སྔོན་གླེང་།

སྤྱི་ལོ་ ༢༠༡༧ ལོའི་འབྲས་ལྡན་གྱི་དུས་སུ། ཕྲན་གྱིས‘‘བང གྷོ་གྷུའི་དགའ་བ’’ (La passion Van Gogh) ཞེས་པའི་གློག་བརྙན་ཞིག་ལ་བལྟས་པ་ཡིན།  གློག་བརྙན་དེ་ནི་སྒྱུ་རྩལ་པ་བན་སང བང གྷོ་གྷུའི་(Vincent Van Gogh 1853-1890)ལོ་རྒྱུས་ཡིན་མོད། གཙོ་བོ་ཁོང་གི་འདས་རྐྱེན་དང་འབྲེལ་བའི་ལོ་རྒྱུས་རྩལ་དུ་བཏོན་ནས་ཕབ་སྐྲུན་བྱས་འདུག

གློག་བརྙན་འཁྲབ་ཁྲིད་པས་གློག་བརྙན་འདི་ཐོག་མར་གློག་བརྙན་ཕལ་མོ་ཆེ་ལྟར་ཕབ་སྐྲུན་བྱས་རྗེས། རི་མོ་བ་མཁས་ཅན་དྲུག་ཅུ་ལྷག་གིས་རྭ་ཤེལ་ལ་བཟོ་བཅོས་བྱས་ཏེ་སྲོལ་རྒྱུན་གྱི་འགུལ་རིས་ལྟར་བཅོས་ཤིང་། འགུལ་རིས་སུ་བཟོ་སྐབས་གློག་བརྙན་འདིའི་སྐར་ཆ་གཅིག་ལ་རི་མོ་མི་འདྲ་བ་བཅུ་གཉིས་རེ་བེད་སྤྱོད་བྱས་པར་གྲགས། འགུལ་རིས་གློག་བརྙན་འདིའི་ནང་གི་མི་སྣ་དག་ནི་སྒྱུ་རྩལ་པ་བང གྷོ་གྷུས་བྲིས་པའི་རི་མོ་ཁག་ཏུ་གསལ་བའི་མི་སྣ་ཁག་ཡིན་ཏེ། ཨག་མཱང ཝོ་ལང( Armand Roulin)ཞེས་པའི་གཞོན་ནུ་ཞིག་གིས་བང གྷོ་གྷུའི་འདས་རྐྱེན་རྩད་གཅོད་བྱེད་ཆེད་སྒྱུ་རྩལ་པ་ཁོང་དང་འབྲེལ་བ་ཡོད་པའི་མི་སྣ་དག་ལ་བཅར་འདྲི་བྱས་ཤིང་། མཐར་ཁོང་གི་འདས་རྐྱེན་དང་འབྲེལ་བའི་གནས་ཚུལ་གསལ་སྟོན་གནང་བ་ཞིག་རེད།

‘‘བང གྷོ་གྷུའི་དགའ་བ’’ཞེས་པའི་གློག་བརྙན་འདི་ལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱི་གློག་བརྙན་དུས་སྟོན་འདྲ་མིན་གྱི་སྟེང་ནས་བྱ་དགའ་ཐོབ་པར་བཤད་མོད། ཕྲན་གྱིས་གློག་བརྙན་འདིར་ལྟ་སྐབས་སྒྱུ་རྩལ་པ་བང གྷོ་གྷུའི་མི་ཚེ་ནི་ཇི་འདྲའི་དབུལ་ཞིང་ཕོངས་པ་ཞིག་རེད་སྙམ་པ་ལས། གཞན་ཚོར་བ་དམིགས་བསལ་བྱུང་བ་མི་དྲན། འོན་ཀྱང་། གློག་བརྙན་འདིའི་བརྙན་རིས་ཡོངས་སུ་ཚར་རྗེས། ད་ལྟ་ཚིག་རིས་ཇི་བཞིན་མི་དྲན་མོད། བརྙན་ཡོལ་ནག་པོ་ཞིག་གི་སྟེང་དུ། ‘‘བང གྷོ་གྷུ་རི་མོ་སྒྱུ་རྩལ་གྱི་ལས་རིགས་ལ་ཞུགས་ཏེ་བརྩམས་ཆོས་མི་འདྲ་བ་ཉིས་སྟོང་ལྷག་ཙམ་བྲིས་ཡོད། ཁོང་སྐུ་འཚོ་བཞུགས་གནང་སྐབས་རི་མོ་གཅིག་ལས་བཙོངས་ཐུབ་མེད་ནའང་། འདས་གྲོངས་སུ་ཕྱིན་རྗེས་ཁོང་ནི་དེང་རབས་རི་མོའི་སྒྱུ་རྩལ་གྱི་ཕ་རྒན་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད’’ཅེས་པའི་ཚིག་ཕྲེང་འདི་དག་ག་ལེར་མངོན་འོངས་ཏེ་ཡལ་བར་གྱུར། དེ་མ་ཐག་སེམས་ལ་སྐྱོ་གདུང་གི་ཚོར་བ་བརྗོད་དུ་མེད་པ་ཞིག་སྐྱེས་བྱུང་།

ཕྱིས་སུ་གློག་བརྙན་དེ་ལས་མཐོང་བའི་ཚིག་ཕྲེང་དེ་དག་ལ་རྐྱེན་བྱས་ཏེ་བང གྷོ་གྷུའི་སྐུ་ཚེའི་ལོ་རྒྱུས་དང་རི་མོའི་སྐོར་ལ་སླར་ཡང་དོ་སྣང་བྱས་པར། ཁོང་གིས་འཚོ་བཞུགས་སྐབས་སུ་བཙོངས་པའི་རི་མོའི་མིང་ལ‘‘རྒུན་ཆང་གི་ཞིང་ཁ་དམར་པོ’’(La Vigne rouge)ཞེས་པ་ཡིན་ཞིང་། དེ་ཡུ་སྒོར་༤༠༠ བྱས་ཏེ་བཙོངས་འདུག འོན་ཀྱང་། དེང་སང་བང གྷོ་གྷུའི་རི་མོ་གཅིག་ལ་ཨ་སྒོར་ས་ཡ་དང་ས་ཡ་མང་པོ་བྱས་ཏེ་བྲིན་གྱིན་ཡོད། དཔེར་ན། ཁོང་གིས་སྤྱི་ལོ་༡༨༩༠ལོར་བྲིས་པའི‘‘སྨན་པ་གྷ་ཞེའི་འདྲ་རིས’’(Portrait of Dr. Gachet) ཞེས་པའི་རི་མོ་ལ་ཨ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་བྱས་ཏེ་བཙོངས་ཡོད་པར་མ་ཟད། ད་དུང་ཡང་བང གྷོ་གྷུའི་རི་མོ་དག་གི་རིན་གོང་མུ་མཐུད་དེ་འཕེལ་བཞིན་ཡོད།

དེས་ན། ཐེངས་འདིར་དྷལ་བེ་དྷུ སི་བེ་ཁྲིས( David Sweetman)བརྩམས་པའི« བན་སང བང གྷོ་གྷུའི་མི་ཚེ » « Vie (Une) de Vincent Van Gogh»ཞེས་པའི་དེབ་དང་། དྷལ་བེ་དྷུ ཨ་ཛེའོ(David Haziot)ཡིས་བརྩམས་པའི«བང གྷོ་གྷུ» « Van Gogh » ཞེས་པའི་དེབ།  དངོས་བཤུས་གློག་བརྙན་གཉིས། གཞན་ཡང་བང གྷོ་གྷུའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་སྐོར་ཞིག་ལ་གཤིབ་བསྡུར་བྱས་ཏེ། སྒྱུ་རྩལ་པ་བང གྷོ་གྷུའི་ལོ་རྒྱུས་དང་ཁོང་གི་རི་མོའི་སྐོར་མདོར་བསྡུས་ཤིག་གླེང་རྒྱུ་ཡིན།

དང་པོ།  སྐུ་ན་ཆུང་དུས་ཀྱི་ལོ་རྒྱུས།

༡ གྲུབ་འབྲས་མེད་པའི་ལོ་ཟླ།

དེ་ལ་འདིར་གླེང་བཞིན་པའི་སྒྱུ་རྩལ་པ་བན་སང བང གྷོ་གྷུ་ནི་སྤྱི་ལོ་ ༡༨༥༣ ལོའི་ཟླ་ ༣ པའི་ཚེས་ ༣༠ ཉིན་ནེ་རྡར་ལན་ཌིའི་བྱང་ཕྱོགས་སུ་ཁེལ་བའི་གྷི་རོ རྫན་ཌིར(Groot-Zundert )ཞེས་པའི་གྲོང་རྡལ་ཞིགཏུ་སྐྱེས་ཤིང་། ཁོང་གི་ཕ་ནི་ཡེ་ཤུའི་ལྷ་ཁང་ཞིག་གི་མཆོད་དཔོན་ཡིན་ལ། མ་ནི་དེབ་འགོ་འཚེམ་རྒྱག་མཁན་ཞིག་ཡིན་པར་བཤད། ཁོང་མ་སྐྱེས་པའི་ལོ་གཅིག་གི་སྔོན་ལ་ཁོང་གི་ཕ་མ་གཉིས་ལ་བུ་ཞིག་སྐྱེས་འདུག་མོད། ཡུན་རིང་མ་འགོར་བར་འདས་གྲོངས་སུ་གྱུར། བང་གྷོ་གྷུ་འཇིག་རྟེན་དུ་སླེབས་རྗེས། ཕ་མ་གཉིས་ཀྱིས་གྲོངས་ཟིན་པའི་ཕུ་བོའི་མིང་སྟེ་བན་སང་ཞེས་པ་ཁོང་ལ་བཏགས། ཁོང་ལ་ཁྱོན་བསྡོམས་མིང་སྲིང་ལྔ་ཡོད།

