དབྱར་རྩྭ་དགུན་འབུ་དང་འཚོ་བའི་རང་དབང་།
པངྨ་རྡོ་རྗེ།
ངའི་སྲིང་མོ་དང་ཁོ་མོའི་ཁྱོ་ག་གཉིས་དབྱར་རྩྭ་དགུན་འབུ་བཏུ་བར་སོང་ནས་སོ་མ་ཁྱིམ་ལ་འབྱོར་བ་ཡིན། སྲིང་མོས་བཤད་པ་ལྟར་ན་ད་ཐེངས་ཁོང་གཉིས་པས་སྒོར་གཅིག་ཁྲི་ལྷག་ཁྱེར་ཡོང་ཟེར། ཁོང་གཉིས་ལ་མཚོན་ན་ལོ་གཅིག་གི་ཞོར་ལས་གཉེར་བ་ལས་སྒོར་མོ་འདི་འདྲ་མང་པོ་དུས་ཡུན་ཐུང་ངུའི་ནང་རྙེད་བྱུང་ན་དགའ་བ་ཁོ་ཐག་ཡིན། མ་གཞི་དབྱང་རྩྭ་དགུན་པོས་ཁོང་གཉིས་ལ་བུ་ལོན་འཇལ་ཐུབ་པའི་གོ་སྐབས་ཤིག་བསྩལ་བ་མ་ཟད། རང་གི་བུ་ཆུང་མུ་མཐུད་དུ་བྱིས་སྐྱོང་ཁང་དུ་བསྐྱལ་བའི་ཆ་རྐྱེན་ཡང་འཛོམས་པར་བཅོས་ཡོད། ལོ་འདིའི་ཡོང་འབབ་བཙལ་བའི་ཆེད་དུ་ཁོང་གཉིས་པས་ཀྱང་དཀའ་ངལ་གང་མང་བརྒྱུད་མྱོང་། དབྱར་རྩྭ་དགུན་འབུ་འཐུ་བར་རྩྭ་དཔྱ་སྤྲད་དགོས་པ་དང་མི་སུ་ལའང་གོ་སྐབས་འདི་ཡོད་པ་མ་རེད། ལར་རང་གི་ཉེ་རང་དང་གྲོགས་པོ། ངོ་ཤེས་བརྒྱུད་ལས་ད་གཟོད་དབྱར་རྩྭ་ཡོད་སར་འགྲོ་ཐུབ། དེ་ལྟ་མ་ཡིན་ན། རྩྭ་སའི་བདག་པོའམ་ཚོང་དཔོན་གྱི་གླ་རུ་ཚུད་ནས་དབྱར་རྩྭ་རྐང་རེ་བརྐོས་ན་སྒོར་གསུམ་(མཚོ་སྔོན་ཆབ་ཆའི་གནས་ཚུལ་འདི་འདྲ་རེད)སྟེར་བའི་ལས་ཀར་ཞུགས་ཅི་ཐུབ་བྱེད་ངེས། ངའི་སྲིང་མོས་དབྱར་རྩྭ་མ་བཏུ་བའི་སྔུན་ལ་ངའི་ལག་ནས་སྒོར་ཉི་སྟོང་ལྷག་གི་བུ་ལོན་གཡར་ནས་རྩྭ་དཔྱ་སྤྲད་པ་རེད། མོས་ང་ལ་བཤད་རྒྱུར། ད་ལོ་ཁོང་གཉིས་ཀ་བུ་ལོན་མང་དྲག་པའི་ངའི་སྒོར་མོ་དེ་རེ་ཞིག་མར་འགྱངས་ནས་སྤྲོད་དགོས་ཡིན་ཟེར།
ང་ལ་སྲིང་མོ་གཉིས་ཡོད། བུ་ལོན་གཡར་བ་ནི་ཆེ་བ་ཡིན། ངའི་སྲིང་མོ་གཉིས་ཀ་སློབ་གྲྭར་འགྲོ་མྱོང་མེད། གནས་སོང་བའི་མཐའ་མ་ནི་གྲོང་ཁྱེར་ནས་འཚོ་བ་རོལ་དགོས་པའི་ཞོར་ལས་འཚོལ་མཁན་ཞིག་ཏུ་གྱུར། རང་གི་དཀའ་ངལ་དེ་གསལ་ལེར་གཏོགས་པ་དང་ཁོང་གཉིས་ཀྱིས་ནུས་བ་ཡོད་ཚད་བཏོན་ནས་སོ་སོའི་བུ་ཕྲུག་ལ་སློབ་གསོ་ཡག་པོ་ཞིག་རེག་པའི་ཆ་རྐྱེན་ཅི་རིགས་བསྐྲུན་པ་ཡིན་ནོ།
