ཡེ་ཤུའི་གསུང་རབས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ལེའུར་གཏམ་འདི་འདྲ་ཞིག་ཡོད་དེ། སྔོན་བསྐལ་བ་ཡ་ཐོག་གི་དུས་སུ། ལྷ་ཆེན་པོས་སྐྱེ་དགུའི་ཐོག་མ་ཡཱ་ཏང་དང་ཤཱ་བ་གཉིས་སྐྱེད་ཚལ་ཉམས་དགའ་བ་ཞིག་ཏུ་གནས་འཆའ་རུ་བཅུག་ཅིང་། སྐྱེད་ཚལ་དེར་འབྲས་བུས་དུད་པའི་ལྗོན་ཤིང་སྣ་ཚོགས་སུ་སྐྱེས་ཡོད་པ་ཅི་འདོད་ལོངས་སུ་སྤྱོད་དུ་བཅུག འོན་ཏེ་དེ་དག་གི་ཁྲོད་ཀྱི་ལྗོན་ཤིང་གཉིས་ནི་གཞན་དང་མི་འདྲ་སྟེ། གཅིག་ནི“ཚེ་སྲོག་གི་ལྗོན་པ”ཡིན་ལ་གཞན་དེ་ནི“ཤེས་རབ་ཀྱི་ལྗོན་པ”ཡིན་ནོ།།
ལྷ་ཆེན་པོས་ཁོ་གཉིས་ལ “ཚེ་སྲོག་གི་ལྗོན་པ”ཟས་ན་འཆི་མེད་ཀྱི་དངོས་གྲུབ་འབྱུང་ཞིང་། “ཤེས་རབ་ཀྱི་ལྗོན་པ”ཟས་ཚེ་མྱུར་དུ་འཆི་བར་མ་ཟད་སྡུག་བསྔལ་སྣ་ཚོགས་མི་ཟད་པར་འབྱུང་བར་ལུང་བསྟན་ཏོ།། འོན་ཏེ་ཡཱ་ཏང་དང་ཤཱ་བ་གཉིས་ཀས་ལྷ་ཆེན་པོའི་གདམས་པ་དང་འགལ་ནས “ཤེས་རབ་ཀྱི་ལྗོན་པ”འི་འབྲས་བུ་ལོངས་སུ་སྤྱད་ཅིང་། དེ་ནས་བཟུང་འགྲོ་བ་མིའི་རིགས་འཆི་བ་ཡོད་ལ་ཤེས་རབ་ལྡན་པའི་སྐྱེ་འགྲོ་ཞིག་ཏུ་གྱུར་ཅིང་། འཆི་བའི་འཇིགས་པས་རྟག་ཏུ་མནར་བ་དང་། ཤེས་རབ་ལྡན་པས་སྡུག་བསྔལ་གྱི་ཕུང་བོ་ཆེན་པོའང་མི་ཟད་པར་འབྱུང་བར་གྱུར་ཏོ།། ཡེ་ཤུའི་གསུང་རབས་སུ་དེ་ལྟར་ “ཤེས་རབ་ཀྱི་ལྗོན་པ” ཟས་པ་ནི་སྡུག་བསྔལ་ཀུན་ཀྱི་སྒོ་ཡིན་པའི་བཤད་པ་བྱུང་ངོ་སྐད།
རྗེས་སུ་མི་མང་པོས་ཤུགས་རིང་ནར་ནར་བྱུང་ནས། སྐབས་དེར “ཤེས་རབ་ཀྱི་ལྗོན་པ”་མ་ཟས་པར་“ཚེ་སྲོག་གི་ལྗོན་པ”ཟོས་ཡོད་ན་ཅི་མ་རུང་ཟེར། རེད་ལགས། འཆི་བ་ནི་མིའི་རིགས་ལ་མཚོན་ན་ལྡོག་ཏུ་མེད་པར་གདོང་གཏོད་དགོས་པའི་ཚེ་སྲོག་གི་སྐྱོ་གར་ཞིག་རེད། དེ་བས་འཆི་མེད་རྒས་མེད་ཀྱི་སྨོན་སེམས་དང་རེ་སྙེག་ནི་ཆོས་ལུགས་མི་འདྲ་བ། ལྟ་གྲུབ་མི་འདྲ་བ་མང་པོའི་ཁྲོད་དུ་ཡོད་པ་སྟེ། རང་ཅག་ལའང་མིའི་རིགས་ཚེ་ལོ་དཔག་མེད་ཐུབ་པའི་དུས་ནས་རིམ་གྱིས་འགྲིབ་སྟེ། དུས་ངན་ཚེ་ལོ་བཅུ་བ་སླེབས་རྒྱུ་ཡོད་པའི་བཤད་ཚུལ་ཞིག་ཡོད་པ་དེ་ཡང་གསོན་པའི་རེ་འདོད་དང་འཆི་བའི་འཇིགས་པ་མངོན་པར་མཚོན་པའི་ཤོད་སྟངས་ཤིག་ཡིན།
འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན། མིའི་རིགས་དངོས་ནས་འཆི་བ་མེད་པར་གྱུར་ཚེ་གནད་དོན་ག་འདྲ་འབྱུང་ངམ། ཚེ་མི་རྟག་པ་དང་ནམ་འཆི་ཆ་མེད་སོགས་མིའི་བློ་ཁ་ཆོས་ལ་སྒྱུར་བྱེད་ཀྱི“ཚེ་སྲོག་གི་བསླབ་བྱ”དག་ནུས་མེད་དུ་གྱུར་ཅིང་། “སྐྱེ་བ་ཕྱི་མ”དང“བར་དོའི་འཇིགས་པ”སོགས་ཀྱང་གླེང་རིན་མེད་པར་གྱུར་བས་ཆོས་ལུགས་མང་པོ་ཞིག་གི་ལྟ་གྲུབ་གཞི་ཚུགས་དཀའ་བར་འགྱུར་སྲིད། ཡང་ཕྱོགས་གཞན་ཞིག་ནས་བསམ་ན། ཕ་མེས་ཡང་མེས་དང་། བུ་རབས་ཚ་བརྒྱུད་སོགས་ཀྱི་རིམ་པའང་ཡོངས་སུ་འཆོལ་བར་འགྱུར་སྟེ། མིའི་རིགས་གྲངས་མང་དུ་འཕེལ་བ་དང་བསྟུན་ནས་ནམ་ཞིག་སྐྱེ་འཕེལ་ལ་ཚོད་འཛིན་བྱེད་དགོས་པར་འགྱུར་བ་དང་། གཡུལ་འཁྲུག་སོགས་ལ་བརྟེན་ནས་བཙན་ཐབས་ཀྱིས་མིའི་ཚེ་སྲོག་མ་བཅད་ཚེ་འཇིག་རྟེན་འདིར་འཚོ་བའི་མིའི་གྲངས་ཀ་ནི་འདི་ཙམ་དང་མི་ནི་འདི་དག་ཡིན་ཞེས་གཏན་འཁེལ་བ་ཞིག་ཏུ་འགྱུར་ངེས། ཐ་ན་རིགས་དང་གཟུགས་ཀྱི་ཁྱད་པར། འཚོ་སྡོད་དང་འཐབ་རྩོད་ཀྱི་ནུས་པ་སོགས་ལ་གཞིགས་ནས། ཆེ་གེ་མོའི་རིགས་གཏན་ནས་ཤི་མི་རུང་བ་དང་། གཞན་དག་བཙན་ཐབས་ཀྱིས་བསྒྲལ་ནས་རྙིང་དོར་གསར་བརྗེ་བྱེད་དགོས་པ་སོགས་ཀྱང་འབྱུང་མི་སྲིད་པ་མ་ཡིན་པས། དེ་ལྟ་བུའི་འཇིག་རྟེན་དེ་ལ“བདེ་སྐྱིད”ཡོད་སྲིད་དམ།