སྤྱི་ལོ་ ༡༨༦༡ ལོར་བན་སང བང གྷོ་གྷུ་གྷི་རོ་རྫན་ཌིར་གྲོང་རྡལ་གྱི་སློབ་ཆུང་དུ་ཞུགས་ཏེ་ཡི་གེ་འབྲི་ཀློག་གི་འགོ་བཙུགས་ཤིང་། སྤྱི་ལོ་ ༡༨༦༤ ལོར་ཛེ་བན བྷིར་གྷན(Zevenbergen)གཏན་སྡོད་སློབ་གྲྭར་ཞུགས་ཏེ་ནེ་རྡར་ལན་ཌིའི་སྐད་ཡིག་སློབ་སྦྱོང་བྱེད་ཞོར་དུ་ཧྥ་ཡིག་དང་། ཨིན་ཡིག རྗར་ཡིག་གསུམ་ཡང་སྦྱང་བརྩོན་བྱས། སྤྱི་ལོ་ ༡༨༦༦ ལོར་ཋིས་བྷོ་གྷུ(Tilburg)ཞེས་པའི་གྲོང་ཁྱེར་གྱི་དམའ་འབྲིང་དུ་ཞུགས་ཏེ་རི་མོའི་སྐོར་ལའང་དོ་སྣང་བྱས། འོན་ཀྱང་གྲོང་ཁྱེར་དེ་ནི་ཁོང་གི་སྐྱེ་ཡུལ་དང་རྒྱང་ཐག་རིང་ཙམ་ཡོད་པས། ཡུལ་དེའི་སློབ་གྲྭར་འགྲོ་མི་འདོད་པར་གྱུར། དེ་བས་སྤྱི་ལོ་༡༨༦༨ལོར་ཁོང་སློབ་གྲྭ་དང་གྱེས་ཏེ་རང་ཡུལ་དུ་ལོག

སྤྱི་ལོ་ ༡༨༦༩ ལོར་བང གྷོ་གྷུས་རང་ཡུལ་བཞག་སྟེ་ཁོང་གི་ཨ་ཁུ་ཞིག་གིས་ལཱ ཨ་ཡེ(La Haye)གྲོང་ཁྱེར་དུ་སྒོ་འབྱེད་བྱས་པའི་གྷོ་པིས་དང་ཁེང་པ་ཉུས(Goupil & Cie)ཞེས་པའི་སྒྱུ་རྩལ་ཚོང་རྭ་ཆེན་མོ་ཞེས་པ་ཞིག་ཡོད་པ་དེ་ནས་རི་མོ་སྒྱུ་རྩལ་ཉོ་འཚོང་གི་ལས་ཀ་སྦྱོང་བརྡར་བྱས། ཁོང་གིས་སྣུམ་ཚོན་རི་མོ་དང་། སྐྱ་བྲིས་རི་མོ་སོགས་འཚོང་བཞིན་དཔེ་ཀློག་ལ་དབྱིངས་ཞུགས་པར་མ་ཟད། འགྲེམས་སྟོན་ཁང་འདྲ་མིན་དུ་ཕྱིན་ཏེ་རི་མོའི་སྐོར་ལ་བག་ཆགས་བཞག སྤྱི་ལོ་ ༡༨༧༣ ལོར་སྒྱུ་རྩལ་ཚོང་རྭ་ཆེན་མོ་དེའི་ནང་ནས་དངོས་སུ་བྱ་བ་གཉེར། དེ་ནས་ཡུན་རིང་མ་འགོར་བར་ཁོང་ལོན་ཌོན་དུ་ཕྱིན་ཏེ་དེ་ན་སྒྱུ་རྩལ་ཚོང་རྭ་ཆེན་མོའི་ཡན་ལག་ཞིག་ཡོད་པ་དེ་རུ་བསྡད། ལོན་ཌོན་གྱི་ན་ཆུང་མ་ཞིག་ལ་ཁ་ཐུག་སྟེ་རེ་ཞིག་བརྩེ་དུང་ཞེས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་དེ་ཇི་འདྲ་ཞིག་ཡིན་མིན་རོལ་མྱོང་བྱས་ནའང་། མི་འགྱང་བར་ཁོང་གིས་རང་ཉིད་ཀྱི་མཛའ་མོར་གཞོན་ནུ་གཞན་ཞིག་ལ་ལྐོག་འབྲེལ་ཡོད་པ་ཤེས་པས། བང གྷོ་གྷུར་སྐྱོ་ཤས་ཀྱི་ཚོར་བ་དྲག་ཏུ་བརྡོལ་བར་མ་ཟད། གྲོགས་མེད་ཁེར་རྐྱང་དུ་སྡོད་རྒྱུར་གོམས། སྐབས་དེ་ཤེད་ནས་བཟུང་ཁོང་ཡེ་ཤུའི་ཆོས་ལུགས་ཀྱི་ཐད་ལ་དོ་སྣང་སླེབས་འགོ་ཚུགས་ཏེ་དུས་ཚོད་ཡོད་ཚད‘‘དམ་པའི་གསུང་རབ’’ཀྱི་སྟེང་ལ་སྤྱད་ཅིང་། འདིས་ཁོང་གི་ཕ་མ་གཉིས་གཙོས་པའི་ནང་མི་ཚོར་སེམས་ཁྲལ་བྱིན།

ར་མ་གཅིག (༡༨༦༢)

སྤྱི་ལོ་ ༡༨༧༥ ལོར་ཁོང་ལོན་ཌོན་དུ་མ་བསྡད་པར་རང་ཁྱིམ་དུ་ལོག་རྗེས། ཁོང་གི་ཕ་རྒན་དང་ཨ་ཁུ་ཆེ་གེ་མོ་ཞིག་གི་རེ་བ་ལྟར། བང གྷོ་གྷུ་ཕྱིར་པེ་རེ་སིར་ལོག་སྟེ་སྔར་གྱི་བྱ་བ་གཉེར་མོད། སྐབས་དེར་སྒྱུ་རྩལ་ཚོང་རྭ་ཆེན་མོ་དེས་རི་མོ་སྒྱུ་རྩལ་ནི་སྤྱིར་བཏང་གི་ཚོང་རྗས་ལྟ་བུར་སྤྱོད་ཀྱི་ཡོད་པར་ལྟ་བཞིན། རི་མོ་ཉོ་འཚོང་གི་བྱ་བ་དེ་མུ་མཐུད་དེ་གཉེར་འདོད་མེད་པར་གྱུར། སྤྱི་ལོ་ ༡༨༧༦ ལོར་སྒྱུ་རྩལ་ཚོང་རྭ་ཆེན་མོ་དེའི་འགན་འཛིན་གྱིས་ཀྱང་ཁོང་གི་ལས་ཀའི་བྱེད་བབ་ལ་བསྙད་དེ་ཕྱིར་འབུད་བཏང་། སྐབས་དེར་ཁོང་གི་སེམས་ངོར་ཆོས་ལུགས་དང་འབྲེལ་བའི་ལས་རིགས་དག་ནི་རང་ཉིད་ལ་ལྷས་བསྐུལ་བའི་བསྒྲུབ་བྱ་རེད་སྙམ་སྟེ། ཁོང་ལོན་ཌོན་དུ་ཕྱིན་ཏེ་ཟླ་ཤས་རིང་གཏན་སྡོད་སློབ་གྲྭ་ཞིག་ཏུ་དྭང་བླངས་དགེ་རྒན་བྱས་ཤིང་། ཡེ་ཤུའི་ལྷ་ཁང་ཞིག་ཏུ་ལས་རོགས་ཀྱང་ཞུས།

སྐབས་དེར་ཁོམ་སྐབས་དང་བསྟུན་ནས་བང གྷོ་གྷུ་གྲོགས་མེད་ཁེར་རྐྱང་ངང་ལོན་ཌོན་གྱི་སྲང་ལམ་ནས་སྲང་ལམ་ཉུལ་ཏེ་གྲོང་ཁྱེར་དེའི་གཟུགས་རིས་ཞ་སྨྱུག་སྤྱད་དེ་ཤོག་ངོས་སུ་ཕབ་པར་བཤད།

༢ ཡེ་ཤུའི་མཆོད་དཔོན་དུ་འགྱུར་འདོད་པ།

སྤྱི་ལོ་ ༡༨༧༦ ལོའི་ལོ་མཇུག་ཏུ། བང གྷོ་གྷུ་ལོན་ཌོན་དུ་ཡུན་རིང་སྡོད་འདོད་མ་བྱུང་བས་རང་ཁྱིམ་དུ་ལོག་ཅིང་། ཕ་མ་གཉིས་གཙོས་པའི་ནང་མི་ཚོས་ནན་སྐུལ་བྱས་པ་ལྟར། ཁོང་གིས་ཡུལ་དེའི་དཔེ་ཁང་ཞིག་ཏུ་བྱ་བ་བསྒྲུབས་ནའང་། དེ་ལ་སྤྲོ་སྣང་མེད་པར་གྱུར། དེར་བརྟེན་ཁོང་གིས་དུས་ཚོད་ཕལ་མོ་ཆེ་དམ་པའི་གསུང་རབ་ཏུ་འབྱུང་བའི་ལེའུ་སྐོར་ཞིག་གི་དུམ་ཚན་རེ་རེ་ཨིན་ཡིག་ནས་ཧྥ་ཡིག་དང་། ཧྥ་ཡིག་ནས་རྗར་ཡིག་ཏུ་བསྒྱུར་པའི་ཐད་ལ་བཏང་།  ཁོང་སློབ་གྲྭ་ཆེར་མ་འགྲིམ་མོད་ཁོང་ལ་མ་སྐད་ཙམ་མ་ཟད་ཕྱི་སྐད་ཧྥ་ཡིག་དང་། ཨིན་ཡིག རྗར་ཡིག་གི་ཤེས་ཚད་རང་མགོ་ཐོན་པ་ཞིག་ཡོད་པས། ཕྱིས་སུ་ཁོང་གིས་རང་སྐད་མིན་པའི་སྐད་ཡིག་གཞན་གྱི་སྟེང་ནས་རྩོམ་ཡིག་སྒྱུ་རྩལ་གྱི་དཔེ་དེབ་མང་ཙམ་བཀླགས་ཡོད།

བང གྷོ་གྷུས་དཔེ་འཚོང་གི་བྱ་བ་གཉེར་སྐབས། ཁོང་ལ་དམིགས་ཡུལ་ཞིག་ཡོད་པ་ནི་རང་ཉིད་ཕ་རྒན་ལྟར་ཡེ་ཤུའི་མཆོད་དཔོན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་སྟབས། ཕ་མ་གཉིས་ཀྱི་བཀའ་གསུང་ལྟར། སྤྱི་ལོ་༡༨༧༧ལོར་ཁོང་རྒྱལ་ས་ཨམ་སི་ཊར་ཌམ(Amsterdam) ན་ཁུ་བོ་ཞིག་ཡོད་སར་ཕྱིན་ཏེ་ཆོས་ལུགས་རིག་པ་སྦྱང་བརྩོན་བྱས། འོན་ཀྱང་ཆོས་ལུགས་རིག་པའི་སློབ་གྲྭ་ཆེན་མོར་འགྲིམ་པར་སྐར་འབྲས་ཀྱིས་མ་ལོངས་པས། མཐར་མར་རང་ཁྱིམ་དུ་ལོག་དགོས་བྱུང་། སྐབས་དེར་ཁོང་གི་ཕ་མ་གཉིས་ཀྱི་སྡོད་གནས་ཨིས་ཊན ལོར(Etten-Leur)ཞེས་པའི་གྲོང་གསེབ་ཅིག་ཏུ་གནས་སྤར་ཡོད།

