གནའ་སྔ་མོ་ཞིག་ལ། ཝར་ཎཱ་སི་ཞེས་པའི་རྒྱལ་ཁབ་ཅིག་ཡོད་པར་ཕྱུག་བདག་ཅིག་ཡོད། ཕྱུག་བདག་ལ་བུ་ཞིག་ཡོད་པའི་མིང་ལ་བྱམས་ལྡན་མ་ཟེར། ཡབ་སྔ་མོ་ནས་འདས་པས་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་ཟད། ཉིན་རེར་རི་མགོ་ལ་ཤིང་གཅོད་དུ་སོང་ ། དང་ཐོག་ཁོར་སྒོར་གཉིས་ཐོབ་ནས་ཨ་མ་གསོས། ། རྗེས་མར་ཉིན་གཅིག་ལ་སྒོར་བཞི་ཐོབ། དེ་ནས་ཚོང་ཇེ་བདེར་སོང་ནས་ཡང་སྒོར་བརྒྱད་ཐོབ། རྗེས་ནས་ཚང་མས་ཁོའི་བུད་ཤིང་འབར་སླ་བ་རེད་ཟེར་ནས་ཉོས་པས་ཉིན་རེར་སྒོར་བཅུ་དྲུག་ཐོབ།
ཉིན་ཞིག ཚོང་བ་ཞིག་གིས་ཁོ་རིག་པ་རྒོད་ཅིང་བསོད་ནམས་ཆེ་བ་མཐོང་ནས་རྒྱ་མཚོའི་ནང་་ནོར་བུ་འཚོལ་བར་འགྲོ་བའི་སྐུལ་མ་བཏང་། ཁོས་སེམས་ལ་འདི་ནི་ཐབས་མཆོག་རེད་བསམ་ནས་ཡུལ་ལ་སོང་། ཨ་མའི་ཉམས་ཚོར་བལྟས་ནས་འདྲི་རྒྱུར་ངའི་ཨ་ཕ་ཇི་ལྟར་ཕྱུག་བདག་ཏུ་གྱུར་ཞེས་དྲིས། ཨ་མས་རྒྱ་མཚོར་ནོར་བུ་འཚོལ་བར་སོང་ནས་འབྱོར་ཕྱུག་ལྡན་པར་གྱུར་ཞེས་བཤད། ཡང་བྱམས་ལྡན་མས་ཨ་ཕ་རྒྱ་མཚོར་ནོར་བུ་འཚོལ་བར་སོང་ནས་ཕྱུག་པོར་གྱུར་ན་ང་ཅི་ཕྱིའི་མི་འགྲོའམ་ཞེས་དྲིས། ཨ་མས་བུ་རང་ལ་བཀུར་བསྟི་ཆེ་བས་རང་གཅིག་པུར་བཞག་ནས་མི་འགྲོ་བསམ་ནས་ཀུ་རེ་རྩེ་ཞོར་ལ་ཁྱོད་ཀྱང་སོང་ཆོག་ཆོག་རེད་ཅེས་བཤད། བློ་ཡུལ་ལས་འདས་པ་ཞིག་ལ་བྱམས་ལྡན་མས་ཨ་མ་ཁོ་འགྲོ་བར་འཐད་པར་བསམ།
ཕྱི་ཉིན། བྱམས་ལྡན་མས་ཚོང་བ་མང་པོ་གདན་དྲངས་ནས་རྒྱ་མཚོར་ནོར་བུ་འཚོལ་དུ་འགྲོ་བར་གྲ་བསྒྲིགས་བྱས། སྟ་གོན་བྱས་ཚར་རྗེས་ཨ་མར་བདེ་མོ་འཇོག་ཏུ་ཡོང་། ཨ་མས་ཐོས་རྗེས་ངོ་མདོག་གློ་བུར་དུ་འགྱུར་ནས་ང་ཁྱོད་གཅིག་པུ་ལས་མེད། ང་ཤི་ན་མ་གཏོགས་ཁྱོད་དང་ཁ་བྲལ་ཐབས་མེད་ཅེས་བཤད། བུས་ཞུ་བ་བྱས་ནས་ཉིན་འགའི་སྔོན་ལ་ཁས་བླངས་ཟིན་པས། ངས་གཞན་དང་མཉམ་དུ་འགྲོ་བར་ཁས་བླངས་ཡོད། ཤི་སོང་རུང་ཁས་ལེན་དམ་བཅའ་ཤོར་ག་ལ་རུང་། ང་འགྲོ་ཁོ་ཐག་ཡིན་ཞེས་བཤད། ཨ་མས་བུས་རང་གི་ཁ་ལ་མི་ཉན་པ་མཐོང་རྗེས་བུའི་པུས་མོ་ལ་འཐམས་ནས་ངུ་ཞོར་དུ་ང་མ་ཤི་ན། ཁྱོད་རྒྱ་མཚོར་འགྲོ་མི་ཆོག་ཅེས་བཤད། བྱམས་ལྡན་མ་ཁ་བཤད་དོན་ལ་གནས་པ་ཞིག་ཡིན་པས། རྐང་བ་ཨ་མའི་པང་ནས་ཤེད་ཀྱི་བླངས་བས་སྐྲ་ཉག་མ་འགའ་ཡང་བཅད། ཨ་མས་འགོག་མི་ཐུབ་པ་ཤེས་ནས་འགྲོ་རུ་བཅུག
བྱམས་ལྡན་མ་ཚོང་བ་ཚོ་དང་མཉམ་དུ་མཚོ་ཁར་ཐོན། མཚོ་གླིང་ཐོག་ནས་རིན་པོ་ཆེ་སྣ་མང་རྙེད་ནས་ཕྱིར་ཡུལ་ལ་འགྲོ་རྩིས་བྱས། ཆུ་རྐང་ལམ་གཉིས་ཡོད། གྲོས་བསྡུར་བྱས་རྗེས་རྐང་ལམ་ལ་ཞུགས་ནས་སོང་། སྐབས་དེའི་རྒྱལ་ཁབ་ལ་རྩ་ཁྲིམས་ཞིག་ཡོད་པ་འདི་ལྟར། གལ་ཏེ་ཇག་པས་འཕྲོག་བཅོམ་བྱེད་པར་ཡོང་ནས། ཚོང་བའི་མགོ་དཔོན་བཟུང་ན་རྒྱུ་ནོར་ཡོད་ཚད་ཇག་པ་ལ་དབང་། མགོ་དཔོན་བཟུང་མ་ཐུབ་ན། རྒྱུ་ནོར་ལག་ཏུ་ཚུད་རུང་ཕྱིར་སྟེར་དགོས། བྱམས་ལྡན་མ་ཚོང་བའི་མགོ་དཔོན་ཡིན་པས་ཁོ་ཚོ་ཕྱིར་འགྲོ་སྐབས་ཉིན་རེའི་དགོང་མོར་ལྐོག་གྱུར་གྱི་གནས་ཤིག་ལ་སྦས་བ་དང་། ཕྱི་ཉིན་སྔ་མོ་ཡང་གྲལ་གཅིག་ཏུ་འགྲོ། བློ་ཡུལ་ལས་འདས་བ་ཞིག་ལ། ཉིན་འདིའི་དགོང་མོར་རླུང་ནག་འཚུབ་མ་གཡུག བྱེ་མ་ནམ་མཁར་ཁུར་བས་ཚོང་བ་ཚོ་སྔ་མོ་ནས་ལངས་ཏེ་ལམ་ལ་ཞུགས། བྱམས་ལྡན་མ་བརྗེད་སོང་བ་རེད།
ཕྱི་ཉིན་གྱི་སྔ་མོར། བྱམས་ལྡན་མ་གྲལ་ནས་རྗེས་སུ་ལུས། ཡུལ་ལ་འགྲོ་བའི་ལམ་མ་ཤེས་པས་དམིགས་ཡུལ་མེད་པར་སོང་། གློ་བུར་དུ་རི་མཐོན་པོ་ཞིག་ལ་ཐུག དེ་མགོར་འགོས་ནས་སོང་བ་ན། གྲོང་ཁྱེར་ཞིག་དང་འཕྲད། གྲོང་ཁྱེར་དེའི་ཐོག་ལ་རྒྱ་སྨུག་གི་འོད་འཚེར་བཞིན་འདུག