རླངས་འཁོར་ཚོད་ལེན་བྱེད་དུ་སོང་བ།

དགེ་མཆོག


ང་ནི་གང་དུ་སོང་ཡང་དེ་དག་ནས་མཐོང་ཐོས་མྱོང་གསུམ་དག་ཡི་གེར་འབྲི་འདུག་དགོས་པའི་མི་ཞིག་ཡིན། གཅིག་བྱས་ན་གཞན་སྐྱོན་ཁོ་ན་འཚོལ་འདུག་པ་ལས་རང་ངོས་ནས་རང་གི་བསམ་སྤྱོད་དག་ལ་ཚོད་འཛིན་བྱེད་མི་ཐུབ་པ་དེ་ལོས་ཡིན་ཀྱང་། རང་ལ་ཤར་བའི་མྱོང་ཚོར་ནི་རང་ཁོ་ན་ལ་ལྐོག་ཏུ་མ་གྱུར་བ་སོང་ཙང་དེ་དག་ཡིག་ཏུ་མ་ཕབ་བར་དུ་སེམས་ནད་ལྟ་བུ་འདུག་ལ་ཡིག་ཐོག་ཏུ་ཕབ་ཟིན་རྗེས་གཞི་ནས་བློ་ཁ་ལྷོད་དུ་འགྲོ་བ་ཞིག་རེད། དེ་ནི་ང་རང་གི་རང་གཤིས་ཤིག་དང་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཏུ་གྲུབ་ནས་ཡོད་པས་མི་ཚེ་འདིར་རྣམ་ཤེས་གང་དེ་བེམ་གོག་འདི་ལས་བྲལ་མ་སོང་བར་དུ་ཡི་གེ་ཐར་ཐོར་འབྲི་འདུག་པ་འདྲ།

ཉིན་འགའི་སྔོན་དུ་སྤུན་མཆེད་ཀྱི་རོགས་སུ་རླངས་འཁོར་ཚོད་ལེན་(检测)བྱེད་དུ་ཚོད་ལེན་ཁང་ག་གེ་མོ་རུ་སོང་བ་ཡིན། དེང་སང་རླངས་འཁོར་ནི་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་ཡོད་དུས་གྲོང་ཁྱེར་དག་ཏུ་གཡས་གཡོན་གང་དུ་སོང་ཡང་རླངས་འཁོར་གྱིས་ཉིལ་ཉིལ་བྱས་ཏེ་འགྲོ་ས་མི་ལོན་བ་དེ་ལྟ་བུ་ཞིག་རེད་ལ། ལྷག་ཏུ་ལྷ་སའི་གྲོང་ཁྱེར་ནི་རྒྱུན་སྡོད་མི་གྲངས་དང་བསྡུར་བ་ཡིན་ན་རླངས་འཁོར་ཆེས་མང་ཤོས་ཀྱི་གྲོང་ཁྱེར་དེ་ཡིན་སྐད། དེར་བརྟེན་དེ་རིང་ཚོད་ལེན་ཁང་དེ་རུའང་རླངས་འཁོར་ཆེ་མ་ཆུང་གིས་རུ་བསྟར་ཏེ་ཚོད་ལེན་བྱ་རྒྱུར་སྒུག་འདུག་ལ་སྤུན་མཆེད་ངེད་གཉིས་ཀྱང་དེའི་གྲལ་དུ་བང་བསྒྲིགས་ཏེ་རིམ་པ་བཞིན་མདུན་དུ་གཅར། སྐབས་ཤིག་དངོས་སུ་ཨང་རིམ་ངེད་གཉིས་ཀྱི་རླངས་འཁོར་ཐོག་ཏུ་བསླེབས་ཏེ་ཐོག་མའི་ཐོ་འགོད་བ་སྐྱེས་པ་ཞིག་གིས་ངེད་གཉིས་ཀྱི་རླངས་འཁོར་དེའི་ཨང་བྱང་དག་ཤོག་ལྷེའི་ངོས་སུ་བཀོད་སོང་། དེ་ནས་རིམ་པ་བཞིན་གྲོན་དངུལ་སྤྲོད་པ་སོགས་འགྲོ་ལུགས་རིམ་པ་འགའ་བརྒྱུད་མཐར་དངོས་སུ་རླངས་འཁོར་ཚོད་ལེན་བྱ་སར་ཐོན། ཚོད་ལེན་བྱ་ས་དེར་དང་པོ་རླངས་འཁོར་གྱི་ནང་གི་གཙོ་འཕྲུལ་(发动机)དག་ལ་སྐྱོན་ཡོད་མེད་ལྟ་སའི་རིམ་པ་གཅིག་དང་། དེའི་མཚམས་ནས་འཁོར་ལོ་དང་འཁོར་དགག་(刹车)སོགས་ཕྱི་ལོགས་སུ་ཚོད་ལེན་བྱ་ས་ཞིག་སྟེ་གཉིས་འདུག རླངས་འཁོར་རེ་ལ་ཚོད་ལེན་བྱེད་མཁན་མི་རེ་འདུག་ཅིང་དེ་དག་གིས་གང་ཞིག་འགྲིགས་མི་འདུག་ཟེར་ན་དེ་བྱེད་དགོས་ཤིང་འགྲིགས་པར་བྱས་ནའང་དེས་ཆོག་འདུག གལ་ཏེ་དེ་དག་གིས་སྐྱོན་གང་ཡང་མེད་རུང་རླངས་འཁོར་གྱི་ཕྱི་ནང་བར་གསུམ་གང་རུང་ལ་སྐྱོན་འདུག་པས་དེ་གསར་པ་བརྗེ་དགོས་ཟེར་བ་ཡིན་ན་དེ་ལ་རིན་གོང་མཐོ་དམའ་ལ་མ་ལྟོས་པར་མ་བརྗེས་ན་ཁྱོད་ཀྱིས་རླངས་འཁོར་ཚད་ལོན་པའི་གྲས་སུ་མི་ཡོང་། དེ་མ་ཡོང་ན་ལོ་གཅིག་དུས་གཅིག་ལ་ཚོད་ལེན་བྱེད་དགོས་པའི་རླངས་འཁོར་འགྲོ་འོང་བྱ་ཆོག་པའི་འཛིན་བྱང་མི་རག་པ་ཡིན། དེས་ན་ཁ་ལོ་བ་དག་གིས་རང་ཉིད་ཀྱི་རླངས་འཁོར་ལ་སྐྱོན་གང་ཞིག་འདུག་ཟེར་ནས་དོན་མེད་དུ་དངུལ་མང་པོ་ཞིག་སྤྲད་དགོས་ཐུག་པར་དོགས་ཏེ་ཚོད་ལེན་བ་དེ་དག་ལ་ཁ་ཁར་ཐ་མག་གོང་ཆེ་ཙམ་གྱི་སྒམ་ཆུང་རེ་དང་ཤོག་དངུལ་བརྒྱ་ཙམ་རེ་སྤྲད་ཀྱི་འདུག་ལ་དེ་དག་གིས་ཀྱང་དེ་ཁོ་ནར་རེ་བ་བརྒྱབ་ཡོད་པ་ལྟར་ཚམ་ཚོམ་མེད་པར་ལེན་ཤག་ཤག་རེད། ཁྱི་སྐྱག་པ་ཟས་པའི་ངན་ལོབ་ཅེས་པ་ལྟར་གལ་ཏེ་དེ་དག་ལ་རྔན་པ་འཁྱུག་ཙམ་རེ་སྤྲད་རྒྱུ་མེད་ན་དེའི་ཞེ་རོ་ཡིས་རླངས་འཁོར་གྱི་ཐོག་ནས་པགས་པ་དེ་ལས་མཐུག་ཙམ་བཤུ་འགྲོ་བ་རེད་འདུག དེ་ནི་ངེད་གཉིས་ཀྱི་སྔོན་དུ་མི་ཞིག་གིས་དེ་དག་ལ་ཅི་ཡང་སྤྲད་དགོས་པ་མ་ཤེས་ནས་ལག་པ་སྟོང་པར་རླངས་འཁོར་བསྟན་དུས་དེའི་རླངས་འཁོར་དེའི་འཁོར་ལོ་བཞི་ཆར་གསར་པ་བརྗེ་དགོས་འདུག་ཟེར། དེ་ནས་དེ་དག་ལ་རྔན་པ་སྤྲད་དུས་འཁོར་ལོ་བཞི་དེ་ཡང་བརྗེ་མ་དགོས་པར་དེ་མ་ཉིད་དུ་གསར་པ་རུ་ཆགས་ཚར་སོང་བ་དེས་ཧ་གོ་ཡོང་། དེ་འདྲ་ཡིན་དུས་ངེད་གཉིས་ཀྱིས་ཀྱང་ཐ་མག་སྒམ་ཆུང་ཞིག་དང་ལྷན་རླངས་འཁོར་སྐྱབས་བཅོལ་བྱས་པས་རེ་བ་བཞིན་འགྲུབ་འགྲོ་བ་ནི་སྲུང་མ་ཁང་གང་ཞིག་ཏུ་གསོལ་ཁ་བཀྱགས་པ་ལས་ཀྱང་མྱུར་མགྱོགས་ཆེ་བ་ཞིག་རེད།