དེ་རྗེས་བང གྷོ་གྷུས་རང་ཉིད་ཡེ་ཤུའི་ཆོས་འཆད་མཁན་(Prédicateur laïc)ཞིག་ཏུ་འགྱུར་འདོད་ཀྱིས་བྷེལ་རྗམ་གྱི་རྒྱལ་ས་བྷིར་ཟིལ( Bruxelles)དང་ཐག་ཉེ་བའི་ལཱ་ཀཱན(Laeken)གྱི་ཡུལ་དུ་ཡོད་པའི་ཡེ་ཤུའི་ཆོས་ལུགས་གསར་མའི་གྲུབ་མཐའི(Protestant)སློབ་གྲྭ་ཞིག་ཏུ་ཞུགས་ཏེ་སློབ་སྦྱོང་བྱས་མོད། སྦྱངས་འབྲས་ལེགས་པོ་མ་བྱུང་བས་སློབ་གྲྭ་དེ་རུ་མུ་མཐུད་དེ་སྡོད་དབང་མེད་པར་གྱུར།

འབྲུ་ཁང་དང་ཞིང་ར། (༡༨༦༤)

དེ་ལྟ་ནའང་། སྤྱི་ལོ་ ༡༨༧༨ ལོར་ཁོང་ལ་ཡེ་ཤུའི་ཆོས་ལུགས་གསར་མའི་གྲུབ་མཐའ་ཁྱབ་སྤེལ་བྱེད་མཁན་གྱི་ལས་རིགས་ཤིག་ཐོབ་པས། བྷེལ་རྗམ་གྱི་ཁེའེ་མུ(Cuesmes)གྲོང་རྡལ་ཞེས་པའི་ཡུལ་དུ་ཕྱིན། དེ་རུ་གཉུག་མར་གནས་པའི་ཡུལ་མི་རྣམས་ཀྱིས་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱས་ཏེ་འཚོ་བ་རོལ་བཞིན་ཡོད་པར་མ་ཟད། དཀའ་ཁག་ཆེ་བའི་ལས་ཀ་དང་། སྐྱ་ཆད་སྔོ་རྡུགས་ཀྱི་འཚོ་བ་ངན་ངོན་དེས་ཁོང་ལ་སེམས་འགུལ་ཐེབས། དེ་བས་ཁོང་གིས་ནུས་ཤུགས་རྩལ་སྤྲུགས་ཀྱིས་བཟོ་པ་དེ་དག་ལ་རོགས་འདེགས་བགྱིས་ཏེ། ཁ་སྟབས་སྐྱོ་ཐག་ཆོད་པའི་ཡུལ་མི་ཚོའི་གནས་སྟངས་ཞ་སྨྱུག་གིས་ཤོག་ངོས་སུ་བྲིས། དེ་ནས་ཁོང་གིས་སྐྱ་བྲིས་རི་མོ་དེ་དག་བསྣམས་ནས་བྷིར་ཟིལ་དུ་ཕྱིན་ཏེ་ཡུལ་མི་ཚོའི་འཚོ་བའི་གནས་བབ་འགྲེལ་བརྗོད་བགྱིས་ནའང་ཕན་འབྲས་ཅི་ཡང་མ་བྱུང་།  སྐབས་དེར་བྲིས་པའི་རི་མོ་དཔེར་ན་བྷོ་ཝན་ནཱ་རྗིའི་རྡོ་སོལ་གཏེར་ཁ(Mine de charbon dans le Borinage)དང་། གཞན་ཡང་མིང་མེད་པའི་རི་མོ་སྐོར་ཞིག་ད་དུང་ཡང་མཐོང་ཆོས་སུ་ཡོད།

ཟླ་དྲུག་གི་རྗེས་སུ། བང གྷོ་གྷུའི་ཡེ་ཤུའི་ཆོས་ལུགས་གསར་མའི་གྲུབ་མཐའ་ཁྱབ་སྤེལ་བྱེད་པའི་ལས་ཀའི་དུས་ཡུན་རྗོགས་ནའང་། ཁོང་གིས་དྭང་བླངས་ཀྱིས་མུ་མཐུད་དེ་སྔར་བཞིན་བཟོ་ལས་པ་དག་དང་ལྷན་དུ་འཚོ་བ་རོལ། སྐབས་དེར་ཁོང་ཡང་སྤྱིལ་བུའི་ནང་དུ་བསྡད་དེ་འབྲས་རྩྭའི་སྟེང་དུ་ཉལ་བཞིན་སྐྱ་བྲིས་རི་མོ་སྣ་ཚོགས་འབྲི་བའི་མུ་ལ་ཧྥ་རན་སི་དང་ཨིན་ཇིའི་རྟོག་སྒྲུང་གིས་མཚོན་པའི་དེབ་སྐོར་ཞིག་བཀླགས་སྐད།

སྐབས་དེར་བང གྷོ་གྷུ་ཕོ་ལོ་ཉེར་དྲུག་ཙམ་ལ་སླེབས་ཡོད་མོད་ཁོང་ལ་གཏན་འཁེལ་གྱི་ལས་ཀ་མེད་སྟབས། ཁོང་གི་ཕ་མ་གཉིས་དང་གཅུང་པོ་ཏེའོ(Theo)གསུམ་གྱིས་ཁོང་གི་དམིགས་ཡུལ་མེད་པའི་མི་ཚེར་སྐྱོན་བརྗོད་བྱས་པས། རེ་ཞིག་ནང་མི་ཕན་ཚུན་གྱི་བར་ལ་འགལ་ཟླ་བྱུང་སྟེ་འབྲེལ་ཐག་ཆད་པར་གྱུར།

གཉིས། རི་མོ་སྒྱུ་རྩལ་པར་གྱུར་པའི་ལོ་ཟླ།

༡ རི་མོའི་སྐོར་ལ་སྦྱང་བརྩོན་བྱས་པ།

སྤྱི་ལོ་༡༨༨༠ལོར་བང གྷོ་གྷུའི་སེམས་ཁམས་ཅུང་ཙམ་འགྱུར་ལྡོག་བྱུང་སྟེ་རང་ཉིད་རི་མོ་སྒྱུ་རྩལ་པ་ཞིག་ཏུ་འགྱུར་འདོད་ཀྱིས་སྔར་ལས་རི་མོའི་སྐོར་ལ་དོ་སྣང་བྱས་ཏེ། ཞྭ་སྨྱུག་གིས་རགས་བྲིས་རི་མོ(Croquis)སྣ་ཚོགས་བྲིས་པར་བཤད། དེ་ནས་གཅུང་པོ་དང་འགྲིག་མཐུན་བྱུང་སྟེ་ཁོང་གི་རེ་བ་ལྟར་བང གྷོ་གྷུ་བྷིར་ཟིལ་གྲོང་ཁྱེར་གྱི་རི་མོ་སྒྱུ་རྩལ་གྱི་སློབ་གྲྭ(Académie des Beaux-Arts)ཞེས་པར་འཛུལ་ཞུགས་ཀྱིས་རི་མོའི་སྐོར་སྦྱང་བ་བྱས། ཡུལ་དེ་ནས་ཁོང་གིས་ཧྥ་རན་སིའི་རི་མོ་བ་གྲགས་ཅན་གཞང ཧྥང་སི་བ མེས་ལེ(Jean-François Millet 1814-1875)དང་། ཨོ་ཎོ་ཝས བེ་ཁུ་ཋོ་ཝན དྷུས་མེར(Honoré-Victorin Daumier1808-1879)གཉིས་ཀྱི་རི་མོའི་སྐོར་གསར་རྟོགས་བྱུང་བས་ཡིད་དབང་ཕྲོགས། ནེ་རྡར་ལན་ཌིའི་རི་མོ་སྒྱུ་རྩལ་པ་ཨང་ཋོང བན ཝ་པག( Anthon van Rappard1858-1892)ལ་འབྲེལ་བ་བྱུང་སྟེ། དུས་ཡུན་ཐུང་ཐུང་ཞིག་གི་རིང་ཁོང་དང་མཉམ་འབྲེལ་གྱིས་རི་མོའི་ལས་ཀ་གཉེར།

ལོ་དེར་ཁོང་གི་གཅུང་པོ་ཏེའོ་པེ་རེ་སིའི‘‘གྷོ་པིས་དང་ཁེང་པ་ཉུས(Goupil & Cie)ཞེས་པའི་སྒྱུ་རྩལ་ཚོང་རྭ་ཆེན་མོ’’ཞེས་པ་དེའི་འགན་འཛིན་དུ་གྱུར་ཅིང་། དེ་ནས་བཟུང་ཁོང་གིས་རང་གི་གཅེན་པོར་དཔལ་འབྱོར་གྱི་ཐད་ནས་རོགས་རམ་བྱས་ཏེ་ཁོང་མ་གྲོངས་བར་དུ་རོགས་དངུལ་ཆད་མ་མྱོང་ལ། ཡི་གེ་བསྐུར་མཚམས་ཀྱང་མ་ཆད་པར་གྱུར།

ཁོང་བྷིར་ཟིལ་དུ་སླེབས་ནས་ལོ་གཅིག་གི་རྗེས་སུ། བང་གྷོ་གྷུ་ཨིས་ཊན ལོར་ལོག་སྟེ་ཟླ་ཤས་རིང་ཕ་མ་གཉིས་དང་ལྷན་དུ་བསྡད་ཅིང་། ཁོང་གིས་དུས་ཚོད་མང་ཤོས་དཔེ་ཀློག་དང་འདྲ་རིས་རི་མོའི་སྐོར་ལ་བཏང་བར་གྲགས། དཔེར་ན། ལོ་ན་མ་སོན་པའི་སྐྱེ་བོ་ཕྱིར་ལོག་པ(Le retour des mineurs)དང་། སྔོ་དྲེག་གིས་ཁེངས་པའི་འབྲུ་ཁང་།(La Grange au toit moussu) ཤིང་ཏོག་དང་ཝུ་ཆང་སྣོད་ཕོར་གྱི་འགུལ་མེད་དངོས་པོ།(Nature Morte Avec Cruche De Bière Et Fruits) གཞན་ཡང་ཐབ་འགྲམ་དུ་སྡོད་པའི་བུད་མེད(Femme assise au coin du feu)སོགས་བྲིས་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན།  སྐབས་དེར་ཁོང་རང་ཉིད་ཀྱི་ཨ་ཁུའི་བུ་མོ་ཡུགས་སར་ལུས་པ་ཞིག་སྟེ་མིང་ལ་ཁུས བོ་ཟུ(Kee Vos)ཟེར་བའི་གཞོན་ནུ་མ་ཞིག་ལ་བརྩེ་དུང་ཆགས་མོད། གཞོན་ནུ་མ་དེས་ངོས་ལེན་མ་བྱས་པར་མ་ཟད། ཕ་རྒན་གྱིས་ཀྱང་གནས་ཚུལ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་བརྟེན། ཕ་བུ་གཉིས་ཀྱི་བར་ལ་ཡང་བསྐྱར་རྩོད་གླེང་དྲག་པོ་ཞིག་བྱུང་། དེ་ནས་བཟུང་ཁོང་གིས་ཕ་རྒན་གྱི་རོགས་དངུལ་ལེན་མཚམས་ཀྱང་བཞག་འདུག