ཐག་ཉེ་སར་བཅར་ནས་བལྟས་བ་ན། གཡུ་རྩིའི་གྲོང་ཁྱེར་ཞིག་ཡིན་པ་ཤེས། དུས་འདིར། ཁོ་ནི་ཚ་གྲང་དང་བཀྲེས་བསྐོམ་གྱི་མནར་ནས་ལུས་ཟུང་ཟད་ཡོད། ཁོ་སྒོ་ཁར་ཐོན་ཚེ། སྒོ་ནང་ནས་གཡུའི་བུ་མོ་བཞིས་ལག་ལ་ཡིད་བཞིན་ནོར་བུ་བཞི་བཟུང་ནས་ཐོན། གླུ་གར་གྱི་རོལ་མོ་དང་བཅས་བསུས་མ་བྱས། བྱམས་ལྡན་མ་གཡུ་རྩི་གྲོང་ཁྱེར་དེ་ནས་ལོ་ཁྲི་བཞི་ལ་བདེ་སྐྱིད་ངང་བསྡད། རྗེས་སུ་ཕ་ཡུལ་དྲན་པའི་གདུང་བས་མནར་ཏེ་ཁ་བྲལ་རྩིས་བྱས། གཡུའི་བུ་མོ་རྣམས་ཀྱི་ཁྱེད་ཚོ་མི་ཡུལ་གྱི་མི་ནི་འགྱུར་སླ་བ་རེད ། མཉམ་དུ་བདེ་སྐྱིད་ངང་འཚོ་བ་རོལ་ནས་ལོ་ཁྲི་ཚོ་བཞི་འགོར། ཅིའི་ཕྱིར་ཉིན་གཅིག་ལ་འགྱུར་བ་ཡིན་ཞེས་བཤད། བྱམས་ལྡན་མ་སེམས་མ་ཆག་པར་ཁ་བྲལ་ནས་སོང་།
བྱམས་ལྡན་མ་སོང་སོང་རྗེས། འོད་དཀར་བོ་འཚེར་བའི་ཤེལ་གྱི་གྲོང་ཁྱེར་ཞིག་དང་འཕྲད། ཁོ་སྒོ་ཁར་ཐོན་ཚེ། སྒོ་ནང་ནས་གཡུའི་བུ་མོ་བརྒྱད་ཀྱིས་ལག་ལ་ཡིད་བཞིན་ནོར་བུ་བརྒྱད་བཟུང་ནས་ཐོན། གླུ་གར་གྱི་རོལ་མོ་དང་བཅས་བསུས་མ་བྱས། བྱམས་ལྡན་མ་གྲོང་ཁྱེར་དེ་ནས་ལོ་ཁྲི་བརྒྱད་ལ་བདེ་སྐྱིད་ངང་བསྡད། རྗེས་སུ་ཡང་ཡིད་ལོག་ནས་ཁ་ཕྱིར་མ་འཁོར་བར་ཁ་བྲལ་ནས་སོང་།
ཁོ་ཡང་སོང་སོང་ནས། དཀར་མདངས་བཀྲ་བའི་དངུལ་གྱི་གྲོང་ཁྱེར་ཞིག་ལ་ཐོན། ཁོ་སྒོ་ཁར་ཐོན་ཚེ། སྒོ་ནང་ནས་གཡུའི་བུ་མོ་བཅུ་དྲུག་གིས་ལག་ལ་ཡིད་བཞིན་ནོར་བུ་བཅུ་དྲུག་བཟུང་ནས་ཐོན། གླུ་གར་གྱི་རོལ་མོ་དང་བཅས་བསུས་བ་བྱས། བྱམས་ལྡན་མ་གྲོང་ཁྱེར་དེ་ནས་ལོ་ཁྲི་བཅུ་དྲུག་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད། རྗེས་ནས་སུན་སྣང་སྐྱེས་ཏེ་ཁ་བྲལ ནས་སོང་།
ཡང་ཁོ་ཡུན་རིང་ཞིག་ལ་སོང་སོང་མཐར། གསེར་འོད་ནམ་མཁའ་འཁྱུག་པའི་གསེར་གྱི་གྲོང་ཁྱེར་ཞིག་ལ་ཐོན། ཁོ་སྒོ་ཁར་ཐོན་ཚེ། སྒོ་ནང་ནས་གཡུའི་བུ་མོ་སུམ་ཅུ་སོ་གཉིས་ཀྱིས་ལག་ལ་ཡིད་བཞིན་ནོར་བུ་སོ་གཉིས་བཟུང་ནས་ཐོན། གླུ་གར་གྱི་རོལ་མོ་དང་བཅས་བསུས་མ་བྱས། བྱམས་ལྡན་མ་གྲོང་ཁྱེར་དེ་ནས་ལོ་ཁྲི་སུམ་ཅུ་སོ་གཉིས་ལ་བདེ་སྐྱིད་ངང་བསྡད། མཇུག་མཐར་ཡང་ཕ་ཡུལ་དྲན་པའི་གདུང་བ་དང་