དབྱར་རྩྭ་དགུན་འབུ་ནི་ཐོན་ཁུངས་མ་གཏོགས་ཐོན་སྐྱེད་མ་རེད། ཚོང་རྭའི་དགོས་མཁོ་ལྟར་ན་དབྱར་རྩྭ་དགུན་འབུ་འབོར་ཆེན་པོ་མཁོ་མིན་དྲང་མོར་མཚོན་མེད། དབྱར་རྩྭའི་ཚོང་རྭའི་ནང་ཁུལ་དུ་ཟུག་པ་ནི་དབྱར་རྩྭ་འཐུ་མཁན་ཞིག་དང་བར་མོའི་ཚོང་བ། དེ་ནས་མཐའ་མཇུག་གི་ལོངས་སྤྱོད་མཁན་བཅས་ཀྱིས་གྲུབ་ཡོད་སྟབས། ཁེ་བཟའ་བའི་ཕུང་བོ་འདི་དག་ཚང་མ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཆགས་ཡོད། དབྱར་རྩྭའི་གོང་ཚད་འཕར་བ་དེ་བར་མའི་ཚོང་བས་སྐུལ་སློང་བྱེད་པའི་མཇུག་འབྲས་ཤིག་དང་དངུལ་ལོར་མང་པོའི་རྩེད་འཇོ་ལྟ་བུ་རེད། འོ་ན། ཚོང་བ་འདི་དག་ལ་མ་དངུལ་མོད་པོ་རེག་ཐུབ་པའི་རྒྱུ་མཚན་ཅི་ཡིན། དེང་གི་དུས་སུ་རྒྱལ་ཁབ་ཀྱིས་དཔལ་འབྱོར་ཡར་རྒྱས་གཏོང་བའི་དགེ་བ་དམིགས་ནས་དངུལ་ཁང་གི་དངུལ་ལོར་མོད་པོ་གཏོང་ཆོག་པའི་ཆོག་མཆན་བཀོལ་ཡོད། དངུལ་ཁང་གི་དངུལ་ལོར་ཡང་མི་ཚང་མའི་ལག་ཏུ་འབྱོར་བའི་གོ་སྐབས་ཡོད་པ་མ་རེད། དངུལ་ཁང་གིས་ཚོང་བ་ཆེན་མོའམ་གཞུང་གི་ལས་ཁུངས་ལ་བརྟེན་ནས་བུ་ལོན་མང་ཚོགས་ལ་གཡར། ཆ་རྐྱེན་ངེས་ཅན་མེད་ན་དངུལ་ཁང་གི་དངུལ་གཡར་ཐུབ་རྒྱུ་མ་རེད། ཚོང་བ་ཆེན་མོས་དངུལ་ཁང་གི་བུ་ལོན་འཁྱེར་ནས་ག་ས་གང་དུ་ཚོང་ལས་ཀྱི་གོ་སྐབས་བཙལ་བ་དང་དབྱར་རྩྭ་དགུན་འབུ་ནི་སྟབས་བདེ་བའི་འདེམས་བཀོད་ཞིག་རེད། དེ་གང་ཡིན་ཟེར་ན། དབྱར་རྩྭ་དགུན་འབུ་ནི་རང་བྱུང་གི་ཐོན་ཁུངས་ཤིག་དང་ཞོར་ལས་གཉེར་མཁན་ནི་ས་ནས་རང་གི་ངལ་རྩོལ་བ་ཕལ་བ་དག་རེད། མི་འདི་དག་མཁོ་བའི་གླ་ཕོག་ཀྱང་ཉུང་ཉུང་ཡིན། ཐོན་སྐྱེད་ཀྱི་གོ་རིམ་རྙོག་དྲ་དེ་བརྒྱུད་མི་དགོས་པའི་རྐྱེན་གྱིས་དབྱར་རྩྭ་དགུན་འབུའི་ཚོང་ལས་ལ་འགྲོ་སོང་གཏོང་ན་ཁེ་ཕོག་ལྡབ་ཁ་ཤོས་ཀྱི་ཕྱིར་ལོག་བྱེད་ངེས།
ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱིས་ཐོན་སྐྱེད་ཀྱི་ལས་གཞི་སྐྱོང་མཁན་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་མི་བྱེད། ཀྲུང་གོའི་ཚོང་རྭའི་འཁོར་ཡུག་ནི་སྲིད་གཞུང་གིས་ཐེ་གཏོགས་ཆེ་དྲག་པའི་རང་མོས་ཚོང་རྭ་མ་ཡིན་སྟེ། ཐོན་སྐྱེད་བཟོ་གྲྭ་ཞིག་བཙུགས་ན་ལས་སླ་མོ་ཞིག་ག་ལ་ཡིན། དེ་ལ་མ་རྩ་མོད་པོ་དགོས་པ་དང་མིའི་གླ། དེ་མིན་ད་དུང་རྒྱལ་ཁབ་ལ་དཔྱ་ཁྲལ་གང་མང་འཇལ་དགོས། བཟོ་གྲྭ་ཇེ་ཆེའམ་ཚོང་ལས་གསར་གཏོད་བྱེད་དགོས་ན་དེ་བས་མ་རྩ་མོད་པོ་དགོས། འོན་ཀྱང་དངུལ་ཁང་གི་མ་དངུལ་ནི་རྟག་ཏུ་རྒྱལ་ཁབ་ཀྱིས་བདག་གཉེར་བྱེད་པའི་ལས་ཁུངས་ལ་ཤོར་བས(དབང་དང་འབྲེལ་བའི་འོག)བཟོ་གྲྭ་ཆུང་ངུ་དག་ནི་རྒྱུན་པར་རང་གི་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་གཏོང་བའི་ཆ་རྐྱེན་མི་འཛོམས། འཛོམས་པའི་དབང་དུ་བཏང་ཡང་རྒྱུན་འཁྱོངས་ཀྱི་ནུས་བ་མི་འདུག།
དབྱར་རྩྭ་དགུན་འབུའི་གོང་ཚད་འཕར་ནུས་པ་ཡང་དམངས་ཚོགས་ཀྱི་གཏོང་ས་མ་རྙེད་པའི་མ་དངུལ་དག་ཚོང་རྭ་འདི་རུ་སླེབས་པའི་རྐྱེན་ཡིན། ད་ལྟ་རྒྱལ་ནང་དུ་བཤད་སྲོལ་འདི་འདྲ་ཞིག་ཡོད། དམངས་ཚོགས་ཀྱིས་ཅ་ལག་ཅི་ཉོ་ན་གོང་ནི་འཕར་རྟགས་རྐྱང་རྐྱང་དང་ཚོང་བས་མ་དངུལ་གང་ལ་གཏོང་ཡང་གྱོང་གུད་ཐོབ་པ་གཅིག་པུ་ཡིན་ཟེར། ན་ནིང་དོ་ཚིགས། ལུག་ཤ་དང་ཕག་ཤ། ཟ་མ་ཅི་རིགས་ཀྱི་གོང་ཚད་ནི་ཡར་ངོས་ཟླ་བ་ཇི་བཞིན་གོང་ནས་གོང་དུ་འཕར་བ་དང་ང་ཚོའི་ལོ་རེའི་ཡོང་འབབ་ནི་དེ་ལྟ་རང་དུ་གནས་ཡོད།
དབྱར་རྩྭ་དགུན་འབུའི་འགྲོ་ལུགས་ནི་རྒྱལ་ནང་གི་ཁང་པའི་ཚོང་རྭ་དང་གཅིག་མཚུངས་ཀྱི་རྣམ་པ་ཟིན་ཡོད། ཁང་མའི་གོང་ཚད་ཡར་འགྲོ་བ་ནི་དམགས་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་བྱུང་བ་མ་རེད། མི་མང་པོས་ཁང་བའི་འཛུགས་བསྐྲུན་བརྟེན་ནས་རང་གི་ཁེ་ཕོག་བཙལ་བ་དང་འཛམ་གླིང་དཔལ་འབྱོར་གྱི་ཛ་དྲག་གནས་ཚུལ་འོག་བཟོ་གྲྭ་ཆེ་ཆུང་ཚང་མས་ཁང་བ་བཟོ་བའི་ལས་གཉེར་ལ་མ་དངུལ་གཏོང་བ་རེད། རྒྱལ་ཁབ་ཀྱིས་ཁང་བའི་གོང་ཚད་མར་བཀག་རྩིས་བྱས་ཀྱང་མ་ཁོག་པར་ད་དུང་འཕུར་བའི་སྒང་ཡིན། ཚོང་རྭ་འདི་ལས་བྱུང་བ་ནི་ཁང་བ་ངོ་མ་དགོས་པ་ཚོས་ཁང་བ་ཉོ་མི་ཐུབ་པར་གྱུར་བ་དང་ཁང་བ་མི་མཁོ་བ་ཚོས་ཁང་བ་མང་པོ་རང་སྒེར་བཟུང་ནས་རྗེས་མར་གོང་ཚད་འཕར་བའི་སྐབས་སུ་བཙོང་རྒྱུར་རེ་སྙེག་བྱེད། དེ་བས་ཚང་མས་ཁང་བའི་ཚོང་རྭར་ལྦུ་བ་ཆེན་པོ་འདུག་ཟེར། ལྦུ་བ་འདི་བརྟོལ་བའི་ཉི་མ་ནི་ཀྲུང་གོའི་དཔལ་འབྱོར་འགྱུར་ལྡོག་ཆེན་པོ་བྱུང་བའི་ཉི་མ་ཡིན། གལ་སྲིད་རྒྱལ་ཁབ་ཀྱིས་ཚོང་རྭའི་དགོས་མཁོ་དང་ལོངས་སྤྱོད་བར་གྱི་འགལ་བ་འདི་ཡངས་དག་པའི་ངང་ནས་མ་བསད་ན་ང་ཚོའི་ཉིན་རེའི་འཚོ་བར་ཧ་ལས་པའི་འཇིགས་སྣང་སྤྲད་ངེས་ཡིན།
འོ་ན་དབྱར་རྩྭ་དགུན་འབུའི་ཚོང་རྭར་ལྦུ་བའི་ཉེན་ཁ་འདུག་གམ་ཟེར་ན། ཡོད་པ་ནི་ཁོ་ཐག་ཡིན། ཚོང་བས་བདག་གཉེར་བྱེད་པའི་མ་དངུལ་མོད་པོ་ཕྱོགས་སོ་སོར་མ་འགྲེམས་ན་ལྦུ་བ་ནི་ནམ་ཡང་སྲིད་པ་རེད། བོད་ཁུལ་གྱི་སློབ་མ་དང་། ཕ་མ། ལས་བྱེད་པ་གང་མང་དབྱར་རྩྭ་དགུན་འབུའི་ཚོར་རྭར་ཞུགས་པའི་འབྲས་བུ་ནི་ཐོན་ཁུངས་ཇེ་ཉུང་དང་གོང་ཚད་རེ་མོས་འཕར་བ་ལྟར་ཡིན། འོན་ཀྱང་གསལ་ལེར་མཐོང་ཐུབ་པ་ཞིག་ནི་དབྱར་རྩྭ་དགུན་འབུའི་ཚོར་རྭར་ད་དུང་མ་དངུལ་མང་པོ་འཛོམས་རྒྱུ་ཡིན་པས་ཁེ་མ་རེག་པར་མར་ལྷུང་བའི་ཉེན་ཁ་མཆིས།
