གླུ་པ་ཚོ། ཨེན་ཙམ་གསོན།
སོག•མདའ་སྨྱུག
མི་ལོ་བཅུ་ཕྲག་འགའི་སྔོན་ཞིག་ནས་རིག་གནས་གསར་རྗེ་ཆེན་མོ་ཟེར་བའི་དུས་ཀྱི་འཕོ་འགྱུར་གསར་བ་ཞིག་བྱུང་བ་རེད་ལ། སྐབས་དེ་དུས་ཙ་ན་འདུ་ཤེས་རྙིང་པའི་ཁོངས་སུ་གཏོགས་པའི་ཤེས་རབ་དང་བདེན་པ། སྙིང་རྗེ་དང་བྱམས་བརྩེ་སོགས་ནང་ཆོས་དང་འབྲེལ་བའི་རིག་གཞུང་ཡོད་ཚད་ཀྱང་འབྱུང་བཞིའི་ཞལ་དུ་འདེབས་དགོས་ཀྱིན་ཡོད་པ་རེད། སླར་ཡང་འཕོ་འགྱུར་གྱི་དུས་ཚོད་ཐུང་ངུ་དེ་མགོ་གཏིང་བརློགས་ནས་ཡང་བསྐྱར་དུས་རབས་གསར་པ་ཞིག་གི་དཔལ་གཡང་ལ་རོལ་རྒྱུ་བྱུང་བའི་འཚོ་བ་འདི་དག་ནི་ཅི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད་ཨང་། དུས་རབས་ཀྱི་འཕོ་འགྱུར་འདི་དང་བསྟུན་ནས་རིམ་བཞིན་མི་རྣམས་ཀྱི་འཚོ་བའི་ཤུགས་རྐྱེན་ཇེ་མཐོར་འགྲོ་མྱོང་ཡོད་ལ། དེ་ནས་བཟུང་མི་རྣམས་ཀྱི་བློ་རིག་ལའང་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད། དེར་བརྟེན་རང་རང་སོ་སོའི་འཚོ་བ་རོལ་སྟངས་ཀྱི་འདུ་ཤེས་གསར་པ་འདྲ་མིན་ཞིག་དུས་རབས་འདིའི་མི་རྣམས་ཀྱི་སེམས་སུ་ཐིམས་ཡོད་པ་དེའང་མངོན་གསལ་རེད། དེ་ལྟར་ཕྱི་དངོས་པོའི་དཔལ་གཡང་གོང་འཕེལ་དུ་སོང་བ་དང་ཆབས་གཅིག ནང་མིའི་བསམ་པའི་དཔལ་གཡང་ཡང་གོང་ནས་གོང་དུ་འཕེལ་ནས་མི་རང་རང་གི་འཚོ་བའི་དགོས་མཁོ་འདྲ་མིན་ཞིག་གཉེར་ནས་འཚོ་བ་སྐྱེལ་བ་རེད་མོད། དེ་ཡང་འགའ་ཞིག་ནི་ཚོང་ལས་ཁེ་དཔོགས་ཀྱི་ཐད་ནས་ཁ་གསོ་དགོས་ཀྱིན་ཡོད་ལ། འགའ་ཞིག་ནི་སྤྲང་ཟས་ཀྱིས་འཚོ་དགོས། ཡང་འགའ་ཞིག་ངལ་རྩོལ་ལས་རིགས་སུ་ཞུགས་ནས་གླ་རླན་གྱིས་ལྟོ་བ་འགྲང་དགོས་ལ། འགའ་རེ་ནི་མི་ཚེ་རྐུ་དང་ཇག་ལ་བསྐྱར་ནས་འཚོ་བ་རོལ་གྱིན་ཡོད་པ་རེད། འགའ་ཞིག་ནི་གླ་ཕོག་དང་འགའ་ཞིག་ནི་དད་ཟས་གཤིས་དཀོར་ལ་ཡང་རེ་བཞིན་མཆིས་ཏེ་མདོར་ན་ཐབས་ཅི་དང་ཅི་ལྟ་བུ་ཞིག་ལ་བསྟན་ནས་འཚོ་ནའང་སྔོན་དང་ད་ལྟའི་འཚོ་བ་ནི་འགྲན་རིན་མ་མཆིས་མོད། ཡང་དེང་སང་འགའ་རེ་ནི་གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་བྱས་ཏེ་ཁ་གསོ་དགོས་