སུན་སྣང་གི་མནར་ཏེ་ཁ་བྲལ་རྩིས་བྱས། གཡུའི་བུ་མོ་རྣམས་ཀྱི་སྔོན་མར་ཁྱེད་བརྒྱུད་པའི་ས་ནས་ཁེ་ཕོག་ཐོབ་རྒྱུ་ཡོད། འོན་ཀྱང་འདི་ནས་ད་རུང་སོང་ན་བཟང་བོ་མེད། དེ་བས་ཁྱོད་མ་འགྲོ་སྡོད་ཅེས་བཤད། བྱམས་ལྡན་མས་སེམས་ལ་གཡུའི་བུ་མོ་ཚོས་ང་དང་བྲལ་འདོད་མེད་པས། སྐད་ཆ་འདི་ལྟར་བཤད་ནས་འགོག་བསམ་པ་རེད། གལ་ཏེ་ང་མུ་མཐུད་དུ་སོང་ན་ཁེ་ཕོག་དེ་ལས་ཀྱང་ཆེན་པོ་ཡོད་སྲིད་བསམ་ནས་བློ་ཐག་རྦད་གཅོད་ཀྱིས་ངང་བུད་སོང་།
དེ་ཡང་ཡུན་རིང་ཞིག་ལ་སོང་སོང་ནས། ནག་རོག་གེར་ཡོད་པའི་ལྕགས་ཀྱི་གྲོང་ཁྱེར་ཞིག་དང་ཐུག ཉེ་བར་བཅར་ནས་བལྟས་ཚེ། གཡུའི་བུ་མོ་གསུ་བ་བྱེད་པར་ཡོང་མེད། ཁོས་སེམས་ནས་གྲོང་ཁྱེར་ནང་ནས་གསོལ་སྟོན་རྒྱ་ཆེན་པོ་བཤམས་བཞིན་ཡོད་པས། བདེ་སྐྱིད་ཀྱིས་མྱོས་ཏེ་ཁོ་བསུ་བར་ཡོང་ཁོམ་མེད་པ་ཡིན་རྒྱུ་རེད། ད་ནང་ལ་འགྲོ་བསམ་ནས་གོམ་པ་ནང་དུ་སྤོས་མ་ཐག སྒོ་”ཆོག་”ཟེར་ནས་བརྒྱབ། མདུན་ནས་མགོ་མེའི་འཁོར་ལོ་བཞག་པ་ཞིག་ཁྲོས་པའི་མེ་ལྕེ་འབར་ནས་ཐོན། ལག་ཏུ་དུ་བ་འཕྱུར་པའི་ལྕགས་ཀྱི་འཁོར་ལོ་ཞིག་ཡོད་པ་དེ་བྱམས་ལྡན་མའི་སྐེ་རུ་བསྐོར་ནས་འཁྲིད། བྱམས་ལྡན་མའི་སྐེ་ནི་ཚ་ལམ་ལམ་དུ་གྱུར་ནས་བཟོད་དཀའ་བར་གྱུར། སྐབས་དེར་བཙོན་ཁང་གི་སྲུང་དམག་གི་ངོ་གདོང་སྔོན་པོ་དང་སོ་དཀར་པོ་ཡིན་པ་ཞིག་ཐོན། བྱམས་ལྡན་མས་དེ་ལ་ང་མེ་འཁོར་འདིས་ཅིའི་ཕྱིར་འདོགས་དགོས། དུས་ནམ་ཞིག་ལ་ཐར་ཐུབ་ཅེས་དྲིས། སྲུང་དམག་གིས་རྒྱ་མཚོའི་ནང་དུ་ནོར་བུ་འཚོལ་ནས་ས་འདི་བརྒྱུད་པའི་མི་རྗེས་མ་ཐོན་ཚེ། ལྕགས་འཁོར་དེའི་མགོར་བསྐོན་ཚེ་ཁྱོད་ཐར་སྲིད། གལ་ཏེ་མེད་ན་ཐར་མི་ཐུབ་ཅེས་ལན་བཏབ། ཡང་བྱམས་ལྡན་མས་ངས་མི་ཡུལ་ནས་ཚོགས་ཅི་བསགས། སྡུག་ལས་ཅི་ལས་ཞེས་དྲིས།