གནས་ཚུལ་འདི་ནས་ཉེན་ཁ་གཉིས་མཐོང་ཡོང་བ་ཞིག་རེད་དེ། གཅིག་ཏུ་ན་གལ་ཏེ་རླངས་འཁོར་གང་ཞིག་ལ་འཁོར་དགག་སོགས་ལ་དངོས་ཡོད་གནས་ཚུལ་གྱི་སྐྱོན་ཡོད་ན་དེ་ཉིད་གོར་མོ་འགའ་ཞིག་གིས་སྐྱག་མགོ་ས་བཏུམ་བྱས་ཏེ་ཆོག་རྒྱུ་བྱས་ན་རླངས་འཁོར་བདག་པོ་རང་ཉིད་ཀྱི་ཆག་སྒོ་རང་ཉིད་ཀྱིས་དངོས་སུ་ཉོས་བཞག་པ་རེད། གཉིས་སུ་ན་འདི་ལྟར་ཚོད་ལེན་བ་དག་གིས་ལྐོག་ཟ་ཁོ་ན་བཤམས་པ་ཡིན་ན་ལས་ཁུངས་དེ་ཉིད་ཀྱང་སྟག་དང་སྦྲང་བུ་མཉམ་གསོད་ཀྱི་གྲས་ལ་མི་ཚུད་པའི་ངེས་པ་ག་ལ་ཡོད། གང་ལྟར་བྱེ་མ་བཙིར་ནས་སྣུམ་དོན་རྒྱུ་མེད་པ་ལྟར་དྲང་བདེན་མེད་པའི་སྤྱི་ཚོགས་གང་དུ་ཚུལ་མཐུན་ལུགས་མཐུན་གྱི་འགྲོ་ལུགས་འདུག་སྟངས་ཤིག་དགོས་ཟེར་ན་སྟོང་ཟུག་རང་དུ་འགྱུར་བ་ཤེས་རུང་གནས་ཚུལ་འདི་དག་ཤེས་ཀྱང་མ་གོ་ཁུལ་བྱེད་མཁན་དང་གཏན་ནས་མི་ཤེས་པ་དག་ལ་མཚར་མཚར་དུ་བྲིས་པ་ཡིན་ནོ།།

༢༠༡༥/༡/༢༣/དགེ་མཆོག

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2769