བོད་རིགས་བུ་མོས་འབྱུག་རྫས་བྱུགས་པ་ཡ་མཚར་མ་གནང་།

ནགས་རྡོ་སེང་།


ཉེ་ཆར་དགོད་བྲོ་ལ་ཡ་མཚར་བའི་རྩོད་པ་ཞིག་བྱུང་ཡོད་སྐད། དེ་ནི་བོད་ཀྱི་བུ་མོས་གདོང་ལ་འབྱུག་རྫས་བྱུག་ན་བཟང་མི་བཟང་གི་སྐོར་རེད།གོ་ཐོས་ལྟར་ན་ང་ཚོ་བོད་ཀྱི་ཕོ་གསར་ཁ་ཅིག་གིས་བོད་པའི་བུ་མོར་བྱུག་རྫས་བྱུགས་པར་སུན་འབྱིན་དང་སྡིག་མོ་ཡང་བྱེད་ཀྱི་ཡོད་སྐད། འོན་ཀྱང་སྐྱེས་བུ་དེ་རིགས་ནི་མི་རིགས་ལ་དུང་དྲགས་ནས་དུས་རབས་ཀྱི་གོམས་བགྲོད་མ་ཚོར་བ་ཡིན་ནམ། རྗེས་ལུས་ཤིག་རུམ་དུ་ཉར་ནས་གཟི་བརྗིད་དུ་སྒོམ་བཞིན་ཡོད་མིན་ཆ་མ་འཚལ།

མ་གཞི་དེ་ནི་རྩོད་རིན་མེད་པའམ་རྩོད་པ་མེད་པའི་ཕུང་པོ་ཞིག་རེད། འོན་ཀྱང་དེ་རིང་རྒྱ་ཆེའི་བུད་མེད་རྣམ་པའི་གདོང་གྲོགས་སུ་ལངས་ནས་ཚིག་ཁ་ཤས་བཤད་རྒྱུ་ཡིན། སྤྱིར་འཛམ་གླིང་དེའི་ཐོག་ཏུ་སྐྱེས་ཕོ་མོ་སུ་ཡིན་རུང་ཡོད་ཚད་དེ་མཛེས་པ་ལ་མོས་ཤིང་ཆགས་པ་དང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་སྔར་བས་མཛེས་ཐབས་བྱེད་ཀྱིན་ཡོད། དཔེར་ན། ང་ཚོ་ཚོང་ཁང་དུ་གྱོན་གོས་ཉོ་རུ་འགྲོ་སྐབས་གལ་ཏེ་ལུས་ཀྱི་ངོ་ཚ་བཀབ་བྱེད་ཙམ་མམ་ རླུང་དང་གངས་ཆར་འགོག་བྱེད་ཙམ་ཡིན་ན་གྱོན་གོས་བརྒྱ་བདམས་སྟོང་བདམས་བྱེད་དོན་ཅི། སྟོད་གོས་ཤིག་ཉོ་ཕྱིར་ལྷ་ས་དུ་ཙམ་སྐོར་མྱོང་བ་དང་སྨད་གོས་ཤིག་ཉོ་བའི་ཆེད་དུ་ཁྲོམ་གཞུང་གྲངས་མེད་ཅིག་བརྒྱུད་མ་མྱོང་ངམ། ལུས་ཀྱི་རྒྱན་གོས་དཀར་སེར་དམར་ལྗང་དང་འོག་གི་ལྷམ་ཆུང་འདྲ་མིན་སྣ་ཚོགས་སོགས་ཡོད་ཚད་ནི་བདེ་པོ་དང་དྲོ་པོ་ཁོ་ནའི་ཆེད་དུ་ཡིན་པ་ལས། མཛེས་པའི་ཆེད་དུ་མིན་ཞེས་སུས་མནའ་བོར་ནུས་སམ། གལ་ཏེ་མིའི་རིགས་དེ་མཛེས་པ་ལ་མོས་པའི་སྲོག་ཆགས་ཤིག་མིན་ན་རྒྱན་ཆ་ཟེར་བའི་དངོས་པོ་དེ་དང་ཐ་སྙད་དེ་རྩ་ནས་ཡོང་ཐབས་མེད། དེས་ན་མཛེས་པ་ལ་ཞེན་པ་ནི་མིའི་རང་བྱུང་གི་གཤིས་ཀ་ཞིག་རེད། སུ་དང་ཀུན་ཀྱང་མཛེས་པ་ལ་དགའ་ཞིང་མཛེས་པར་བརྩོན་པའི་ཐོབ་ཐང་ཡོད་པ་རེད། གདོང་ལ་འབྱུག་རྫས་བྱུག་པ་ནི་མཛེས་བཟོ་དང་ལང་ཚོ་སྲུང་བའི་རྩོལ་བ་ཁོ་ན་ལས་སུ་གང་ལ་གནོད་འཚེ་བཏང་མེད་ལ། སུ་གང་གིས་ཀྱང་བཀག་འགོག་བྱེད་མི་ཐུབ། མ་གཞི་ནས་དེ་ནི་མི་བུ་ཞིག་གི་རང་ལུས་རང་དབང་ཡིན་པས་སུ་གང་གིས་མཛུབ་ཀེར་གྱིས་འཕྱ་ཞིང་སྡིག་པའི་དབང་ཆ་མེད་སྙམ། གལ་ཏེ་སྔར་གྱི་བོད་མོ་དག་གིས་འབྱུག་རྫས་མི་བྱུག་ཟེར་ན། དེ་ནི་ཡག་དྲགས་པས་མ་བྱུག་པ་ཡིན་ནམ་དཀོན་དྲགས་པས་མ་རྙེད་པ་ཡིན་པ་སུས་ཤེས། སྤྱི་ཚོགས་དང་དུས་རབས་མི་འདྲ་ལ་འཚོ་བའི་ཐུན་རྐྱེན་གྱི་ཕུན་སུམ་ཚོགས་མིན་ཡང་གནམ་དང་ས་ཡི་ཁྱད་པར་ཡོད། མི་ལོ་ལྔ་བརྒྱའི་གོང་གི་མེས་པོ་དག་གིས་གནམ་གྲུར་སྡོད་མ་མྱོང་ལ་བརྙན་འཕྲིན་བལྟ་མ་མྱོང་། འོན་ཀྱང་ང་ཚོས་དུས་རབས་འདིར་ད་དུང་ང་ཚོའི་མེས་པོ་རྣམས་ཀྱིས་གནམ་གྲུར་བསྡད་མ་མྱོང་བས་ང་ཡང་མི་སྡོད་པ་དང་ངས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དོ་ཟེར་བ་ནི་ཅི་འདྲའི་སེམས་ལ་གཟན་ཞིང་རིགས་ལ་གནོད་པའི་བསམ་སྤྱོད་ཅིག་ཨང་།

