ལྷ་པ་མོ་པ་རྩིས་པ་གསུམ་གྱི་ནག་ཉེས་གླེང་བ།

རྣོ་ལྕགས་ངར་མས།


ལྷ་པ་མོ་བ་རྩིས་པ་གསུམ།།
འཇིག་རྟེན་ཁམས་ཀྱི་རྫུན་སྐྱལ་ཡིན།།
བོད་ཀྱི་གཏམ་དཔེ།

ཉེ་ཆར་ཁོ་བོའི་གྲོགས་མོའི་ཨ་ཅེ་ལ་མངལ་སྦྲུམ་ནས། མ་བུ་གཉིས་པོ་ཅུང་མིན་སྐྱེན་ལམ་དུ་སོང་ཟེར་ནས། ངའི་གྲོགས་མོས་ངུ་བཞིན་དུ་ང་ལ་ཁ་པར་ཐོན་སྐད། ངས་ཁོ་མོ་ལ་སྐྱོན་ཡོད་ཀྱི་མ་རེད་སྟབས་ལེགས་པ་ཞིག་ལ་སྐྱེན་ལམ་དུ་ཤོར་མེད་སྟབས་ཁྱོད་ཅི་ཞིག་ལ་ངུ་ཟེར་ཙ་ན། བྱིས་པ་སྐྱེན་ལམ་དུ་ཤོར་སོང་ཟེར་ནས་ངུ་བཞིན་ཏུ་ཨ་ལགས་ཚང་ལ་སྡིག་སྨོད་བྱེད་ཀྱིན་གདའ། ནམ་རྒྱུན་ཁོ་མོས་ཨ་ལགས་ཚང་གི་ཅི་གསུངས་ན། བདེན་པ་དང་ཚད་མ་རུ་རློམ་སྲིད་མོད། དེ་རིང་ཅི་ཞིག་མ་ཉན་པ་དོག་ནས་ཁོ་བོ་ཅུང་ཡ་མཚན་པའི་ངང་ནས་དོན་རྐྱེན་དེའི་མགོ་ཁུངས་དྲིས། ཨ་ལགས་ཚང་ལ་སྨན་པའི་སར་འགྲོ་དགོས་མིན་ཞུས་སྟབས། ཨ་ལགས་ཚང་གིས་མོ་གཟིགས་ནས། སྨན་པའི་ཟུར་ལ་འགྲོ་དགོས་ཀྱི་མི་འདུག དགོན་པའི་ཉེ་འདབས་ཀྱི་མཆོད་རྟེན་གན་ལ། བརྐྱང་ཕྱག་སྟོང་ལྔ་སྐོར་དང་བྱིས་པ་བདེ་ལེགས་ངང་ནས་སྐྱེས་ཐུབ་པ་འདུག་གསུངས། དོན་ངོ་མ་བཤད་ན་ཨ་ལགས་ཚང་གླེན་པ་ཁ་ནག་ཅིག་རེད། སྦྲུམ་མ་ཞིག་གིས་ཚད་ལས་བརྒལ་བའི་འགུལ་བསྐྱོད་ཚབ་ཆེ་བ་འདི་འདྲ་ཞིག་བྱེད་ན། མ་བུ་གཉིས་པོ་རྐྱེན་ལམ་ཏུ་མི་འཆོར་བ་སུ་ཞིག་གིས་ཁ་ཚོན་ཆོད།
སྤྱིར་ལྷ་མོ་རྩིས་གསུམ་གྱི་བདེན་རྫུན་གྱི་ཆ་ནས་བཤད་ན། བདེན་པ་ཀྱང་ཡོད་སྲིད་མོད། འོན་ཏེ་དེ་རིང་ཁོ་བོས་ལྡོག་ཕྱོགས་རྐྱང་རྐྱང་གི་ཆ་ནས་བཤད་རྒྱུ་ཡིན། རྒྱུ་མཚན་ང་ཚོས་ལེགས་པའི་ཆ་དག་འུར་བསྟོད་དང་སྐམ་བསྟོད་བྱེད་པའི་དུས་ཤིག་མ་ཡིན་པའི་ཕྱིར་རོ། ང་ཚོའི་མི་རིགས་ཀྱིས་ལྷ་མོ་རྩིས་གསུམ་ལ་བཟུང་བའི་འདུ་ཤེས་ལ་བལྟས་ན། ལྷ་མོ་རྩིས་གསུམ་གྱིས་མིའི་སྐྱིད་སྡུག་ཡོད་ཚད་དབང་བསྒྱུར་བྱེད་ཀྱི་ཡོད་སྟབས། ད་ནི་ང་ཚོའི་སྐྱིད་སྡུག་ཡོད་ཚད་ལྷ་མོ་རྩི་གསུམ་ལ་བཅོལ་ཏེ་རང་ཉིད་ལ་སྒེར་ཚུགས་ཀྱི་ལྟ་བ་མེད་པའི་ཁར་རང་ཉིད་ཀྱི་འཚོ་བའི་ཁ་དོག་གཞན་པའི་དབང་བསྒྱུར་བྱེད་ན་ག་ལ་འགྲིག ང་ཚོ་རང་ཉིད་ལ་སྒེར་ཚུགས་ཀྱི་ལྟ་བ་ཞིག་ཡོད་ན་འགྲིག རང་ཉིད་ལ་འཚོ་བའི་ཁ་དོག་ཅིག་ཡོད་ན་འགྲིག ཐ་ན་བྱིས་པ་སློབ་གྲྭ་ལ་འགྲོ་དགོས་ན་ཡང་ལྷ་མོ་རྩི་གསུམ་བཟང་མིན་བལྟ་གྱི་ཡོད་སྟབས། གལ་སྲིད་བླ་མ་ག་གེ་མོ་སྤྲུལ་སྐུ་ག་གེ་མོ་ཇོ་མོ་ག་གེ་མོ་གང་དེས་མོ་ལུང་ཡག་པོ་མི་འདུག་དང་། བྱིས་པ་དེའི་མི་ཚེ་ཐབ་ཀ་དང་མཉམ་དུ་སྐྱེལ་དགོས་ཚོད་ཟེར། དེ་ནི་ཧ་ལས་པའི་ནག་ཉེས་ཆེ་བ་ཞིག་རེད། ད་དུང་ནད་པ་གང་ཞིག་སྨན་པའི་སར་འགྲོ་དགོས་མིན་ལ་ཡང་ལྷ་མོ་རྩིས་གསུམ་གྱིས་ཐག་གཅོད་བྱེད་ཀྱི་ཡོད་སྟབས། ཁོ་བོའི་ཆ་འཇོག་དང་ཚོད་འཇོག་བྱེད་ནས་བཤད་ན་ནད་པ་གང་ཞིག་ལ་ཨེ་ཛི་ནད་ངན་ཞིག་ཡོད་པའི་དབང་དུ་བཏང་ན། སྤྲུལ་སྐུ་ག་གེ་མོ་བླ་མ་ག་གེ་མོ་ཇོ་མོ་ག་གེ་མོ་གང་དེས་སྨན་པའི་སར་ལ་འགྲོ་དགོས་མི་འདུག་སོགས་ཀྱི་ཧམ་བཤད་འགའ་བྱེད་ན། ཏག་ཏག་དེ་ནས་འཛམ་གླིང་གི་མི་གྲངས་མང་ཆེ་ཤོས་ཤིག་གི་སྐྱེ་སྐྱེ་རྒྱུད་རྒྱུད་དུ་གཅོད་པའི་ནག་ཉེས་ཚབ་ཆེན་ཞིག་བསགས་ཡོད་ཚོད་རེད། ད་ནི་ཆ་འཇོག་དང་ཚོད་འཇོག་གི་རང་གཤིས་མངའ་བའི་ལྷ་མོ་རྩིས་གསུམ་གྱི་རིག་གནས་ལ་གསར་བརྗེ་ཐེངས་གཅིག་གམ་བཤད་ཚུལ་གཞན་ཞིག་ལ་བཟོ་བཅོས་ཐེངས་གཅིག་བྱེད་རན་ཚོད་རེད།