ཐབ་འགྲམ་དུ་སྡོད་པའི་བུད་མེད། (༡༨༨༡)

སྤྱི་ལོ་ ༡༨༨༡ ལོའི་ཟླ་དང་པོའི་ནང་ཁོང་ལཱ ཧ་ཡེ་(La Haye)གྲོང་རྡལ་ཞེས་པར་ཕྱིན་ཏེ། རི་མོ་སྒྱུ་རྩལ་པ་ཨང་ཊོན མོ་བུའི(Anton Mauve 1838-1888)མདུན་ནས་ཆུ་མཚོན་རི་མོའི་སྐོར་གྱི་གདམས་པ་མནོས། སྒྱུ་རྩལ་པ་འདིས་བང གྷོ་གྷུ་ལ་དཔལ་འབྱོར་ཐད་ནས་རོགས་རམ་གནང་ཞིང་། གཅུང་པོ་ཏེའོ་ཡིས་ཀྱང་ཆད་མེད་དུ་རོགས་དངུལ་བསྐུར་བས་ཁོང་ལ་དགོས་ངེས་ཀྱི་རི་མོའི་སྒྲིག་ཆས་ཆ་ཚང་ཡོད་པར་གྱུར།  སྐབས་དེར་ཁོང་སྔར་སྨད་འཚོང་མ་བྱས་མྱོང་བའི་གཞོན་ནུ་མ་ཞིག་དང་མཉམ་དུ་མཛའ་འབྲེལ་བྱུང་བའི་ལོ་རྒྱུས་ཀྱང་འདུག གང་ལྟར་སྤྱི་ལོ་ ༡༨༨༢ ལོར་ཨམ་སི་ཊར་ཊམ་ན་རི་མོའི་ཚོང་ཁང་ཞིག་གཉེར་བའི་ཨ་ཁུ་ཞིག་ཡོད་པ་དེས་ཁོང་ལ་ལཱ ཧ་ཡེ་གྲོང་རྡལ་གྱི་ཡུལ་ལྗོངས་ཞིབ་འབྲི་བྱས་པའི་རི་མོ་འགའ་འཕྲོ་རིམ་འཕྲོར་ཐེངས་གཉིས་ལ་མངགས་མོད། བང གྷོ་གྷུས་བྲིས་པའི་རི་མོ་དེ་དག་ལ་ཉོ་བདག་བྱུང་མེད་ལ། ཨ་ཁུས་འདོད་པའང་ཁེངས་མེད།

སྤྱི་ལོ་ ༡༨༨༢ ལོར་ཁོང་མཛའ་གྲོགས་སྨད་འཚོང་མ་དང་མཉམ་དུ་བསྡད་དེ་སྣུམ་ཚོན་རི་མོའི་སྐོར་འབྲི་འགོ་བརྩམས་ཤིང་། ཚོན་མདངས་ཀྱི་གནད་དོན་སྐོར་ལ་དོ་སྣང་ཆེས་ཆེར་བྱས། ཁོང་གིས་འབྲི་ཐབས་མི་འདྲ་བའི་རི་མོ་སྐོར་ཞིག་བྲིས་ཏེ་གཅུང་པོ་ཏེའོ་ལ་བསྐུར་བར། གཅུང་པོས་རི་མོ་དེ་དག་ལ་གསར་བཏོད་ཀྱི་ཆ་མེད་པར་བསྙད་པས། བང གྷོ་གྷུས་རི་མོ་ཕལ་མོ་ཆེ་གཤག་རལ་བཏང་། ལོ་དེར་ཁོང་གིས་ཤིང་ནགས་གསེང་གི་གཞོན་ནུ་མ(Jeune fille dans un sous-bois)དང་། ཟེ་བན་ལན་གྷའི་རྒྱ་མཚོ(La Plage de Scheveningue) བྱེ་རིའི་ཡུལ་ལྗོངས་དང་ཁྱད་ཆོས།(Paysage de dunes et personnages) ངལ་རྩོལ་ཞིང་པ།(Paysan travaillant)  རྒྱ་མཚོའི་འགྲམ་གྱི་ཉ་འཛིན་བུ་མོ(Femme de pêcheur sur la plage)སོགས་རི་མོ་མི་འདྲ་བ་སོ་གཅིག་བྲིས་འདུག

ལོ་དེར་ཁོང་སྔར་ལས་དཔེ་ཀློག་ལ་དབྱིངས་ཞུགས་ཏེ་ཧྥ་རན་སིའི་སྨྲ་བའི་དབང་ཕྱུག་བེལ་ཁྲོལ ཨོས་གྷོ(Victor Hugo 1802-1885) ཧྥ་རན་སིའི་རྟོག་སྒྲུང་བ་གྲགས་ཅན་ཨེས་མུ་ལེས ཛོ་ལ(Emile Zola1840-1902) ཨོ་ནོ་ཝེ དྷུ བྷར་རྫ་ཁུ(Honoré de Balzac 1799-1850)སོགས་ཀྱི་བརྩམས་ཆོས་བཀླགས་ཏེ་འཇིག་རྟེན་ལྟ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

༢ ནོའུ་ནོན་གྱི་འཚོ་བ།

སྤྱི་ལོ་ ༡༨༨༣ ལོར་བང གྷོ་གྷུས་ཁོང་གི་གཅུང་པོའི་གཏམ་ལ་ཡིད་ཆེས་ཀྱིས་མཛའ་གྲོགས་སྨད་འཚོང་མ་དང་ཁ་གྱེས་རྗེས། ནེ་རྡར་ལན་ཌིའི་བྱང་ཕྱོགས་ཀྱི་དྷེ་ཝང་ཌུ(Drenthe)གྲོང་རྡལ་དུ་བསྐྱོད་དེ། ཡུལ་དེའི་ཡུལ་ལྗོངས་དང་ཡུལ་མི་ཚོའི་སྣང་བརྙན་དཔེར་ན།  གཙང་འགྲམ་གྱི་ཐག་ཁང་འགྲམ་གྱི་མི་གསུམ།(Trois personnes au bord du canal avec moulin)ཞེས་པ་དང་། ཞིང་པས་རྩྭ་ལྡུམ་སྲེག་པ།(Paysan brûlant des mauvaises herbe) ས་སྲོད་དུས་ཀྱི་ལྷ་ཁང་། (L’Église au crépuscule) ཉ་པ་རྒད་པོ།(Vieux Pêcheur)སོགས་བྲིས་ཡོད། སྐབས་དེར་གྲོགས་མེད་ཁེར་རྐྱང་དང་དབུལ་ཕོངས་ཀྱི་འཚོ་བ་དེས་ཁོང་ལ་རི་མོ་འབྲི་བའི་བློ་སྟོབས་འཛད་མཐའ་མེད་པ་ཞིག་སྩལ་ནའང་། གློ་བུར་དུ་རེ་ཞིག་ཁོང་གི་གཅུང་པོའི་དཔལ་འབྱོར་གྱི་གནས་སྟངས་སྡུག་ཏུ་ཕྱིན་པ་དེས། བང་གྷོ་གྷུའི་འཚོ་བའང་དོ་ཕོག་བྱུང་བས། ཁོང་དྷེ་ཝང་ཌུར་འཚོ་སྡོད་བྱེད་མ་ཐུབ་པར་གྲོང་རྡལ་ནོའུ་ནོན(Nuenen)དུ་སླེབས། དེ་ན་ཁོང་གི་ཕ་མ་གཉིས་ཀྱི་སྡོད་གནས་ཡོད་དེ། ཁོང་ཚང་གནས་དེར་སྤོས་ནས་དུས་ཡུན་རིང་པོ་འགོར་མེད།

ཞིང་པས་རྩྭ་ལྡུམ་སྲེག་པ།

ཁོང་ནོའུ་ནོན་དུ་སླེབས་རྗེས། ཁོང་གིས་ཚོན་མདངས་ནག་པོ་དང་འདམ་མདོག་གི་རི་མོ་ཉིས་བརྒྱ་ལྷག་བྲིས་ཤིང་། ཁོང་གིས་ཚོན་མདངས་དང་རོལ་དབྱངས་དབར་ན་འབྲེལ་བ་དམ་ཟབ་ཅིག་ཡོད་པ་ཡིད་ཆེས་བྱུང་བས། ཁོང་གླུ་དབྱངས་དང་རྣོ་སྦྲེང་གི་སློབ་ཁྲིད་ལ་ཞུགས། སྐབས་དེར་ཁོང་ཁྱིམ་མཚེས་ཚང་གི་བུ་མོ་ཞིག་ལ་བརྩེ་དུང་ཆགས་མོད། ཕར་ཚུར་གྱི་ཕ་མས་འབྲེལ་བ་དེ་དང་ལེན་བྱས་མེད། སྐབས་དེར་ཁོང་གི་ཕ་མ་གཉིས་གཙོས་པའི་རྒྱུས་ཡོད་དག་གིས་བང གྷོ་གྷུའི་བྱ་སྤྱོད་སྔར་ལས་ཀྱང་ཁྱད་མཚར་ཞིག་ཏུ་གྱུར་ཡོད་པ་རྟོགས།