ཀྱིན་ཡོད་རེད། འདི་ནི་སྔོན་མ་ཞིག་ནས་ཡོད་པ་ཞིག་རེད་ལ་ད་སྐབས་དེ་ཚོ་དངོས་གསལ་དོད་པ་ཙམ་ལས་སྔོན་དང་ཕྱོགས་མཚུངས་རེད། འོན་ཀྱང་སྔོན་ཆད་དཔལ་འབྱོར་འདི་ལྟར་མ་རྒྱས་ཤིང་ཁོར་ཡུག་ཕྱི་ནང་གི་ཐོན་བསྐྱེད་ཡར་རྒྱས་དེ་ཙམ་མེད་པའི་དུས་ཀྱི་གླུ་པ་དང་ད་ལྟའི་གླུ་པ་གཉིས་ནི་འགྲན་ནུས་མེད་པར་གདབ་བརྒྱ་འགྱུར་གྱིས་ད་ལྟའི་གླུ་པ་འདི་དག་བཟང་བ་རེད། སྔོན་ཆད་ཁུལ་དང་རྫོང་སོགས་སུ་འགྲོ་སྐབས་ཤིང་གི་མགོ་ལ་སྐུད་པ་བསྒྲོག་ཡོད་པ་ཞིག་འཕྲེད་དུ་ཁུར་ཏེ་དེ་ལས་སྒྲ་ཡང་འདྲ་མིན་ཞིག་ཐོན་གྱིན་ཡོད། གླུ་དང་ཁ་བཤད་འདྲ་མིན་ལེན་ནས་སྒོར་མོ་རེ་དང་སྒོར་ཟུར་རེ་སློང་དུ་འགྲོ་གིན་ཡོད། འོན་ཀྱང་དེང་སང་གི་གླུ་བ་ནི་རྒྱུད་མངས་དང་སྒྲ་སོགས་ཡོད་ཚད་གློག་དང་འཕྲུལ་གྱིས་ལས་ཀྱིན་ཡོད་ལ། ཕལ་ཆེར་རང་གི་མགྲིན་པའི་སྐད་ངག་ཀྱང་འཕྲུལ་གྱིས་བཟོ་བཅོས་བྱས་ཏེ་གླུ་ལེན་ཆོག་གི་ཡོད་པ་རེད་འདུག འོན་ཏེ་དེང་སང་གི་དུས་རབས་འདི་ལྟ་བུ་ལ་མཚོན་ན་རིག་གནས་དང་ཤེས་ཡོན་གྱི་དུས་རབས་ཤིག་རེད་ལ། ཕྲག་དོག་དང་འགྲན་སེམས་ཆེ་བའི་དུས་རབས་ཤིག་ཀྱང་དེ་བས་རེད། དེས་ན་ངས་འདི་ནས་གླུ་པ་འདི་དག་ལ་མོལ་འདོད་པ་ནི་ཁོ་རང་ཚོའི་སྐྱོན་ཆ་ཞིག་མངོན་ཡོང་གིས་འདུག་པ་དེ་ཡོ་སྲང་གི་འབོད་སྐུལ་དང་ཁ་ཏ་བྱེད་ཀྱིན་ཡོད། ཁོ་ཚོའི་སྐྱོན་ནི་འདི་རེད་དེ། དེང་སང་གི་གླུ་པ་འདི་དག་ནི་ཤེས་རིག་གི་སྒོ་མོ་དོག་ཅིང་སྣང་བ་ནི་ཨ་སྔོན་བས་ཀྱང་མཐོ་བ་ཞིག་རེད། ཁོ་རང་ཚོ་གླུ་ལེན་ཞིང་ཆེད་བསྒྲིགས་བྱེད་དགོས་ཀྱིན་ཡོད་པ་མ་ཟད་ལོ་རེར་ཟེར་སྡེར་རེ་རེ་དཔར་དགོས་ཀྱིན་ཡོད་རེད། འོན་ཀྱང་ཁོང་ཚོ་ནི་མ་མཐའ་ཡང་སུམ་རྟགས་དག་གསུམ་ཙམ་དང་སྙན་ངག་ཕྱོགས་རེ་ཙམ་ཡང་མི་ཤེས་པར་ཡིན་སྣང་དང་ཡོད་མདོག་གིས་ཁེངས་ནས་ཡོད། དེས་ཁོ་ཚོར་སྐྱོན་ཆ་ཞིག་སྟེར་ཡོད