རྒྱུ་མཚན་ནི། ད་ཆ་འདིར་ཆ་འཇོག་དང་ཚོད་འཇོག་བྱེད་པའི་དུས་ཤིག་མ་ཡིན་པའི་ཕྱིར་རོ། རང་ཉིད་ཀྱི་འཚོ་བའི་ཁ་དོག་གཞན་ལ་བློ་བཅོལ་བའི་དུས་ཤིག་མ་ཡིན་པའི་ཕྱིར་རོ། ཤོབ་དང་རྫུན་གྱི་གནའ་སྒྲུང་རིང་མོ་ལ་ཉན་ནས་སོས་དལ་བག་ཕེབས་ཀྱི་ངང་ནས་འདུག་པའི་དུས་ཤིག་མ་ཡིན་པའི་ཕྱིར་རོ། ད་དུང་མི་དམངས་ཀྱི་གོམས་འགྲོས་ཤིག་ལ་འི་དོན། ངེད་ཚང་གི་བུ་མོ་མོས་བོད་ཡིག་ཅིག་བསླབ་ན་ལས་ཀ་རྙེད་ས་མ་རེད་དམ་ཡང་ན། རྒྱ་ཡིག་བསླབ་ན་དཔོན་གནས་རྙེད་རྒྱུ་རེད་ཟེར་མཁན་གྱི་མི་ཧ་ཅང་མང་པོ་རེད། གལ་སྲིད་བླ་མ་ག་གེ་མོ་སྤྲུལ་ལོ་ག་གེ་མོ་གང་དེའི་རྒྱ་ཡིག་བསླབ་ན་དཔོན་ས་རྙེད་རྒྱུ་རེད་ཟེར་ན། སློབ་མ་གང་དེའི་བོད་ཡིག་སློབ་རྒྱུའི་ལས་སྐལ་དེ་ནས་ཆད་སོང་བ་རེད། གལ་སྲིད་རྒྱ་ཡིག་སློབ་དང་དཔོན་ས་རྙེད་ཀྱི་ཟེར་ན། བོད་ཡིག་སྦྱང་བའི་ལས་སྐལ་དེ་ནས་ཆད་འགྲོ་བ་རེད།
ད་དུང་ཡང་བཤད་ཚུལ་ཞིག་ལ་ངེད་ཀྱི་བུ་ཅིག་ཅིག་དང་བུ་མོ་གཉིས་གཉིས་གྲྭ་བཙུན་བྱེད་ན། ཟས་རང་འགྲུབ་གོས་རང་འགྲུབ་ཀྱི་འཚོ་བའི་ཁ་དོག་ངོ་མཚར་བ་ཞིག་རྙེད་རྒྱུ་ཨེ་རེད་ཟེར་མཁན་ཧ་ལས་པའི་མང་པོ་རེད། བླ་མ་ག་གེ་མོ་སྤྲུལ་སྐུ་ག་གེ་མོ་ཇོ་མོ་ག་གེ་མོ་གང་དེས་གྲྭ་བཙུན་བྱེད་ན་ཡག་གི་ཟེར་བ་ཤ་སྟག་ཡིན་པས་སོ། རྒྱུན་མཚན་ལྷ་ཆོས་རིག་གནས་ལ་དུངས་ཞེ་ཆེ་དྲགས་པས་སོ། རྒྱུ་མཚན་བག་ཆགས་མཐུག་དྲགས་པས་སོ། དེ་འདྲ་ཡིན་ཙང་ལྷ་ཆོས་རིག་གནས་ཀྱི་མཁའ་དབུགས་རྔུབ་ཀྱིན་རྔུབ་ཀྱིན་སྐད་ཆ་ཐ་ལེ་ཐོ་ལེ་རེ་རྡོལ་ན། ངེས་འབྱུང་མེད་སྟབས་གྲྭ་བཙུན་བྱེད་ན་དེའི་མགོ་རྔ་མཇུག་གསུམ་གང་འདྲ་ཞིག་ཡིན་ཚོད་རེད། གྲྭ་བཙུན་བྱེད་རྒྱུའི་དམིགས་ཡུལ་ནི་ཟས་རང་འགྲུབ་གོས་རང་འགྲུབ་ཙམ་གྱི་ཆེད་དུ་མིན་པས་སོ།