སྤྱི་ལོ་ ༡༨༨༤ ལོར་ཁོང་གིས་གྲོགས་པོ་ཞིག་གི་ཐབ་ཚང་གི་གྱང་ངོས་སུ་རི་མོ་སྐོར་ཞིག་འབྲི་བཞིན་ནེ་རྡར་ལན་ཌིའི་རི་མོ་སྒྱུ་རྩལ་པ་ཊེ་བོ་ཧྥུལ་ལུ དྷུ བྷོ་ཁུ(Théophile de Bock 1851-1904)དང་། ཨག་མན ཡོ་བན བན དྷལ་བེ(Herman Johannes van der Weele 1852 – 1930) གཉིས་ཀྱི་རི་མོ་བརྩམས་ཆོས་ལ་དོ་སྣང་བྱུང་བར་མ་ཟད། བྷ་བྷིས་རྫང་སློབ་གླིང(L’École de Barbizon)ཞེས་གྲགས་པ་སྟེ་ཡུལ་ལྗོངས་ཞིབ་འབྲི་བྱེད་མཁན་གྱི་སྒྱུ་རྩལ་ཚོགས་པ་དེའི་རི་མོ་བ་རྣམས་ཀྱི་བརྩམས་ཆོས་ལ་སྦྱང་བ་བྱས་ཏེ་ཤུགས་རྐྱེན་ཐེབས་འགོ་ཚུགས། ལོ་དེའི་ཟླ་བཅུ་པའི་ནང་ཁོང་གི་གྲོགས་པོ་རི་མོ་བ་ཨང་ཋོང བན ཝ་པག་ཡུལ་དེར་འབྱོར་བའི་གོ་སྐབས་དང་བསྟུན་ནས་ཁོང་དང་ལྷན་དུ་རི་མོ་འགྲེམས་སྟོན་ཁང་དང་། ལྗོངས་རྒྱུར་འགྲོ་བཞིན་རི་མོ་སྐོར་གྱི་ཤེས་བྱ་མནོས། དེ་ནས་ཁོང་གིས་རས་འཐག་འཕྲུལ་འཁོར་འགྲམ་གྱི་རས་འཐག་མཁན( Tisserand devant son métier)ཞེས་པ་དང་། བེམ་གཟུགས་རི་མོ། ( Peinture Nature morte) ཞིང་པའི་གཤིས་ཀ་ཞིབ་འཇུག(Etudes du caractère paysan )ཞེས་པའི་རི་མོ་བསྟར་མ་དེ་དག་འབྲི་འགོ་བརྩམས།

སྤྱི་ལོ་ ༡༨༨༥ ལོར་བང གྷོ་གྷུའི་ཕ་རྒན་གློ་བུར་དུ་གྲོངས་པས། མི་འགྱང་བར་ཁོང་གི་གནས་ཡུལ་སྤོར་དགོས་བྱུང་ཡོད་མོད། ལོ་དེར་ཁོང་གིས་ཞོག་ཁོག་ཟ་མཁན་གྱི་རི་མོ( Les mangeurs de pommes de terre)དང་། ཞིང་པའི་འདྲ་རིས། ( Portrait de paysan) ཞིང་པའི་དུར་ས།(Le Cimetière paysan) བྱ་ཚང་།( Nid d’oiseau)སོགས་ཀྱིས་མཚོན་པའི་རི་མོ་སྐོར་ཞིག་བྲིས་ཡོད། ལོ་དེ་ནས་བཟུང་། ཁོང་གིས་ཚོན་མདངས་ནག་པོའི་རི་མོའི་འབྲི་ཐབས་བསྐྱུར་ཏེ་ཚོན་མདངས་རིང་ལུགས་ལ་བསྒྱུར་བས། ཁོང་གི་རི་མོ་དག་ལ་སྒུལ་ཤུགས་གསར་པ་བྱུང་།

༣ ཞོག་ཁོག་ཟ་མཁན་གྱི་རི་མོ།

‘‘ཞོག་ཁོག་ཟ་མཁན་གྱི་རི་མོ’’ཞེས་གྲགས་པ་འདི་ནི་བང གྷོ་གྷུའི་ཆེས་སྔ་དུས་ཀྱི་རི་མོ་སྐད་གྲགས་ཅན་ཞིག་ཡིན་ཞིང་། མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་ཤིག་ཀྱང་རེད། རི་མོ་འདིས་བཟོ་པ་གྲལ་རིམ་གྱི་འཚོ་བ་ཐེར་འདོན་བྱས་ཡོད།

ཞོག་ཁོག་ཟ་མཁན་གྱི་རི་མོ།

བང གྷོ་གྷུ་ཕ་མ་གཉིས་དང་མཉམ་དུ་ནོའུ་ནོན་དུ་ཡོད་སྐབས། ཡུལ་མི་ཚོས་ཁོང་གི་གཤིས་སྤྱོད་ཁྱད་མཚར་དེར་བསྙད་དེ་སུས་ཀྱང་ཁོང་ཁྱིམ་དུ་སྣེ་ལེན་བྱེད་ཀྱི་མེད་མོད། འོན་ཀྱང་དགོང་དྲོ་ཞིག་ལ་གྷུ་རོ་ཊུ‘‘Groot’’ཞེས་འབོད་པའི་ཁྱིམ་ཚང་ཞིག་གིས་སྣེ་ལེན་བྱས་པར། ཁོང་གིས་ཁྱིམ་ཚང་དེའི་ཁྱིམ་མི་རྣམས་ཞོག་ཁོག་སྡེར་མ་ཞིག་གི་འགྲམ་དུ་བསྐོར་ཡོད་པ་མཐོང་ཞིང་། རྣམ་པ་དེ་རི་མོའི་ལམ་དུ་འབྲི་འགོ་བརྩམས།

རི་མོ་འདིའི་སྟེང་ན་གྷུ་རོ་ཊུ་ཚང་ནི་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཡིན་པ་དང་། རྗོགས་རྒྱུ་མེད་པའི་ཞིང་ཁའི་ལས་ཀ་མཚམས་འཇོག་གིས་ཕྱིར་ལོག་སྟེ་ནུབ་འཚལ་རོལ་བཞིན་པ་གསལ་པོར་མཐོང་ཐུབ། ཞིབ་ཏུ་བལྟས་ན། ཁོང་ཚོའི་གདོང་ན་ངལ་དུབ་དང་དཀའ་ངལ་ཁྲ་ཆིལ་ལེར་མངོན། སྐྱེས་དམན་ཞིག་གིས་འཚིག་ཕོར་བཞིའི་ནང་དུ་འཚིག་ཇ་ལྡུག་ཅིང་། ཟུར་དུ་ཡོད་པའི་སྐྱེས་པ་དེས་འཚིག་ཕོར་བཟུང་སྟེ་འཚིག་ཇ་ལྡུག་མཁན་གྱི་སྐྱེས་དམན་དེར་ལྟ། མི་སྣ་གཞན་གསུམ་གྱིས་བློ་རྩེ་གཅིག་ཏུ་གཞོལ་ནས་ཟས་རིགས་གཏུབ་པར་བྱེད། སྣུམ་སྒྲོན་ཞིག་སྦར་ཡོད་པ་དེས་ཡུལ་དངོས་གསལ་བར་བྱས་འདུག རི་མོ་འདིའི་སྟེང་གི་སྒྲོན་འོད་ནི་རི་མོ་འདིའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་རེད།

ད་དུང་། བརྩམས་ཆོས་འདིའི་ནང་དུ་བང གྷོ་གྷུས་ཞིང་པ་དབུལ་པོར་བཅིངས་པའི་གདུང་སེམས་དང་ཚོར་བ་སྐྱེན་པོ་གསལ་པོར་མཚོན་པར་བྱས་ཡོད། རི་མོ་འདིར་གསལ་བའི་ཞིང་པ་ཚོའི་སྣང་བརྙན་ནི་ངོ་མ་ཡིན་ཏེ། ཧ་ཅང་བདེན་པ་ཡིན་པ་ལས་དོན་དངོས་མིན་པའི་ཆ་གང་ཡང་མེད་པར་བཤད། སྐབས་དེའི་སྣང་ཚུལ་དེ་འཁྱོག་པོར་འགྱུར་སྲིད་པའི་རང་སྣང་གི་རང་བཞིན་ཡང་མེད་ཅེས་བཤད་དོ། ། དེང་སང་རི་མོ་འདི་ནི་ནེ་རྡར་ལན་ཌིའི་རྒྱལ་ས་ཨམ་སི་ཊར་ཌམ་གྱི་བང གྷོ་གྷུའི་འགྲེམས་སྟོན་ཁང(Musée Van Gogh) དུ་ཡོད།

སྤྱི་ལོ་ ༡༨༨༥ ལོའི་ཟླ་བཅུ་པའི་ནང་ཁོང་ཨམ་སི་ཊར་ཌམ་དུ་བསྐྱོད་དེ་ཉིན་ཤས་བསྡད་ཅིང་། རག་ཁུ་སི་འགྲེམས་སྟོན་ཁང(Rijksmuseum)དུ་ཕྱིན་ཏེ། ཝང་བྷི་ཝང་དྷོ(Rembrandt 1606/1607-1669)དང་། ཧྥུ་རན ཨལ(Frans Hals 1580/1583-1666)གཉིས་ཀྱི་རི་མོ་དག་གིས་ཡིད་དབང་ཕྲོགས་པར་བཤད། དེ་རྗེས་ཨང་བལ(Anvers)གྲོང་རྡལ་དུ་ཕྱིན་ཏེ་སྒྱུ་རྩལ་པ་སྐོར་ཞིག་ལ་འབྲེལ་འདྲིས་ཀྱིས་རི་མོ་ཁ་ཤས་བཙོང་ཐབས་བྱས་མོད་དོན་འབྲས་མ་སོན། འོན་ཀྱང་ཁོང་གིས་སྔར་བཞིན་འགྲེམས་སྟོན་ཁང་འདྲ་མིན་དང་སྒྱུ་རྩལ་པ་སོགས་ལ་ཐུག་འཕྲད་ཀྱིས་རི་མོའི་སྐོར་གྱི་ཤེས་བྱ་གསར་པ་བཙལ།  ཕིས་ཨག པོལ ཝོ་བྷན( Pierre Paul Rubens 1577-1640)གྱི་རི་མོ་དག་གིས་ཁོང་གི་མཐོང་རྒྱ་བསྐྱེད།

ཉིན་ཞིག་ཁོང་སྲང་ལམ་ཞིག་བརྒྱུད་དེ་འགྲོ་སྐབས་ཚོང་ཁང་ཞིག་ཏུ་དུས་རབས་བཅུ་བདུན་པའི་ནང་དར་འཕེལ་བྱུང་བའི‘‘ཉི་ཧོང་གི་རི་མོ’’(Estampes Japonaises)ཞེས་པ་མཐོང་བར་རྐྱེན་བྱས་ཏེ། ཕྱིས་སུ་ཁོང་ལ་འབྲི་སྟངས་དེའི་ཤུགས་རྐྱེན་ཐེབས། དེ་ནི་ཁོང་གིས་བྲིས་པའི་པེ་ཝུ ཊང་གྷེའི་འདྲ་རིས(Portrait du père Tanguy)ལ་བལྟས་ན་རྟོགས་ནུས།