དེའི་ཕྱིར་འཆི་མེད་རྒས་མེད་ནི་མི་སྒེར་བ་ཞིག་ལ་མཚོན་ན་སྨོན་པའི་ཡུལ་དུ་མི་རུང་བ་མེད་མོད། མིའི་རིགས་སྤྱི་ལ་མཚོན་ན་རྒུད་པའི་སྒོ་འཇིགས་སུ་རུང་བ་ཞིག་མིན་པའི་ངེས་པ་ཅི་ཡང་མེད།།
ཡང་གལ་ཏེ་ཡཱ་ཏང་དང་ཤཱ་བ་གཉིས་ཀྱིས “ཤེས་རབ་ཀྱི་ལྗོན་པ”འི་འབྲས་བུ་ཟས་མེད་པ་ཡིན་ན། མིའི་རིགས་ལ་ཤེས་རབ་ཡོད་མི་སྲིད་ཅིང་། དེའང་ཤེས་རབ་མེད་པའི་མི་ཞེས་པ་ནི་ད་ལྟའི་ང་ཚོར་མཚོན་ན་ཚོད་དཔག་ཀྱང་ཅུང་བྱེད་དཀའ་བ་ཞིག་ཡིན་མོད། གལ་ཏེ་ད་ལྟའི་ང་ཚོ་དང་མཉམ་དུ་འཚོ་བའི་དུད་འགྲོའི་རིགས་བྱེ་བྲག་པ(སྤྱིར་དུད་འགྲོ་ལ་ཤེས་རབ་ཡོད་མེད་བཤད་དཀའ)ཞིག་ལ་དཔེར་མཚོན་ན། ཚེ་སྲོག་གི་རང་བྱུང་གི་ངོ་བོ་དང་བསྟུན་ནས་འཚོ་བ་སྟེ། ལྟོགས་ན་ཟས་ཟ་བ། སྐོམ་ན་ཆུ་བཏུང་བ། དུས་སུ་བབས་ན་བརྒྱུད་སྤེལ་བ། ལན་རེར་ཁ་ཟས་འཚོལ་བ་དང་བརྒྱུད་སྤེལ་བའི་ཆེད་དུ་དམར་འཛིང་ཡང་བྱེད་སྲིད་པ་ཞིག་ཡིན་སྲིད། འདི་ལ་གཞིགས་སྟེ་བསམ་ན། མིའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཏོས་ཆེ་བ། རྙོག་འཛིང་དང་ལྡན་པ། ཆོས་ལུགས་དང་ཆབ་སྲིད། རིག་གནས་དང་ལག་རྩལ། བརྩེ་དུང་དང་ལ་རྒྱ་སོགས་སུ་བསྙད་བཏགས་པ་འདི་ཀུན་སྲོག་ཆགས་གཞན་ལ་མེད་ཅིང་ང་ཚོར་ཡོད་པའི་ཆ་ཞིག་ཡིན་སྟབས། འདི་ནི “ཤེས་རབ་ཀྱི་ལྗོན་པ”ཟོས་པའི་འབྲས་བུ་ལས་བྱུང་བ་གསལ་བོ་རེད། ཡང་ན་འདི་དག་ནི་སྡུག་བསྔལ་དང་དེ་ལས་བྱུང་བ་འབའ་ཞིག་ཀྱང་ཡིན་པ་རེད། དེས་ན་ད་ལྟའི་མིའི་རིགས་ལ་མཚོན་ན། སྡུག་བསྔལ་འདི་དག་གི་རྐྱེན་པས་མི་ཚེ་མི་ཚེ་རུ་བཟུང་ཞིང་། འཚོ་བ་འཚོ་བ་རུ་ངོ་ཤེས་པའང་ཡིན་འདུག