བུ་ཕྲུག་སློབ་གྲྭར་ཞུགས་མིན་དང་། གྲྭ་བཙུན་བྱེད་དང་མི་བྱེད། ནད་ཡོད་མེད་སྨན་པའི་ས་ལ་འགྲོ་དགོས་མིན་གྱི་ལས་རིགས་འདི་དག་མི་ཚེའི་མདུན་ལམ་དང་འབྲེལ་བ་ཡོད་སྟབས། ལྷ་པ་མོ་པའི་ལུང་དང་རྩིས་འབྲས་སོགས་ལ་ཆ་འཇོག་དང་ཚོད་འཇོག་བྱེད་ནས་གང་བྱུང་བྱུང་དུ་ཐག་གཅོད་བྱེད་རྒྱུ་ཞིག་རྦད་དེ་མིན། རྒྱུ་མཚན་ནི། མི་ཞིག་གི་མི་ཚེའི་སྐྱིད་སྡུག་དང་འབྲེལ་ཡོད་པ་དང་། མི་ཞིག་གི་འཚོ་བའི་ཁ་དོག་དང་འབྲེལ་བ་ཡོད་པ། ད་དུང་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་གནོད་འབྱུང་མིན་གྱི་འབྲེལ་བ་ཡོད་ལ།མི་རིགས་ཤིག་གི་དར་རྒུད་ཀྱི་ལམ་སྣེ་ལ་འབྲེལ་བ་ཡོད་པ། མི་ཟད་སང་ཉིན་གྱི་འཇིག་རྟེན་ལ་འབྲེལ་བ་ཡོད་པས་སོ།
གལ་སྲིད་ད་དུང་ཡང་འཛམ་གླིང་འཁྲུགས་ཆེན་གསུམ་པ་ཞིག་ཡོད་པའི་དབང་དུ་བཏང་ན་མོ་རྩིས་ལུང་གསུམ་གྱི་རིག་གནས་དང་མོ་རྩིས་ལུང་བསྟན་གཏོང་བའི་རིགས་གནས་ལ་འཁྲུགས་ཆེན་ཞིག་རྒྱག་རན་ཚོད་རེད། ལྷ་ཆོས་རིག་གནས་ལ་འཁྲུགས་ཆེན་ཞིག་རྒྱག་རན་ཚོད་རེད། མདོར་ན། མགོ་གཡོག་མགོ་སྐོར་གྱི་རང་གཤིས་མངའ་བའི་ལྷ་ཆོས་རིག་གནས་ལ་འཁྲུགས་ཆེན་ཞིག་རྒྱག་རན་ཚོད་རེད། ང་ཚོའི་མི་རིགས་ནི་གསོལ་འདེབས་དང་སྨོན་ལམ་ལ་དགའ་མཁན་གྱི་མི་རིགས་ཤིག་ཡིན་སྟབས། ཁྲམ་པའི་རིག་གནས་འདི་རྒུད་པར་ཤོག་ཅེས་གསོལ་འདེབས་དང་སྨོན་ལམ་བྱེད་ན་འགྲིག་ལ། ང་ཚོའི་མི་རིགས་འཕྲིན་བཅོལ་གཏོ་འདོན་ལ་དགའ་མཁན་གྱི་མི་རིགས་ཤིག་ཡིན་སྟབས། རྒྱུ་འབྲས་བློ་མིག་གི་ཚད་ཤིང་དང་མི་མཐུན་པའི་ལས་རིགས་འདིའི་སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་བཞེས་པར་འགྱུར་ཅིག་ཟེར་ནས་སྨོན་ལམ་དྲགས་པོ་རེ་འདེབས་རན་ཚོད་གདའ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2767