གསུམ། ཧྥ་རན་སིར་བཞུགས་དུས་ཀྱི་ལོ་རྒྱུས།

༡ པེ་རེ་སིར་འབྱོར་བ།

སྤྱི་ལོ་ ༡༨༨༦ ལོར་བང གྷོ་གྷུ་ཁོང་གི་གཅུང་པོ་གནས་སྡོད་བྱེད་སའི་གནས་ཏེ་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་སླེབས། གཅུང་པོ་ཏེའོ་ཡི་རོགས་རམ་ལ་བརྟེན་ནས་ཁོང་གིས་པེ་རེ་སིར་བཞུགས་པའི་སྒྱུ་རྩལ་པ་ཀ་མུས་ཡུ ཕིས་ཟ་ཝོ( Camille Pissarro 1830-1903)དང་། པའོ གྷོ་གྷན(Paul Gauguin 1848-1903) རྗོར་རྗི ཟོར་ཝ(Georges Seurat 1859-1891) ཨང་ཝས ཝོ་ཟོ(Henri Rousseau 1844-1910) པའོ ཟེ་རྫ་ནཱི(Paul Cézanne 1839-1906)སོགས་ངོ་ཤེས། ལྷག་དོན་མཐོང་སྣང་རིང་ལུགས (Impressionnisme)ཀྱི་རི་མོ་སྒྱུ་རྩལ་པ་གྲགས་ཅན་ཁུ་ལོ་ཌུ མོ་ནེ(Claude Monet 1880-1926 )དང་ཁོང་གི་གྲོགས་པོ་སྒྱུ་རྩལ་པ་ཨོ་ངྒོས་སི་ཌི ཝུ་ནོག་ཝ( Auguste Renoir 1841-1919)སོགས་ཀྱིས‘‘འབུར་བརྐོས་དང་རི་མོའི་ཁང་པ’’ཞེས་པའི་མཛད་སྒོའི་སྟེང་རི་མོ་སྐོར་ཞིག་འགྲེམས་སྟོན་བྱེད་ཀྱི་ཡོད་པ་དེར་ཕྱིན་ཏེ། མཐོང་སྣང་རིང་ལུགས་ཀྱི་རི་མོ་གསར་དུ་ལོངས་སྤྱོད་བྱེད་ཐུབ་པ་བྱུང་།


པེ་ཝུ ཊང་གྷེའི་འདྲ་རིས།

སྤྱི་ལོ་ ༡༨༨༦ དང་སྤྱི་ལོ་ ༡༨༨༧ ལོར་ཁོང་སྒྱུ་རྩལ་པ་ཧྥེ་ནཱང ཀོ་མོང(Fernand Cormon 1845-1924)གིས་བཙུགས་པའི་སྒྱུ་རྩལ་སློབ་གྲྭར་ཞུགས་ཏེ་སྒྱུ་རྩལ་པ་མང་དག་ཅིག་ལ་འཕྲད་ཅིང་། ཨོ་གྷོ་སི་ཊི་ནཱ ཟེ་གྷ་ཊོ་ཝས་(Agostina Segatori)འབོད་པའི་ཨི་ཊ་ལིའི་གཞོན་ནུ་མ་ཞིག་དང་མཉམ་དུ་བརྩེ་དུང་གི་འབྲེལ་བ་བྱུང་། པེ་ཝུ ཊང་གྷེའི(Pere Tanguy1825-1894)སྒྱུ་རྩལ་ཚོང་ཁང་དུ་རི་མོ་སྒྱུ་རྩལ་པ་པའོ སིས་ཉཱ་ཁའང(Paul Signac1863-1935)ངོ་ཤེས། གང་ལྟར་ཧྥ་རན་སིའི་སྒྱུ་རྩལ་པ་སྐོར་ཞིག་དང་མཉམ་དུ་འབྲེལ་འདྲིས་བྱུང་བའི་བརྒྱུད་རིམ་ཁྲོད། ཁོང་གིས་མཐོང་སྣང་རིང་ལུགས་དང་། ཚེག་གོར་རིང་ལུགས(Pointillisme) མཉམ་སྡེབ་རིང་ལུགས(Synthétisme) ཀྱི་རི་མོའི་གྲུབ་མཐའ་སོགས་གསལ་རྟོགས་བྱུང་། དེར་བརྟེན་མོང་མ་ཋག་གི་རྡོ་ར་དང་འཐག་འཁོར(Montmartre : la carrière, les moulins)དང་། པེ་རེ་སིའི་ཁང་སྟེང་།(Les Toits de Paris) པེ་ཝུ ཊང་གྷེའི་འདྲ་རིས(Portrait du père Tanguy) ཁུ་ལེ་ཞིའི་ལམ་ཆེན(Boulevard de Clichy) ཨི་ཊ་ལིའི་གཞོན་ནུ་མ(L’Italienne)སོགས་ཀྱིས་གཙོས་པའི་རི་མོ་ལྔ་བཅུ་ལྷག་བྲིས་འདུག  སྐབས་དེར་ཁོང་གིས་རི་མོའི་འབྲི་སྟངས་ལ་འགྱུར་བ་ཅུང་ཙམ་བཏང་སྟེ་མཐོང་སྣང་རིང་ལུགས་ཕྱི་མའི(post-impressionnisme)འབྲི་ཐབས་ལ་ཚོད་ལྟ་བྱས་ཡོད།

དེ་ནས་ཡུན་རིང་མ་འགོར་བར། པེ་རེ་སི་ནི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཡིན་པ་བདེན་མོད། འོན་ཀྱང་བང གྷོ་གྷི་སྐབས་དེའི་པེ་རེ་སིའི་སྒྱུ་རྩལ་པ་དག་གི་ཆང་རག་དང་ཉལ་ཐ་འདྲེས་མའི་སྒྱུ་རྩལ་གྱི་འཚོ་བ་དེར་གོམས་འདྲིས་མ་བྱུང་སྟབས། ཁོང་གིས་པེ་རེ་སི་བསྐྱུར་ཏེ་རང་བྱུང་ཁོར་ཡུག་མཛེས་ས་ཞིག་ཏུ་ཕྱིན་ཏེ་ཕྱིའི་སྣོད་ཀྱི་བཀོད་པ་རི་མོའི་ལམ་ནས་འབྲི་ཐུབ་ན་ཅི་མ་རུང་སྙམ་འདུག

༢ ཨག་ལེར་གྱི་མི་ཚེ།

སྤྱི་ལོ་ ༡༨༨༨ ལོའི་ཟླ་གཉིས་པའི་ནང་གྲོགས་པོ་ཞིག་གིས་ལམ་སྟོན་བྱས་པ་ལྟར། བང གྷོ་གྷུ་ཧྥ་རན་སིའི་ལྷོ་ཕྱོགས་སུ་ཁེལ་བའི་ཨག་ལེར(Arles)གྲོང་རྡལ་དུ་འབྱོར། ཐོག་མར་མགྲོན་ཁང་དཀྱུས་མ་ཞིག་ཏུ་བསྡད་ཅིང། དེ་རྗེས་ཁྱིམ་ཚང་ཞིག་གི་ཁང་མིག་ཆུང་ཆུང་ཞིག་གླས་ཏེ་འཚོ་བ་རོལ་འགོ་བརྩམས།

ཁོང་ཨག་ལེར་འབྱོར་རྗེས། ཡུལ་དེའི་ཞིང་ཁ་དང་རྒྱུག་ཆུ་སོགས་བཞུར་སའི་ཡུལ་ལུང་གང་སར་རྐང་ཐང་དུ་ཕྱིན་ཏེ། ཨག་ལེ་སུའི་མཐའ་འཁོར་གྱི་ཁ་བས་གཡོགས་པའི་ཞིང་ཁ(Champs recouverts de neige autour d’Arles)དང་། ལང་གྷུ་ལོའི་ཟམ་པ་དང་གོས་འཁྲུ་བུ་མོ(Le pont Langlois avec des lavandières) ཨས་ཝས་སིའི་གྲོ་ཞིང་།(Le Champ de blé aux iris) རྐུབ་སྟེགས་སྟེང་གི་ཨ་རབ་བུ་མོ(La Mousmé dans le fauteuil) རྒུན་ཆང་གི་ཞིང་ཁ་དམར་པོ་སོགས་བྲིས་ཏེ་གཅུང་པོར་བསྐུར་བར། གཅུང་པོས་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་གསུམ་པེ་རེ་སིའི་རི་མོ་དུས་སྟོན་ཞིག་གི་སྟེང་དུ་འགྲེམས་སྟོན་བྱེད་ཐུབ་པ་བྱུང་བར་མ་ཟད།  རྒུན་ཆང་གི་ཞིང་ཁ་དམར་པོ་ཞེས་པར་ཉོ་བདག་ཅིག་བྱུང་། འདི་ནི་ཁོང་འཚོ་བཞུགས་ཀྱི་དུས་སུ་རི་མོ་ཞིག་ལ་ཉོ་བདག་བྱུང་བ་ཐོག་མ་དང་མཐའ་མ་དེ་ཡིན།

མཚན་མོའི་དུས་ཀྱི་འཚིག་ཇ་ཁང་གི་ཁྱམས་སྟེགས།

 