་དེ། དེ་ནི་གླུ་ཚིག་དཀོན་པོར་གྱུར་པ་དེ་རེད། ཁོ་རང་ཚོས་རང་གི་འདོན་ཞིང་གྱེར་གྱིན་པའི་གླུ་སྐད་གསོན་པོ་དེ་དང་སྙམ་དུ་ཡོད་པའི་གླུ་ཚིག་དེ་ནི་ཁོ་དང་གཏན་ནས་འབྲེལ་བ་མེད་པ་ཞིག་ཡིན་ཏེ་གླུ་ཚིག་ནི་བླ་མ་ག་གེ་མོའམ་དགེ་རྒན་ཅིག་ཅིག་མྱིག་མྱིག་ཅིག་གིས་བརྩམ་དགོས་ཀྱིན་ཡོད་པ་དེ་རེད། མ་ཟད་གླུ་ཚིག་རྩོམ་མཁན་དེ་ནི་མི་ཡག་སྡུག་ཅི་ཞིག་ཡིན་རུང་མདོར་ན་སུམ་རྟགས་དག་ལ་བློ་ཁ་ཉེ་བ་ཞིག་གིས་བྲི་ཤེས་ཀྱིན་ཡོད་ནའང་ཁོ་རང་ཚོ་ནི་དེ་ལྟའི་ཤེས་རིག་དེ་ཙམ་ཡང་དབུལ་པོ་ཡིན། སྤྱིར་ན་གླུ་ཚིག་གཞན་གྱིས་རྩོམ་སྟེ་གྱེར་དབྱངས་གཞན་གྱིས་འཐེན་ནའང་ལོས་ཆོག་སྟེ། འདི་ལྟར་གླུ་ཚིག་རྩོམ་མཁན་དང་གླུ་དབྱངས་གྱེར་མཁན་གཉིས་ནམ་ཡང་ཁ་ཁ་ཡིན་ནས་བཟུང་སྟེ་ཁོ་རང་ཚོ་མ་འོངས་པར་གླུ་གར་གྱི་ཁ་ཟས་ཟ་བའི་རྫོགས་ཚིག་ཅིག་བྲིས་པ་ཡིན་ལས་ཆེ་ཞེས་ལབ་ནའང་མི་ཆོག་རྒྱུ་མེད་པ་ཞིག་རེད། གང་ལྟར་ཤེས་ཡོན་དེ་ཙམ་མི་བཟང་ཞིང་ནམ་ཡང་གཞན་ངོ་རྡུང་བཞིན་པའི་གླུ་པ་གླུ་མའི་རིགས་དག་མཐོང་ཡོངས་དུས་སུན་འགྲོ་བྱེད་ཅིག་རེད།
ཁྱོད་སུན་སོང་ནའང་ཆོག ཁྱོད་ཀྱིས་མ་བལྟས་ནའང་ལོས་ཆོག་ཅེས་བརྗོད་སྲིད་མོད། དེ་དུས་ཁྱོད་ཚོའི་སྐྱོན་ཆ་དང་གྱོང་རྒུད་སོགས་ནི་ད་རུང་མ་མཐོང་བར་ལུས་ཡོད་པ་སུ་ཡིས་ཤེས། རེད་ཡ་་་་ གླུ་པ་དང་གླུ་མ་རྣམ་པ་མི་ཚོགས་དང་གར་སྟེགས་སོགས་སུ་འཚང་ག་ཤིག་ཤིག་ཏུ་སྤུངས་བཞིན་པའི་གླུ་པ་དང་གླུ་མ་རྣམ་པ་ཁྱེད་ཚོའི་ཁ་ནས་གླེང་རྒྱུ་ནི་ཤེས་ཡོན་པ་ཚོས་བྱིན་པའི་སྐད་ཆ་རྐྱང་རྐྱང་ཡིན་པས་སྐད་ཆ་དེ་དག་ཁུང་ལུང་དང་ལ་རྒྱ་གཟི་བརྗིད་སོགས་ཀྱང་ལོས་ཡོད་སྲིད་དེ་ཧ་ཅང་ཡག་པོ་འདུག འོན་ཀྱང་ཁྱོད་ཚོའི་ངག་ནི་ནམ་ཡང་ངག་རང་ཡིན་པ་ལས་གློ་སྙིང་བྲང་གསུམ་ནས་བྱུང་བའི་སྐད་ཆ་ནི་ཁྱོད་ཚོའི་སྐད་ཆ་དེ་དག་གཏན་ནས་ཡིན་མིི་སྲིད། ཁྱོད་ཚོས་ཁ་ནས་གྱེར་བཞིན་པ་ནི་ལ་རྒྱ་དང་ཤེས་ཡོན། བདེན་དོན་དང་ཕ་སྐད། ཡ་རབས་དང་སྤྱོད་བཟང་། སྲོལ་རྒྱུན་དང་དྲང་བདེན་སོགས་དགོས་རབས་ཀྱི་སྐད་ཆ་དེ་དག་ཡིན་ལ། དེ་དག་ནི་ནམ་ཡང་ཁྱོད་ཚོས་ངེད་ཚོར་བྱིན་པའི་སློབ་སྟོན་གྱི་ཚིིག་ཆེན་དག་རེད། འོན་ཏེ་ཁྱོད་ཚོར་དེ་དག་ལྡན་ནས་ཡོད་དམ། མི་ལྡན་ནས་ཡོད། ད་དུང་ཁྱོད་ཚོ་ནི་མི་གཞན་ལ་འབོད་སྐུལ་ནུས་པའི་མཐོ་གྲལ་དག་ཡིན་ན་ང་ཚོ་མང་ཚོགས་འདི་དག་ལས་གདབ་ག་ཚོད་ཀྱིས་ཁྱེད་ཅག་འཕར་དགོས་དེ་གོའམ། མ་ཟད་ཁྱེད་ཅག་ནི་དེ་དག་ལས་མར་ལྷུང་ནས་འདུག་ལ་གོ་ལྡོག་ནས་འདུག