གཙང་གི་ལོ་གསར། བཀྲ་ཤིས་བདེ་ལེགས།

མྱང་ཆུའི་རོང་སར་འཚོ་བའི་ཞིང་པ་ཚོས་གཙང་གི་ལོ་གསར་ལ་མཐོང་ཆེ་ཤོས་བྱས་ནས་གྲ་རྒྱས་ཤོས་གཏོང་གི་ཡོད།

གཙང་གི་ལོ་གསར་ལ་སོ་ནམ་ལོ་གསར་ཡང་ཟེར་ལ་དུས་ཚོད་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་རེད། རྒྱུ་མཚན་ནི་དེ་དུས་ལོ་གཅིག་ནང་གི་དཀའ་ལས་ཁག་ཤོས་ཀྱི་ལས་ཀ་རྣམས་ཚར་བ་དང༌། འབྲུ་རིགས་རྣམས་མཛོད་ནང་བླུགས་ཟིན་ནས་ཞིང་པ་རྣམས་སྣང་བ་སྐྱིད་ཤོས་ཀྱི་སྐབས་ཤིག་ཡིན། ལོ་གསར་དེ་ནི་བོན་གྱི་འབྱུང་རྩིས་ནས་བྱུང་བ་དང༌། ཞིང་ལས་མང་ཉུང་ལ་གཞིགས་ནས་བྱུང་བའི་གནའ་བོའི་ལོ་གསར་གཏོང་ལུགས་ཤིག་རེད། དུས༌ཆེན་ནང་གི་ལས་འགུལ་ཕལ་ཆེ་བ་ཞིང༌ལས་དང་འབྲེལ་བ་ཡོད་པ་དང༌། ཞིང༌པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ༌འགྲོ་བ་དང་བསྟུན་ནས་དུས་ཆེན་ཡང་དེ༌དང་འདྲ་བར་གྲ་རྒྱས་སུ་དང་འགྲོ་བཞིན་ཡོད།

སོ་ནམ་ལོ་གསར་རིང་སྲོལ་རྒྱུན༌གྱི་གོམས་སྲོལ་ཡག་པོ་ཞིག་ཡོད་པ་ནི་ཁྱིམ་དུ་ནང་ལས་ཙག་ཙིག་ལ་ལོ་གཅིག་བྲེལ་བའི་ཁྱིམ་བདག་མ་སྐུ་ངལ་ཉིན་གཅིག་གསོ་བ་དང༌། ནང་ལས་ཚང་མ་སྐྱེས་པ༌ཚོས་བྱེད་ཀྱི་ཡོད་ལ་ཁྱིམ་བདག་མས་གཟབ་མཆོར་རྒྱན་ཆས་ལེགས་པར་སྤྲས་ནས་ཟླ་བོ་དང་བུ་ཕྲུག་ཚོའི་བསྙེན་བཀུར་དང་ལེན་ཞུ་ཡི་ཡོད། གཙང་གི་ལོ་གསར་གྱི་སྔ་དྲོར་བསང་མཆོད་ཀྱི་ཆོ་ག་བསྒྲུབས་ནས་ལོ་གསར་པའི་ནང་ལོ་ལེགས་ཡོང་བ་དང༌། མི་ཕྱུགས་བགེགས་མེད་བདེ་གནས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། དུད་ཚང་ཚང་མའི་ཁྱིམ་བདག་གིས་ཁང་པའི་ཐོག་ཁར་འཛེགས་ཏེ་བསང་གཏོང་བ་དང་མཆོད་པ་སྣ་ཚོགས་བཤམས་ཀྱི་ཡོད།

ཤར་རིའི་རྩེ་ནས་རྟ་བདུན་དབང་པོའི་ཟེར་བརྒྱ་འཕྲོས་སྐབས་ཁང་ཁྱིམ་ཁག་གི་ཐོག༌རྩེ་ནས་དྲི་བསང་གི་དུ་བ་སྔོ་ལྷོག་ལྷོག་ཕྱུར་བ་དང༌། བསང་གི་དྲི་ཞིམ་གང་སར་ཁྱབ་ཅིང་དུད་ཁྱིམ་ཚང་མས་ལོ་གསར་པའི་ནང་ལོ་ལེགས་ཡོང་བ་དང་མི་ཕྱུགས་ནད་མེད་ཆར་ཆུ་དུས་སུ་འབབ་པ་བཅས་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། དེ་རྗེས་སྐྱེ་བོ་ཚོས་གཡུལ་ཐང་གད་བདར་གཙང་མར་བྱས་རྗེས་ནས་དང་གྲོ། སྲན་མ། བྲ་བོ་སོགས་བཀྲམས་ནས་བྱ་དང་བྱིའུ་སྒྲུག་པར་ཡོང་བར་སྒུག་སྡོད་ཀྱི་ཡོད།