ཡང་ཚེ་སྲོག་ལ་ཚད་ཡོད་པ་སྟེ། འཆི་བ་ལྡོག་ཏུ་མེད་པའི་ཚུལ་འདི་མིའི་རིགས་ཀྱིས་ངོ་ཤེས་པར་གྱུར་ཅིང་། དེ་ལྟར་ངོ་ཤེས་ཐུབ་པ་ནི་མིའི་རིགས་ཀྱི་ཤེས་རབ་ལས་བྱུང་བ་རེད། དེས་ན་ཤེས་རབ་ལྡན་པ་དེས་མིའི་རིགས་ལ་སླར་ཡང་སྡུག་བསྔལ་འཕར་མ་གཅིག་བསྣན་པ་སྟེ། གལ་ཏེ་ཕལ་བའི་དུད་འགྲོ་ལྟ་བུ་ཞིག་ཡིན་ན་འཆི་བ་ཡོད་ཀྱང་འཆི་བའི་ཚུལ་ལ་རྟོག་བཅས་ཀྱི་དྲན་པ་མང་པོ་འབྱུང་མི་སྲིད་པ་སྟེ། སྤྲེའུ་ཞིག་གིས་འཆི་བ་དྲན་པས་མིག་ཆུ་གཏོར་བ་དང་། སྒོ་ཁྱིས་འཆི་བ་བསམ་ནས་ཡི་མུག་སྐྱེ་བ་སོགས་མིག་སྔར་ང་ཚོས་མཐོང་མ་བྱུང་། སྲོག་ཆགས་འདི་དག་ལ་མཚོན་ན་ནམ་ཞིག་འཆི་བ་དངོས་སུ་ཐོག་ལ་བབས་ཚེ་གཞི་ནས་ལུས་སེམས་ཀྱི་སྡུག་བསྔལ་འབྱུང་སྲིད་མོད། མིའི་རིགས་དང་འདྲ་བར་ལོ་ངོ་བཅུའམ་ཉི་ཤུ། ཡང་ན་དེ་ལས་ཀྱང་རིང་བར་འཆི་བའི་འཇིགས་པས་གཙེས་ནས་སྡོད་པ་ནི་ཧ་ལམ་མེད་པར་སྣང་བ་རེད།
ཏག་ཏག་མིའི་རིགས་ཀྱིས་ཤེས་རབ་ལ་བརྟེན་ནས་འཆི་བ་སྔོན་དཔག་ཐུབ་ཅིང་། དེའི་དབང་གིས་ད་གཟོད“མི་ཚེའི་རིན་ཐང”ཟེར་བ་ཞིག་ཡོད་པར་གྱུར་ཅིང་། རིན་ཐང་དེ་ཇི་ལྟར་འཚོལ་མིན་དང་ཅི་ཞིག་འཚོལ་མིན་ལ་མ་བལྟས་པར་མིའི་རིགས་ཀྱིས་ནམ་རྒྱུན་དུས་ཚོད་དང་འཐབ་རེས་བྱས་ནས་ཁོམ་པ་མེད་པར་གྱུར། ཁོ་ཚོའི་སེམས་སུ་ལན་རེར་ཚེ་སྲོག་གི་མཚར་སྡུག་མཐོང་བའི་སྤྲོ་བ་དང་ལན་རེར་ལྡོག་མེད་ཀྱི་འཆི་བའི་དྲན་པའི་སྐྱོ་བ་སོགས་སྐྱ་འཐབ་པར་བྱེད། འཆི་བ་མི་རྟག་པའི་དབང་གིས་ཁོ་ཚོས་ཁ་སང་ལས་དེ་རིང་ངོ་ཤེས་པ་དང་དེ་རིང་ལས་སང་ཉིན་ཟེར་བ་ཞིག་འབྱུང་ངེས་པ་རྗེས་སུ་དཔོག་ཐུབ་པར་གྱུར། དེ་ལྟར་མི་ཚེ་གཅིག་ལོ་དང་ཟླ་བ། ཆུ་ཚོད་དང་སྐར་ཆརེ་རེར་བགོས་ནས་སོ་སོ་འཇིག་རྟེན་འདིར་གསོན་ཡོད་པ་ཅི་ནུས་ཀྱིས་བདེན་དཔང་བྱེད་པར་འབད་ཅིང་མཆིས། འདི་དག་ཡོད་ཚད་ཀྱི་ཁྲོད་དུ་མངོན་འོང་བ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ཆའང་ཡིན་པ་རེད།