ཁྱོད་ཚོས་ངུ་སྐད་སུ་ལ་ཟུག་པ་རེད། སྲོལ་རྒྱུན་རྒྱུན་སྐྱོང་མི་བྱེད་པར་མ་ཟད་བོད་རང་གི་སྲོལ་རྒྱུན་གཙང་མ་གནུབས་མཁན་ཁྱེད་ཅག་མིན་ནམ། ཕ་སྐད་མ་ཡིག་དག་ཁ་ཟས་སུ་ཟ་མཁན་ཁྱེད་ཅག་རེད་མི་འདུག་གམ། ཡ་རབས་དང་སྤྱོད་བཟང་ཡོད་ཚད་མགོ་གཏིང་བརློག་མཁན་ཁྱེད་ཚོ་རེད་མི་འདུག་གམ། མི་རིགས་དང་རྒྱལ་ཁབ་གཞན་དག་འདི་ཚོའི་སྔུན་ནས་ཁྱེད་ཅག་གིས་ཐ་མག་དང་ཆང་རག་རེ་རེ་ལོངས་སྤྱོད་ས་མཐོང་དུས་བོད་ཅེས་པའི་ཐ་སྙད་གཙང་མ་འདི་གཞན་གྱི་ཁྲེལ་དགོད་དང་འཕྱ་སྨོད་ཀྱི་གནས་སུ་འཇོག་བཞིན་པ་ལ་ལྟོས་དང་། ཁྱེད་ཅག་གིས་འགྲིག་ཤོ་དང་སྟེགས་དྲུག་རེ་རེ་འཕེན་ས་མཐོང་དུས་སྲང་ལམ་གྱི་མི་དམངས་ཚོས་ཁ་དང་མིག སྣ་དང་རྣ་བ་སོགས་ཡོད་ཚད་སོར་བཅུས་བསུམས་ནས་བྲོས་བཞིན་པ་དེ་དག་ཀྱང་ཁྱོད་ཚོའི་གཟི་བརྗིད་དུ་སྒོམ་དང་ཡག་པོ་འདུག ད་རུང་ཡིན་ཡིན་མིན་མིན་གྱི་ངུ་སྐད་ངན་པ་འགའ་གྱེར་ནས་འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་འདིར་བོད་མི་རིགས་ཞེས་པའི་ཐ་སྙད་འདི་བརྫོད་བཞིན་པའི་མི་བུ་སྐོར་གཅིག་ལ་ལྟོས་དང་། མཐར་ངས་ཁྱེད་ཅག་ལ་ཁ་ཏ་བྱེད་རྒྱུ་ཞིག་ལ་གལ་སྲིད་ཁྱེད་ཅག་གིས་གནས་ཆུང་ལྔའི་ཕྱོགས་གཏོགས་ཟློས་གར་གྱི་རིག་གནས་ཞེས་པ་དེ་རྒྱུན་སྐྱོང་འདོད་ན་རིག་གནས་གཞན་རྣམས་ལའང་བྱང་ཆུབ་དགོས་པ་ལས་རྐང་པ་ཡ་གཅིག་མ་བཙུགས་པར། །གཉིས་བཏེག་ན་འགྱེལ་བའི་རྒྱུ་རུ་འགྲོ་བ་ནི་རྟེན་ཅིང་འབྲེལ་འབྱུང་ཡིན་པས་གླུ་པ་ཞིག་དང་གཞས་པ་ཞིག་གི་ཐ་སྙད་དེ་ཁྱོད་ལ་ཡོད་འདོད་ན་མ་མཐར་ཡང་སུམ་རྟགས་དག་གསུམ་ལ་ལོ་ངོ་གསུམ་ཙམ་སྦྱོང་བརྩོན་བྱེད་རོགས་ཞེས་པ་དེ་དང་མཉམ་དུ་ཁྱོད་ཅག་སྐྱོན་ལ་སྐྱོན་ལྟར་དུ་ཤེས་ནས་ཡོ་སྲང་དང་བསྒྱུར་བཅོས་གཞི་ནས་བྱེད་རོགས་ཞེས་པ་དེའོ། །
༢༠༡༥/༡/༢༡
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2755
ཉེ་མཆན།