གཞན་ཡང་ཕོ་མོ་སུ་གང་ཞིག་གིས་གདོང་ལ་འབྱུག་རྫས་སྦྱར་མ་མྱོང་ཞེས་བཤད་ཐུབ་བམ། གནའ་མིས་མར་དང་མར་ཁུ། འོ་མ་སོགས་གདོང་ལ་བྱུག་པ་དང་། སྔར་འབྲོག་མོ་དག་གིས་དབྱར་དུས་སུ་གདོང་ལ་ཨ་མདའ་ཟེར་བའི་ཕྱུར་ར་བསྐོལ་བའི་ཁུ་བའི་སྙིགས་མ་གདོང་ལ་བྱུག་ནས་ཉི་མའི་འོད་ཟེར་གྱིས་གདོང་གི་པགས་པར་མི་གནོད་པའམ་གདོང་ཉི་མས་ཚིག་ནས་ནག་པོར་གྱུར་བར་དོགས་ནས་བྱུག་སྲོལ་ཡོད། སྐྱེས་པ་ཕོ་ཡང་འབྱུག་རྫས་ཀྱི་སྲབ་མཐུག་དང་། ཚད་ཆེ་ཆུང་དང་སྣ་མང་ཉུང་སོགས་མི་གཅིག་པ་མ་གཏོགས་ཚང་མས་འབྱུག་རྫས་བྱུག་བཞིན་ཡོད། ཐ་ན་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོའི་སྐུ་འདྲ་དག་ཀྱང་རྒྱན་དང་ན་བཟའ་བཀླུབས་ཡོད་པས་མི་བུ་གསོན་པོ་ཞིག་གིས་རྒྱན་དང་མཛེས་བཟོ་ལོས་བྱེད། མ་ཟད་རྩོད་དང་རྩོད་བཞིན་པའི་ང་དང་ཁྱོད་ཀྱང་གདོང་ལ་འབྱུག་རྫས་སྣེ་གཅིག་བྱུག་མེད་དམ། ཡང་ན་ཁྱོད་ཀྱིས་དགའ་དང་དུང་བཞིན་པ་དེ་ཡིས་འབྱུག་རྫས་བྱུག་མེད་པ་ཨེ་ཡིན། བོད་ཀྱི་གཏམ་དཔེར། མི་སུམ་བཅུ་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུ་རྭ་ཅོ་དྲུག་བཅུ་ཞེས་པ་བཞིན་རང་རང་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་མི་འདྲ་བས་ཁྱོད་ཀྱིས་བདུད་མོ་སྲིན་གདོང་དུ་མཐོང་ཡང་། ཁོང་གིས་ཡིད་འཕྲོག་ལྷ་མོ་རུ་མི་མཐོང་བའི་ངེས་པ་མེད་དོ།།

གཞན་ཡང་ཕྱི་གླིང་བ་དང་རྒྱ་ནག་པ་སོགས་འཛམ་གླིང་ཡོངས་ལ་མཛེས་པའི་ཆེད་དུ་སྐྲ་འདེབས་པ་དང་། སྨིན་མ་འཛུགས་པ། སྣ་མཐོ་རུ་གཏོང་བ། འགྲམ་པ་བརྡར་བ། ནུ་མ་འབུར་རུ་གཏོང་བ་སོགས་ཀྱི་ལུས་ལ་ལས་སྣོན་རབ་དང་རིམ་པ་བྱེད་བཞིན་ཡོད་རུང་ང་ཚོ་ད་དུང་བོད་ཀྱི་བུ་མོས་འབྱུག་རྫས་བྱུག་ན་བཟང་མི་བཟང་ལ་རྩོད་བཞིན་ཡོད་པ་དེ་མི་མཚར་རམ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2758