དེ་རྗེས། ཁོང་ཨ་མི་རི་ཀའི་རི་མོ་སྒྱུ་རྩལ་པ་དྷོ་རྗུ མ་ཁུ་ཎེ་ཁྲུ(Dodge Macknight 1860-1950)དང་འཕྲད་ཅིང་། ཁོང་གིས་བང གྷོ་གྷུ་ལ་ཧོ་ལན་ཌིའི་རི་མོ་བ་ཨུ་རྗན བྷོ་ཞུ (Eugène Boch 1855-1941)ངོ་སྤྲོད་བྱས་ཤིང་། རིམ་གྱིས་ཁོང་གཉིས་བློས་ཐུབ་ཀྱི་གྲོགས་པོར་གྱུར། ལོ་དེའི་ཟླ་བརྒྱད་པའི་ནང་། བང གྷོ་གྷུས་ཨུ་རྗན བྷོ་ཞུའི་འདྲ་རིས(Portrait d’Eugène Boch)ཞེས་པ་བྲིས། བང གྷོ་གྷུའི་གནས་མལ་དང་ཟས་གོས་སོགས་ཀྱི་འགྲོ་གྲོན་ཡོད་ཚད་གཅུང་པོ་ཏའོ་ཡིས་ནར་གཏོང་བྱེད་ཀྱི་ཡོད་པ་ལྟར། ལོ་དེའི་ཟླ་དྲུག་པའི་ནང་། ཁོང་ལ་གཅུང་པོས་བསྐུར་བའི་ཧྥ་སྒོར་རྙིང་བརྒྱ་ཐམ་པ་འབྱོར་བས། ཁོང་མཚོ་ངོགས་སུ་ཆགས་པའི་གྲོང་རྡལ་སན་ཌི མ་ཝེ དྷུ ལ མེར(Saintes-Maries-de-la-Mer)ལྟ་སྐོར་དུ་ཕྱིན་ཏེ། སྐད་གྲགས་ཅན་གྱི་རི་མོ་སན་ཌི མ་ཝེ དྷུ ལ མེར་གྱི་མཐོང་སྣང(Vue des Saintes-Maries-de-la-Mer) དང་། མཚོ་འགྲམ་གྱི་གྲུ་ཆུང(Bateaux de pêche sur la plage) སོགས་བྲིས་པར་བཤད་དོ། །

ཕྱིར་ཨག་ལེར་འབྱོར་རྗེས། རི་མོ་སྒྱུ་རྩལ་པ་དག་ལ་གོམས་སྲོལ་ཞིག་ཡོད་པ་ལྟར། ཁོང་གིས་མུ་འབྲེལ་རི་མོའམ་རི་མོ་འདྲ་མཚུངས་ཅན་མེ་ཏོག་བཞད་པའི་ཤིང་འབྲས་རྭ་བ(Vergers fleurissants)དང་། ཁམ་བུའི་མེ་ཏོག་བཞད་པ།(Pêcher en fleur) ཤུག་སྡོང་གི་སིལ་ར།(Verger avec cyprès) སོགས་བྲིས་ཤིང་། དུས་རྒྱུན་དུ་འཚིག་ཇ་ཁང་ཞིག་ཏུ་འོང་བའི་ཁོང་གི་གྲོགས་པོ་གཞོ་ཟེ་ཧྥོབ ཝོ་ལང(Joseph Roulin 1841-1903)གཙོས་པའི་ཁོང་གི་བཟའ་ཟླ་དང་བུ་དང་བུ་མོའི་འདྲ་རིས་དང་། ཨག་ལེར་གྱི་བང གྷོ་གྷུའི་ཉལ་ཁང(La Chambre de Van Gogh à Arles) ཝོང་གི་གཙང་པོའི་སྟེང་གི་སྐར་ཚོགས་བཀྲ་བའི་མཚན་མོ།(Nuit étoilée sur le Rhône) གཞན་ཡང་སྐད་གྲགས་ཅན་གྱི་རི་མོ་མཚན་མོའི་དུས་ཀྱི་འཚིག་ཇ་ཁང་གི་ཁྱམས་སྟེགས(Café Terrace at Night)སོགས་རི་མོ་སྣ་ཚོགས་ཤིག་བྲིས་ཡོད།

མཚན་མོའི་དུས་ཀྱི་འཚིག་ཇ་ཁང་གི་ཁྱམས་སྟེགས་ཞེས་པའི་རི་མོ་འདི་ནི་ཨག་ལེར་གྲོང་རྡལ་གྱི་སྲང་ལམ་ཞིག་ཏུ་ཡོད་པའི་འཚིག་ཇ་ཁང་ཞིག་གི་གཟུགས་རིས་ཡིན་པ་རེད། བང གྷོ་གྷུས་གསུང་དོན། རི་མོ་གསར་པ་འདིས་མཚན་དུས་ཀྱི་འཚིག་ཇ་ཁང་ཞིག་གི་སྣང་བརྙན་མཚོན། འཚིག་ཇ་ཁང་གི་ཁྱམས་སྟེགས་སུ་ཡོད་པའི་མི་རྣམས་ཀྱིས་ཨ་རག་འཐུང་། ཧ་ཅང་ཆེ་བའི་ལྒང་བཞུ་སེར་པོ་ཞིག་གིས་ཁྱམས་སྟེགས་དང་། གྱང་ངོས། ཁྲོམ་ལམ་གྱི་གྲམ་རྡོ་སོགས་གསལ་བར་བྱས་པས། སྲང་ལམ་འདི་ནི་མེ་ཏོག་སྨུག་པོ་དང་ཞིག་དང་མཚུངས། ་་་ ་་་

དེང་སང་རི་མོ་འདི་ནི་ནེ་རྡར་ལན་ཌིའི་འགྲེམས་སྟོན་ཁང(Musée Kröller-Müller)དུ་ཡོད་ཅིང་། འཚིག་ཇ་ཁང་ལ‘‘བང གྷོ་གྷོ་འཚིག་ཇ་ཁང’’(Café van Gogh)ཞེས་མིང་བསྒྱུར་ཡོད། ཕྲན་ཧྥ་རན་སིར་འབྱོར་ནས་ཡུན་རིང་མ་ཕྱིན་པར་གྲོང་རྡལ་འདིར་ལྟ་སྐོར་དུ་འགྲོ་སྐབས་ཤིག་ལ་འཚིག་ཇ་ཁང་འདིར་ཕྱིན་པར། འབྲེལ་ཡོད་དག་གིས་སྔར་འཚིག་ཇ་ཁང་འདིར་རི་མོ་བ་གྲགས་ཅན་ཞིག་འོངས་ནས་རི་མོ་བྲིས་ཚུལ་གསུངས། དེ་རིང་འདང་བརྒྱབ་ན་རི་མོ་བ་དེ་ནི་བང གྷོ་གྷོ་ཡིན་ནམ་སྙམ།

༣ ཉི་མ་མེ་ཏོག་གི་རི་མོ།

སྤྱི་ལོ་༡༨༨༨ལོ་དང་སྤྱི་ལོ་༡༨༨༩ལོའི་བར་བང གྷོ་གྷུས‘‘ཉི་མ་མེ་ཏོག’’( Les Tournesols) གི་རི་མོ་བདུན་བྲིས་ཡོད་ཅིང་།  ཉི་མ་མེ་ཏོག་གི་རི་མོ་དང་པོ་ནི་ཁོང་གི་གྲོགས་པོ་རི་མོ་སྒྱུ་རྩལ་པ་གྲགས་ཅན་པའོ གྷོའུ་གྷན(Paul Gauguin 1848-1902)ཉལ་སའི་གྱང་ངོས་སུ་འགེལ་ཆེད་དུ་བྲིས་ཡོད། ཁོང་སྒྱུ་རྩལ་པ་པའོ གྷོའུ་གྷན་ལ་པེ་རེ་སིར་ཡོད་སྐབས་ཐུག་ཅིང་། སྤྱི་ལོ་༡༨༨༨ལོའི་ཟླ་བཅུ་པའི་ནང་ཁོང་གིས་རང་གི་གྲོགས་པོ་ཨག་ལེར་དུ་གདན་འདྲེན་ཞུས་ཏེ། རེ་ཞིག་ལྷན་གཅིག་ཏུ་འཚོ་སྡོད་ཀྱིས་ཨག་ལེ་སུ་ཞང
(Alyscamps) ཞེས་པའི་རི་མོ་དག་བྲིས།

 

ཉི་མ་མེ་ཏོག

བང་གྷོ་གྷུས་རང་གི་གྲོགས་པོ་གྷོའུ་གྷན་གཟིམས་སའི་གྱང་ངོས་སུ་ཉི་མ་མེ་ཏོག་གི་རི་མོ་དགོས་དོན་ནི། ཉི་མ་མེ་ཏོག་ལ་དམིགས་བསལ་གྱི་མཚོན་རྟགས་ཤིག་ཡོད་དེ། ཉི་མ་མེ་ཏོག་གིས་དུས་རྟག་ཏུ་རང་ཉིད་ཀྱི་གདོང་ཉི་མའི་ཕྱོགས་སུ་འཁོར་བ་དེས་བརྩི་བཀུར་དང་། ཡིད་སྨོན་དང་། མཛའ་སེམས་བཅས་མཚོན་པར་མ་ཟད། ཉི་མ་མེ་ཏོག་ནི་ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས་ཤིན་ཀྱང་ཡིན་ཏེ། ཉི་མ་མེ་ཏོག་གིས་དཀོན་མཆོག་མཚོན་པར་བཤད།

བང གྷོ་གྷོས་བྲིས་པའི་ཉི་མ་མེ་ཏོག་དག་ཤིན་ཏུ་འདྲ་མཚུངས་མིན་ཏེ། བུམ་པའི་ནང་ན་ཉི་མ་མེ་ཏོག་བཅུ་གཉིས་ཅན་གཉིས་དང་། བཅོ་ལྔ་ཅན་གསུམ། ལྔ་ཅན་གཅིག གསུམ་ཅན་གཅིག་ཡོད། དེང་སང་རི་མོ་འདི་དག་རྗན་མན་དང་། ཨ་རི། ཨིན་ཡུལ། ནེ་རྡར་ལན་ཌི། ཉི་ཧོང་བཅས་ཀྱི་འགྲེམས་སྟོན་ཁང་ན་ཡོད་པར་གྲགས། ཨ་རིས་སྤྱི་ལོ་༡༩༤༥ལོར་ཉི་ཧོང་དུ་ཉིང་རྡུལ་མཚོན་ཆ་གཡུག་སྐབས། བུམ་པའི་ནང་ན་ཉི་མ་མེ་ཏོག་ལྔ་ཅན་ཡོད་པའི་རི་མོ་དེ་ཉིང་རྡུལ་འབར་བའི་མེ་ལྕེའི་ནང་འཇིག་པར་བཤད་མོད། སྤྱི་ལོ་ ༡༩༨༧ ལོར་ཉི་ཧོང་གི་ཚོགས་པ(Sompo Japan Nipponkoa)ཞིག་གིས་བུམ་པའི་ནང་ན་ཉི་མ་མེ་ཏོག་བཅོ་ལྔ་ཅན་ཡོད་པའི་རི་མོ་གཅིག་ལ་ཨ་སྒོར་ས་ཡ་བཞི་བཅུ་ལྷག་སྤྲད་དེ་ཉོས་འདུག