སྲུང་དམག་གིས་ཁྱེད་ཀྱི་མི་ཡུལ་ནས་སྒོར་གཉིས་ཀྱི་ཨ་མ་གསོས། དེ་བས་ཁྱེད་ལ་གཡུ་རྩི་གྲོང་ཁྱེར་ནས་གཡུའི་བུ་མོ་བཞི་དང་ཡིད་བཞིན་ནོར་བུ་བཞི་ཐོབ་ནས་ལོ་ཁྲི་བཞི་ལ་བདེ་སྐྱིད་རོལ། རྗེས་ནས་སྒོར་བཞི་ཡི་ཨ་མ་ཞབས་ཞུ་བྱས། དེ་རྐྱེན་གྱིས་ཤེལ་གྱི་གྲོང་ཁྱེར་ནས་གཡུའི་བུ་མོ་བརྒྱད་དང་ཡིད་བཞིན་ནོར་བུ་བརྒྱད་ཐོབ་ནས་ལོ་ཁྲི་བརྒྱད་ལ་བདེ་སྐྱིད་རོལ། ཡང་རྗེས་མར་སྒོར་བརྒྱད་ཀྱི་ཨ་མ་བཀུ་བསྟི་བྱས། དེ་བས་དངུལ་གྱི་གྲོང་ཁྱེར་ནས་གཡུའི་བུ་མོ་བཅུ་དྲུག་དང་ཡིད་བཞིན་ནོར་བུ་བཅུ་དྲུག་ཐོབ་ནས་ལོ་ཁྲི་བཅུ་དྲུག་ལ་བདེ་བར་བཞུགས། ཐ་མར་སྒོར་བཅུ་དྲུག་གིས་ཨ་མར་སྲི་ཞུ་བསྒྲུབས་པས་གསེར་གྱི་གྲོང་ཁྱེར་ནས་གཡུའི་བུ་མོ་སུམ་བཅུ་སོ་དྲུག་དང་ཡིད་བཞིན་ནོར་བུ་སོ་དྲུག་ཐོབ་ནས་ལོ་ཁྲི་སུམ་ཅུ་སོ་གཉིས་བདེ་སྐྱིད་ཆེན་པོས་མྱོས། དེ་ནས་ཁྱོད་ཀྱི་ཨ་མའི་སྐྲ་ཉག་མ་འགའ་བཅད་པས་ད་བར་མེའི་འཁོར་ལོ་འོག་ཏུ་སྡུག་མྱོང་དགོས་ཞེས་བཤད། བྱམས་ལྡན་མས་ཡང་བཙོན་ཁང་འདི་ནང་ལ་ང་འདྲ་བའི་མི་མང་ངམ་ཞེས་དྲིས། སྲུག་དམག་གིས་བགྲང་ལས་འདས་པ་ཡོད་ཅེས་བཤད། བྱམས་ལྡན་མས་ཐོས་རྗེས་བྱམས་དང་སྙིང་རྗེ་སྐྱེས་ནས་ངས་ཅི་བྱས་ཀྱང་སྡུག་མྱོང་དགོས། དེ་ལས་སྡུག་མྱོང་མཁན་ཚང་མའི་ནག་ཉེས་ངའི་ཐོག་ལ་བསྡུས་ནས་ང་གཅིག་པུས་ཁོ་ཚོ་ཚང་མས་ཚབ་བྱས་ན་བཟང་ཞེས་བསམ་མ་ཐག མགོའི་མེ་ཡི་འཁོར་ལོ་རང་ཤུགས་ཀྱི་ལྷུང་བ་རེད། བྱམས་ལྡན་མ་ཡ་མཚན་སྐྱེས་ནས་སྲུང་དམག་ལ་འདྲི་རྒྱུར་ངའི་ཚབ་བྱེད་མཁན་ཡོད་པའི་བར་ལ་མེ་ཡི་འཁོར་ལོ་ལས་ཐར་མི་ཐུབ་པ་མ་ཡིན་ནམ་ཞེས་དྲིས།
སྲུང་དམག་ཐུགས་ཁྲོས་ནས་ལྕགས་ཚལ་གྱི་བྱམས་ལྡན་མའི་མགོར་ཤུགས་ཆེན་པོས་རྒྱབ་པས། བྱམས་ལྡན་མ་ཚེ་འཕོས་ནས་ཕྱིར་མི་ཡུལ་དུ་ཐོན།
བྱམས་ལྡན་མ་གློ་བུར་དུ་སད་པས་སྔོན་མར་བརྒྱུད་དང་མྱོང་བ་ཐམས་ཅད་རྨི་ལམ་ཡིན་པ་རྟོགས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2772
ཉེ་མཆན།