ཡང་མིའི་རིགས་ཀྱི་སྔ་མ་སྔ་མ་དག་གིས་ཉམས་མྱོང་ཟེར་བ། ལོ་རྒྱུས་ཟེར་བ་སོགས་དྲན་པའི་རིགས་ཤིག་ཕྱི་མ་ཕྱི་མར་བསྐྱུར་ཅིང་། ཕྱི་མ་ཕྱི་མ་དག་གིས་དེའི་རྒྱུན་འཐུད་ནས་རྩོལ་བ་དང་འབད་པ་ཅི་རིགས་བྱེད། ལན་རེར་སྔ་མ་དག་ཕྱི་མའི་ཆེད་དུ་འཚོ་བ་དང་། མཚམས་རེར་ཕྱི་མ་དག་གིས་སྔ་མའི་ལས་དོན་ཞིག་འགྲུབ་པའི་ཆེད་དུ་རྩོལ་བ་བསྐྱེད་པ་སོགས་ཀྱང་བྱེད། དེ་ལྟར་མི་བྱེ་བྲག་པའི་བྱ་བྱེད་ཀྱི་དམིགས་པ་དེ་ཁོ་རང་སྒེར་གྱི་ཚེ་སྲོག་གི་ཚད་ལས་ཡོངས་སུ་འདས་ནས་སྔ་ཕྱིའི་རྒྱུན་གྱི་རྣམ་པར་ཆགས་ཤིང་། ཡང་ན་སྒེར་གྱི་འཚོ་བའི་ཁྱབ་ཁོངས་ལས་འདས་ནས་ཐུན་མོང་སྤྱི་ལ་ཁྱབ་པ་ཞིག་ཏུའང་འགྱུར་སྲིད། འདི་དག་གི་རྩ་བ་བརྟེན་ས་གཙོ་གཉིས་ཡིན་ཏེ། “ཚེ་སྲོག་ཚད་བཅས་ཡིན་པ”དང“ཤེས་རབ་དང་ལྡན་པ”གཉིས་ཡིན་ནོ།།
“ཤེས་རབ་ཀྱི་ལྗོན་པ”འི་འབྲས་བུ་ཟས་པའི་ཉེས་པ་རུ“མིའི་ཚེ་སྲོག་ཚད་བཅས་ཡིན་པས་འཆི་བ་མི་རྟག་པའི་འཇིགས་པ་དང་སྐྱོ་བ་མགོར་ལྷུང་བ”དང་། “ཤེས་རབ་དང་ལྡན་པས་སྡུག་བསྔལ་དུ་མ་འབྱུང་བའི”ཚུལ་འདི་མིའི་རིགས་ལ་མཚོན་ན་ལྡོག་ཏུ་མེད་པར་གྱུར་པ་རེད། འོན་ཏེ་འཆི་བ་ལྡོག་ཏུ་མེད་པའི་དབང་གིས“མི་ཚེ”དང“ཚེ་སྲོག”ལ་དོན་སྙིང་ཁྱད་པར་བ་ལྡན་པར་གྱུར་ཅིང་། དོན་སྙིང་དེའང་ཤེས་རབ་ཀྱི་སྡུལ་བསྔལ་ལ་བརྟེན་ནས་བྱུང་བར་སྣང་། མདོར་ན་ཚེ་སྲོག་བྱེ་བྲག་པ་ཞིག་ལ་མཚོན་ན་དེའི་རྒྱུན་ཡོངས་སུ་འགག་པའི་འཆི་བ་ཡོད་ཀྱང་། མིའི་རིགས་སྤྱི་ལ་མཚོན་ན་ཚེ་སྲོག་དེ་ཤེས་རབ་ཀྱི་གཞུང་རྟ་ལ་བརྟེན་ནས་རྒྱུན་སྲིང་ཐབས་ཀྱི་རྣམ་པ་ཞིག་ཀྱང་རྙེད་ཡོད་དོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2589
དཔྱད་མཆན་སྤེལ།