱོབ་ཀྱི་བདེན་པ་ལ་ལང་ཚོ་ཡི་མཆོད་པ་ཕུལ།
ན་ནིང་གི་དབྱར་ཟླ་ལྔ་བའི་ནང་སྟེ། ཁྱེད་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་རྒྱལ་ཁ་དང་བདེ་བླག་ངང་མཐར་ཕྱིན་ཅིང་། ཏག་ཏག་ལོ་ངོ་གསུམ་གྱི་ཡུན་ལ་གཉིད་ཆག་ཟས་བརྗེད་དང་དཀའ་དཀའ་སྡུག་སྡུག་གིས་སློབ་གཉེར་བཏང་མཐར། ཁྱེད་དང་མིང་ཐོགས་གཅིག་པའི་མཐར་ཕྱིན་པ་མང་པོ་ཞིག་གིས་སྔོན་ཆད་ཀྱང་མ་བྲིས་ལ་སླད་ཆད་ཀྱང་འབྲི་དཀའ་བའི་དཔྱད་རྩོམ་རྣོ་ངར་ཅན་《རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལ་དཔྱད་པ》ཞེས་པ་རྒྱ་གར་པཎ་ཆེན་རྣམས་ཀྱི་སྐུ་ཚེའི་ལོ་རྒྱུས་ལ་དཔྱད་གསུམ་ཞུགས་པའི་དཔྱད་འབྲས་དེ་ཉིད་དེར་བཞུགས་ཡོན་ཏན་པའི་སྡེ་ལ་སྙན་སྙན་གྱིས་བསྒྲགས་ཤིང་བརྗིད་བརྗིད་ཀྱིས་ཕབ་དུས། རང་སྡེའི་ཡོན་ཏན་པ་སྤྱི་དང་སྒོས་སུ་ང་འདྲ་རྗེས་རབས་སློབ་གཉེར་བ་གང་མང་ཞིག་ལ་ཡི་རངས་དང་སྨོན་པའི་སྐྱེས་བཏེགས་ཤིང་དད་པ་དང་མཚར་འཛིན་གྱི་དྲི་བ་འགོག་མེད་དུ་བསྩལ་པ་སུ་ཡིས་བསྙོན་ཨང་། ཡིན་ནའང་ཁྱེད་ཀྱིས་དེར་འབྲེལ་རང་སྒྲོག་གི་སྒྲོ་གུར་གཟེངས་སུ་ཕུབ་མ་མྱོང་ལ། ཁེངས་རློམ་གྱི་མགོ་འཕང་ལྟག་རྒྱབ་ཏུ་འཕངས་མ་མྱོང་བར། ཐ་ན་སྐད་འཕྲིན་གྱི་བར་སྟོང་སོགས་ལ་ཡིག་འབྲུ་དང་འདྲ་པར་རེ་འགའི་དགའ་སྟོན་ཙམ་ཡང་བཤམས་མ་ཐུབ།
ད་ལྟའང་འདི་སྐད་རྣ་བས་ཡང་ཡང་ཐོས་པས་དད་པ་ངང་གིས་འཕེལ་བ་སྟེ། ཁོང་རང་བཞུགས་སའི་སློབ་ཆེན་དེ་གའི་དངོས་གཞི་དང་ཞིབ་འཇུག་སློབ་མ་རྣམས་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་ངང་དཔེ་ཀློག་སྐྱོར་སྦྱོང་དང་། འཆད་ཉན་རྩོམ་འབྲི་སོགས་ཀྱི་ཐོས་བསམ་གྱི་བྱ་བ་གང་ལའང་ལན་དུ་ཅི་ཞིག་རེ་བའི་དམིགས་བྱ་ཅུང་ཙམ་ཡང་མེད་པར་ཐམས་ཅད་འདི་ཚོར་ཕན་ཙམ་བྱུང་ན་སྙམ་པའི་གལ་ཆེ་བའི་ཚུལ་ལ་རྩེ་གཅིག་ཏུ་དགོངས་པས། རང་གི་རིག་གཞུང་ཞིབ་འཇུག་ཟེར་བ་དང་། ཚོགས་ཞུགས་བསམ་བློ་བརྗེ་རེས་ཟེར་བ་སོགས་སློབ་དཔོན་ཆེན་མོ་ཞིག་ལ་ངེས་པར་ཚང་དགོས་པ་འདྲ་བའི་དོན་ཆེན་མང་པོ་ཞིག་ལ་ཅི་མི་སྙམ་པར་བློས་བཏང་སྟེ། ཐ་ན་སློབ་གསོའི་མཛད་འཕྲིན་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་ཀུན་ནས་བྲེལ་བས་ཐུན་གསུམ་ཟ་མ་ཡང་དུས་ལྟར་དུ་མི་འོངས་པའི་སྐད་ཆ་དོན་ལྡན་ཐོས་པ་ཙམ་གྱིས་སེམས་འགུལ་གྱི་མཚོ་མོ་རབ་ཏུ་བསྐྱོམས་པ་དག་ཕྱོགས་དང་ཕྱོགས་ཀྱི་སྐྱེ་བོས་བར་མེད་དུ་གླེང་བ་ལན་ཅིག་མ་ཡིན་པར་ཐོས་སྐལ་དུ་མཆིས་སོ། །
རེད་ལགས། ཁྱེད་དེ་ལྟར་དྲང་པོའི་བདེན་པ་ལ་དགའ་ཞིང་སློབ་གསོ་ཁོ་ནར་དུངས་པས་འཇིག་རྟེན་གྱི་ཆོ་ལོ་དོན་སྟོང་རྫུན་མ་མང་པོ་ཞིག་ཁྱེད་ལ་མ་ཐོབ་པ་སྟེ། ན་གཞོན་བ་དང་སྙན་གྲགས་ཅན་སོགས་གང་དེའི་མིང་གི་རྒྱན་ཆར་བཏགས་པའི་བསམ་བློ་བ་དང་། རིག་གཞུང་བ། ཉམས་ཞིབ་པ། འཆད་མཁས་པ། རྩོམ་པ་པོ། གཏམ་བཤད་པ། དཔྱད་བརྗོད་པ་སོགས་མང་པོ་མང་པོ་ཞིག་ཁྱོད་དང་བཀྱེས་ཤིང་། ཁྱེད་ནས་ཀྱང་དེ་དག་འཚོལ་བ་ལ་འདོད་ཧམ་གྱི་མེ་དཔུང་ལྷག་མེད་དུ་བཅིལ་བས། ཐམས་ཅད་ཀྱིས་ཁྱེད་ལ་དགེ་རྒན་འགྱུར་མེད་ཅེས་མིང་གཙང་མ་ཞིག་གིས་འབོད་ཅིང་། དོན་ལའང་དགེ་རྒན་འགྱུར་མེད་ཅེས་མཐོ་ས་དང་བཀུར་ས་ཞིག་ཏུ་མཆོད་འདུག་པར་མ་ཟད་ཀྱི། དགེ་རྒན་འགྱུར་མེད་ཅེས་པའི་མིང་འདི་གོ་བ་ཐམས་ཅད་ལ་ཡོན་ཏན་གྱིས་ཕྱུག་ཅིང་ལྷག་བསམ་གྱིས་སྤུད་པ། སྙིང་རུས་ཀྱིས་ཚུགས་པའི་མེས་རྒྱལ་དང་མི་རིགས་འདིའི་དགེ་རྒན་བཟང་པོ་ཞིག་ཏུ་སྣང་ཨང་།
ཁ་སྒང་སྟག་འབུམ་རྒྱལ་ནས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2779
ཉེ་མཆན།