སེང་རྡོར་སྤྲིངས།
འགུལ་ཤུགས།
ཀ་དག་ཆོས་ཀྱི་སྙིང་པོ་མ་ལོན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ། ། ཁ་སེམས་ངན་པས་གདུག་རྩུབ་བཅངས་ཏེ་ཤོབ་ཕུང་བརྒྱད་ཁྲི་བཞི་སྟོང་ཟེར། ། ག་ས་གང་ནས་ཚིག་གི་འགལ་འདུ་རབ་དང་རིམ་པའང་མང་པོ་འདུག ། ང་ཡིར་འཛིན་པའི་འཇིག་ལྟའི་དབང་གིས་ཁྱོས་ཀྱང་ཅི་བྲིས་ཤེས་ཀྱིན་མེད། ། ཅ་ཅོ་མ་མང་སེང་གེ་རྡོ་རྗེ་དལ་གྱིས་བདག་ལ་ཚུར་གསོན་དང་། ། ཆ་བཅས་ཆ་མེད་གང་ཡིན་བཙལ་ཀྱང་སྡོམ་པ་ཞེས་པ་མི་འདུག་ན། ། ཇ་ཡུན་ཙམ་གྱི་ང་འདྲའི་སྡོམ་ལྡན་ཡོད་པ་གླེང་དོན་གང་ལ་ཐུག ། ཉ་ཉོག་གཏམ་ལ་ཡ་མཚན་ཅི་ཡོད་ཁྱོད་ཀྱི་སེམས་ན་ཨེ་ཡོད་དམ། ། ཏ་ཐཱ་ག་ཏའི་རྗེས་འཇུག་སྐྱེས་བུ་ཐེག་ཆེན་པ་དང་ཐེག་དམན་ཡོད། ། ཐ་སྙད་གདུལ་བྱའི་བློ་དང་བསྟུན་ན་དྲང་དང་ངེས་དོན་གཉིས་ཀྱང་ཡོད། ། ད་ལན་བདག་གིས་སྡོམ་པ་ཞེས་པ་ཤེས་པའི་སྟེང་ནས་བཤད་ཀྱིན་ཡིན། ། ན་གཞོན་བུ་མོའི་བྲང་ཁ་དྲན་ཡང་མི་ཤོར་དཔེ་མཚུངས་སྒོ་ནས་སྒྲུབ། ། པཱ་ཐུར་རྣམ་པ་གཡུལ་འགྱེད་སྐབས་སུ་དགྲ་བོའི་སྲོག་རྩ་གཅོད་འདོད་ཀྱང་། ། ཕ་རོལ་མི་ཡི་ལུས་ཀྱི་ཐོག་ཏུ་དངོས་སུ་སྦྱོར་བ་མ་བྱས་ན། ། བ་གླང་མིན་པའི་མི་བུ་ཞིག་གིས་བསད་པ་སུ་ཡིས་གོ་ཆོད་འཛིན། ། མ་ཡི་བུ་ཆུང་སེང་གེ་རྡོ་རྗེ་ཁྱོད་ཀྱིས་འཛིན་པར་ངོ་མཚར་ཆེ། ། ཙ་རི་དབེན་པའི་སྒོམ་ཆེན་མི་ལ་ས་ལམ་འགལ་འདུ་ཨེ་འདུག་གམ། ། ཚ་གྲང་དཀའ་སྡུག་ཆེད་དུ་བསད་པའི་གཟུགས་སྐུའི་མདངས་ཀྱི་རྣམ་པ་ལ། ། ཛ་དྲག་འུར་གྱིས་འཕྱ་སྨོད་བྱས་པ་བླུན་པོའི་ངང་ཚུལ་མ་ཡིན་ནམ། ། ཝ་འབྲོས་མ་བྱེད་སེང་གེ་རྡོ་རྗེ་འདི་ཡི་ཐད་དུ་ལན་ཞིག་དགོས། ། ཞྭ་སེར་ཕུད་ཅིང་སྡོམ་ལས་གྲོལ་བའི་ལོག་ལྟས་མྱོས་པའི་བུ་ཆུང་ལགས། ། ཟ་མ་མོ་ཡི་རེག་འཇམ་ཞིག་ལ་ད་ལྟ་འདོད་པས་བཅིངས་པ་མཚར། ། འ་འུར་ཚིག་གི་སྙན་ཆ་ཙམ་ཞིག་ཁྱོད་ཀྱི་རྩོམ་གཤིས་ཡིན་ན་ཡང་། ། ཡ་མཚན་ཅན་གྱི་སྡོམ་པའི་ཐད་ནས་འདོད་སེམས་སྡོམ་སེམས་འཆོར་གྱིན་འདུག ། ར་རྫི་སྐར་རྒྱལ་ཀླུ་ཡིས་བསླུས་ལ་ཁྱོད་ཀྱང་འདྲེ་ཡིས་གཤོག་གིན་ཡོད། ། ལ་ཕུགས་ཡོད་པའི་ལོ་རྒྱུས་ཚད་ལྡན་ཁྱོད་གཉིས་སུ་ལ་མི་སྣང་ཡང་། ། ཤཱཀྱའི་བསྟན་གྱི་ཁྲིམས་སྲུང་མ་ཐུབ་རང་གི་སྡོམ་པ་ཤོར་རྐྱེན་གྱིས། ། ས་ལམ་རྟོགས་པའི་ཡོན་ཏན་ཅན་ལ་སྡང་སེམས་བཅངས་དོན་དེ་ཙམ་མོ། ། ཧ་ཅང་ཐལ་བས་སྡོམ་པ་བཀག་ཅིང་བཅིངས་པ་སྡོམ་པ་དོན་གཅིག་འདོད། ། ཨ་ཆད་ཨུ་ཐུག་ཚེ་དབྱངས་ཤོར་ཏེ་འདོད་པས་བཅིངས་པའི་སེང་རྡོར་གྱི། ། ཧ་ལམ་བཞག་པའི་རྩ་བའི་དམ་བཅའ་རང་གྲོལ་ཉིད་དུ་གྱུར་པ་སྟེ། ། ཨ་ལོས་སྡོམ་པ་མེད་ཅེས་སྨྲས་ཀྱང་འདོད་པས་བཅིངས་ན་སྡོམ་ལྡན་འགྱུར།། །།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2753
ཉེ་མཆན།