ད་ལྟའི་དུས་སུ་འཚོ་བའི་རང་དབང་ནི་མི་བུ་རེ་རེའི་མདུན་ངོས་ཀྱི་ཡོལ་མི་བཏུབ་པའི་འདེམས་ཡ་ཞིག་སྟེ་སྒོར་མོའི་རང་དབང་ཐོབ་བ་ནི་འཚོ་བའི་རང་དབང་ཐོབ་པའི་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་ཡིན། དབྱར་རྩྭ་དགུན་འབུ་ནི་རང་སོ་སོའི་ལུས་ཕུང་ལ་ཕན་ཐོག་ཡོད་མིན་བཤད་སྲོལ་མི་འདྲ་མོད། དབྱར་རྩྭ་དགུན་པོས་འཁྱེར་ཡོང་བ་ནི་ཧམ་སེམས་ལས་མིའི་རང་རྐྱ་ཐུབ་པའི་འཚོ་བ་དང་རང་དབང་གི་གོམ་པ་དང་པོ་ཡིན་ཟེར་ཆོག མི་བུ་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་དང་རྩིས་ཐང་འཚོལ་བ་ནི་སེམས་བྱུང་ཞིག་གི་ནུས་བ་མ་རེད། ཐོབ་ཐང་དང་རྩིས་ཐང་ནི་སྤྱི་ཚོགས་ཀྱི་གོ་གནས་ལས་ཐོན་པའི་འབྱུང་ཁུངས་ཤིག་དང་དགོས་ངེས་ཤིག་རེད། དགེ་བ་འདི་ཐད་ཀར་དུ་ཐོབ་དགོས་ན་སྒོར་མོར་བརྟེན་པ་ནི་ཆེས་ལས་སླ་བའི་ཐབས་ཤེས་ཤིག་རེད། གལ་སྲིད་ང་ཚོས་ཉེ་མི་དང་སློབ་མ་སོགས་དབྱར་རྩྭ་དགུན་འབུ་འཐུ་ནས་མི་ཚེའམ་བོད་ཀྱི་མདུན་ལམ་མེད་བརླག་ཏུ་གཏོང་བ་རེད་ཟེར་ན། དགེ་མེད་ཀྱི་སེམས་ཁྲལ་རང་ཡིན། ང་ཚོའི་སློབ་གསོ་ནི་སྲིད་ཇུས་ཀྱིས་མ་སྐྱོང་བའི་གནད་དོན་རེད། གལ་སྲིད་སློབ་གསོའི་ནུས་བས་རང་གི་ཕ་ཡུལ་ལ་འགྱུར་བ་གཏོང་དགོས་ཟེར་ན་དབྱར་རྩྭ་དགུན་འབུའི་གནད་དོན་ལས་ཐག་གཅོད་མི་ནུས། ང་ཚོས་ངེས་པར་དུ་རང་མོས་དཔལ་འབྱོར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་དང་སློབ་གསོའི་སྲིད་ཇུས་ཅི་ནུས་ཀྱང་འགྱུར་བ་གཏོང་དགོས། གལ་སྲིད་ཐོན་སྐྱེན་བཟོ་ལས་གཉེར་བའི་བཀག་རྒྱ་བསད་པ་དང་ཆ་རྐྱེན་གང་མང་འཛོམས་ན་སུས་ཤིག་གིས་རང་གི་བུ་དང་བུ་མོ་སློབ་གྲྭ་ནས་མར་འཐེན་ནས་ཡོང་འབབ་བཙལ་བར་མངགས། རྒྱུ་མཚན་ནི་ད་ཡོད་ཐོན་སྐྱེད་ཀྱིས་མིར་མཁོ་བོའི་བདེ་སྐྱིད་དང་བདེ་འཇགས་སོགས་ད་དུང་བསྩལ་ཐུབ་མེད་པ་རེད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2754
ཉེ་མཆན།