གཙང་གི་ཞིང་པ་ཚོས་བྱ་བྱིའུ་ནི་སྟེང་ལྷ་ཡུལ་ནས་མི་ཡུལ་ལ་མངགས་པའི་ཕོ་ཉ་ཡིན་པས་ལོ་ཏོག་ལེགས་ཉེས་སྔོན་ཤེས་ཡོད་པ་སྟེ་བྱ་བྱིའུ་ཚོ་འབྲུ་སྣ་གང་འིག་ཟ་འདོད་ཆེ་ན་དེ་ཉིད་ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་པ་དང༌། འབྲུ་སྣ་གང་ཞིག་ཟ་འདོད་ཆེར་མེད་པ་དེས་ལོ་རྗེས་མར་འབྲུ་སྣ་དེར་ལོ་ལེགས་མི་ཡོང་བ། འབྲུ་སྣ་ལྔ་ཚང་མ་བཟས་པ་ཡིན་ན་ལོ་གསར་པའི་ནང་འབྲུ་ལྔ་ལོ་ལེགས་བྱུང་ངེས་པར་འདོད་ཀྱི་ཡོད། སྐྱེ་བོ་ཚོས་ལོ་གསར་མ་ཤར་གོང་གི་ཉིན་བདུན་གྱི་སྔོན་ནས་ཕོར་ཆེན་ལྔའི་ནང་འབྲུ་རིགས་སྣ་ལྔ་སོ་སོར་བཏབ་སྟེ་ཁ་གཅོད་བརྒྱབ་ནས་འཇོག་པ་དང༌། ལོ་གསར་ཚེས་གཅིག་ཉིན་མོར་ཕོར་པའི་ཁ་གཅོད་ཕྱེ་སྟེ་ལོ་གསར་པའི་ནང་འབྲུ་སྣ་གང་ཞིག་ལོ་ལེགས་ཡོང་མིན་བརྡར་ཤ་གཅོད་ཀྱི་ཡོད།

དེ་ནི་ཡུལ་ལྷ་གཞི་བདག་གིས་ཞིང་པ་ཚོར་བསྩལ་བའི་ཆ་འཕྲིན་ནམ་སྔ་ལྟས་ཡིན་པས་འདོད་པས་ལས་འགུལ་དེ་སྤེལ་བར་ཡུལ་ལྷ་གཞི་བདག་ལ་མཆོད་པ་ཆེན་པོ་འབུལ་གྱི་ཡོད་ཅིང༌། དེ་ནི་ལོ་གསར་པའི་ནང་རང་ཉིད་ཀྱིས་ལས་ཀ་ཇི་ལྟར་བྱེད་དགོས་པའི་འཆར་གཞི་ཞིག་དང་གཉིས་སུ་མེད་པར་སྣང༌། ཕོར་པའི་ཁ་གཅོད་ཕྱེ་སྐབས་ཁྱིམ་བདག་གིས་ཕྱག་ཟུང་གཙང་མར་འཁྲུས་པ་དང༌། ཁྱིམ་མི་ཚང་མ་འགྲམ་དུ་ལངས་ནས་སྡོད་ལ་མི་སུ་ཞིག་གིས་ཀྱང་ཚིག་ངན་སྨྲ་མི་རུང༌། ཕོར་པའི་ནང་གི་སྐྱེ་འཚར་བཟང་བའི་མྱུ་གུ་སྐྱེ་བོ་ཚོའི་འདྲེན་བྱེད་ལམ་དུ་ཤར་མ་ཐག་དགའ་འབོད་ལྷང་ལྷང་བྱེད་ལ་གྲོང་ཚོའི་ནང་འཕྲིན་བཟང་དེ་ཕན་ཚུན་ཤོད་རེས་བྱེད་པ་དང་ཤོག་སྦག་སྤར་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་ཡི་ཡོད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2762