བང གྷོ་གྷུས་ཉི་མ་མེ་ཏོག་གི་རི་མོ་གསུམ་ནི་སྒྱུ་རྩལ་པ་པའོ གྷོའུ་གྷན་དང་ལྷན་དུ་ཡོད་སྐབས་བྲིས་པ་ཡིན་ཞིང་། པའོ གྷོའུ་གྷན་གྱིས་ཁོང་གི་གྲོགས་པོས་བློ་རྩེ་གཅིག་སྒྲིམ་གྱིས་ཉི་མ་མེ་ཏོག་ཅིག་འབྲི་བཞིན་པའི་སྣང་ཚུལ་རི་མོའི་ལམ་ནས་བྲིས་ཏེ། མིང་ལ་མེ་ཏོག་ཉི་མ་འཁོར་གྱི་རི་མོ( Le Peintre de Tournesols) ཞེས་བཏགས་ཡོད།

དེ་ལྟ་ནའང་། སྤྱི་ལོ་ ༡༨༨༩ ལོའི་ཟླ་ ༡༢ པའི་ཚེས་ ༢༤ ཉིན། བང་གྷོ་གྷུ་དང་ཁོང་གི་གྲོགས་པོ་པའོ གྷོའུ་གྷན་གཉིས་ཀྱི་བར་ལ་རྩོད་གླེང་དྲག་པོ་ཞིག་བྱུང་སྟེ། བང གྷོ་གྷུས་ཁ་སྤུ་བྲེག་བྱེད་ཀྱི་སྤུ་གྲི་ཞིག་བཟུང་སྟེ་གྲོགས་པོའི་སྟེང་ལ་ཤོར་བའི་གྲབས་བྱེད་སྐབས། པའོ གྷོའུ་གྷན་སྟབས་ལེགས་ནས་གཡོལ་ཐུབ་པ་བྱུང་། དེ་རྗེས་བང གྷོ་གྷུས་ཁོང་ཁྲོ་དྲག་པོས་རང་ཉིད་ཀྱི་རྣ་བ་གཡོན་པ་བྲེགས་པ་དང་། ཁྲག་དམར་གྱིས་བརྫིས་པའི་ཤ་རྡོག་དེ་བུད་མེད་གཞོན་ནུ་མ་ཞིག་ལ་ལེགས་སྐྱེས་སུ་སྤྲོད་དུ་ཕྱིན་པའི་གནས་ཚུལ་ཡ་ང་བ་ཞིག་བྱུང་།

དེ་ནས་ཁོང་གློ་བུར་དུ་སྨན་ཁང་དུ་འགྲོ་དགོས་བྱུང་ཞིང་། སྨན་པ་ཝེས(Rey)ཞུ་བ་ཞིག་གིས་སྨན་བཅོས་བྱས་ཏེ་ཁོང་གཉིས་གྲོགས་པོར་གྱུར། ཕྱིས་སུ་བང གྷོ་གྷུས་སྨན་པ་ཝེས་ཀྱི་འདྲ་རིས(Portrait du docteur Rey)ཞེས་པའི་རི་མོ་ཞིག་བྲིས་ཏེ་དྲན་རྟེན་དུ་ཕུལ། འོན་ཀྱང་། ཨག་ལེར་གྲོང་རྡལ་གྱི་ཡུལ་མི་སུམ་བཅུ་ལྷག་གིས་ཁོང་ཨག་ལེར་ནས་སྡོད་མི་ཆོག་པའི་མིང་རྟགས་བསྡུས་ཏེ། ཉེན་འཚབ་ཆེ་བའི་མི་སྣ་ཞིག་ཏུ་ངོས་འཛིན་བྱས་མོད། ཁོང་གིས་སྔར་བཞིན་རི་མོའི་ཕྱོགས་ལ་འབད་བརྩོན་བྱས་ཏེ་རང་གི་གཟུགས་རིས་ཤིག་སྟེ་རྣ་བ་བཀབ་པའི་འདྲ་རིས(Autoportrait à l’oreille bandée)ཞེས་པ་བྲིས་ཡོད་པ་དང་། ཁོང་གིས་མི་ཚེའི་ནང་རང་ཉིད་ཀྱི་འདྲ་རིས་མི་འདྲ་བ་བཞི་བཅུ་ལྷག་བྲིས་འདུག

སྟབས་མ་ལེགས་པར་ཁོང་གིས་ཡང་བསྐྱར་སྨྱོན་པའི་བྱ་སྤྱོད་སྤེལ་པས། སྨན་པ་དག་གིས་ཁོང་ལ་རིག་པ་འཆོལ་བའི་ན་ཚ་ཞིག་ཡོད་པ་རྙེད་མོད། ནད་རྟགས་ངོ་མ་དེ་ངོས་ཟིན་མེད། དེང་སང་ཁོང་གི་ན་ཚ་ནི་བརྒྱལ་གཟེར་ཡིན་ནམ་སྙམ་མཁན་ཡོད།

༤ སྐར་ཚོགས་བཀྲ་བའི་མཚན་མོ།

སྐར་ཚོགས་བཀྲ་བའི་མཚན་མོ།

སྤྱི་ལོ་ ༡༨༨༩ ལོའི་ཟླ་ ༥ པའི་ཚེས་ ༨ ཉིན། བང གྷོ་གྷི་ཨག་ལེར་གྲོང་རྡལ་དང་ཁ་བྲལ་ཏེ་སན་ཌི ཝེ་མེ དྷུ ཕུ་ཝོ་བན་སི(Saint-Rémy-de-Provence)གྲོང་རྡལ་དུ་བསྐྱོད་དེ་སན་པོལ དྷུ མོ་ཛོ་ལུ་དགོན་པའི (Monastère    Saint-Paul-de-Mausole)སྨན་ཁང་ཞིག་ཏུ་ལོ་གཅིག་ཙམ་བསྡད། ཁོང་སྨན་ཁང་དུ་སྡོད་སྐབས་ཐེངས་གསུམ་ལ་རིག་པ་འཆོལ་བའི་ན་ཚ་འཕར་ནའང་། ཁོང་གིས་རི་མོ་སྣ་ཚོགས་བྲིས་ཏེ་རང་གི་གཅུང་པོར་བསྐུར། གཅུང་པོས་པེ་རེ་སིའི་རི་མོའི་དུས་སྟོན་སྟེང་དུ་འགྲེམས་སྟོན་བྱས་མོད། སྔར་བཞིན་ཁོང་གི་སྒྱུ་རྩལ་ལ་འགྲམ་ཆུ་ལྡང་མཁན་གྱི་མི་མེད་པར་གྱུར་ནའང་། བང གྷོ་གྷུའི་སེམས་ཤུགས་ཆགས་མེད་དེ། སྐད་གྲགས་ཅན་གྱི་རི་མོ་སྐར་ཚོགས་བཀྲ་བའི་མཚན་མོ(La Nuit étoilée) ཞེས་པ་དགོན་པ་དེར་ཡོད་སྐབས་བྲིས། གསལ་པོར་བཤད་ན། སྐར་ཚོགས་བཀྲ་བའི་མཚན་མོ་ནི་སྤྱི་ལོ་༡༨༨༩ལོའི་ཟླ་༥པའི་༢༥མཚན་མོར་བང གྷོ་གྷུས་རང་གི་མལ་ཁང་གི་སྒེའུ་ཁུང་གི་འགྲམ་དུ་བྲིས་པར་བཤད་ཅིང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ཤིག་ཏུ་ངོས་འཛིན་བྱེད། ཁོང་མཚན་མོར་དགའ་ཞིང་།  སྲིང་མོར་བསྐུར་བའི་འཕྲིན་ཡིག་ཅིག་ཏུ། ངས་དུས་རྒྱུན་དུ་མཚན་མོའི་ཁ་དོག་ནི་ཉིན་མོ་ལས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཏུ་མཐོང་གི་ཡོད་ཅེས་བྲིས་ཡོད་པ་རེད།

རི་མོ་འདིའི་བརྗོད་བྱ་ནི་སན་ཌི ཝེ་མེ དྷུ ཕུ་ཝོ་བན་སི་གྲོང་རྡལ་དང་དེའི་མཐའ་འཁོར་གྱི་ཡུལ་ལྗོངས། མཁའ་དབྱིངས་ཀྱི་ཟླ་བ་དང་སྐར་ཚོགས་སོགས་ཡིན་པ་རེད། ཁོང་གིས་གཅུང་པོར་བསྐུར་བའི་རི་མོ་དེ་དག་གི་ཁྲོད་དུ་སྐར་ཚོགས་བཀྲ་བའི་མཚན་མོ་དང་། གཞན་ཡང་རི་མོ་གྲགས་ཅན་གྲེས་མའི་མེ་ཏོག(Iris)ཀྱང་ཡོད། དེང་སང་རི་མོ་འདི་ནི་ཨ་རིའི་གྲོང་ཁྱེར་ཉིག་ཡོར་གྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཁང(Museum of Modern Art) དུ་ཡོད།

༥ ཚེ་མཇུག་གི་ཟླ་གཉིས།

སྤྱི་ལོ་ ༡༨༩༠ ལོའི་དཔྱིད་ཀར་གཅུང་པོ་ཏའོ་ཡི་རེ་བ་ལྟར། བང གྷོ་གྷུ་པེ་རེ་སི་དང་ཐག་ཉེ་བའི་ཨོ་བེག ཟོལ ཨོ་བ་ཛུ(Auvers-sur-Oise)གྲོང་རྡལ་དུ་གནས་སྤར་ཏེ་མགྲོན་ཁང་ཞིག་གི་ཁང་མིག་ཆུང་ཆུང་ཞིག་ཏུ་བསྡད་ཅིང་། གྲོང་རྡལ་དེ་ནི་སྒྱུ་རྩལ་པ་འདྲ་མིན་འཛོམས་སའི་ཡུལ་གྲུ་ཞིག་ཀྱང་ཡིན།

ཁྭ་ཏ་འཕུར་བའི་གྲོ་ཞིང་།

བང གྷོ་གྷུས་སྨན་པ་པའོ གྷ་ཞོས(Paul Gachet 1828-1909)ཟེར་བ་ཞིག་གི་མདུན་ནས་སྨན་བཅོས་བྱེད་འགོ་ཚུགས་ཏེ། རིམ་གྱིས་ཁོང་གཉིས་བློས་ཐུབ་ཀྱི་གྲོགས་པོར་གྱུར། སྤྱི་ལོ་༡༨༩༠ལོའི་དབྱར་ཁར་ཁོང་གིས་སྨན་པ་གྷ་ཞིས(Le Docteur Gachet)ཞེས་པའི་རི་མོ་མི་འདྲ་བ་གཉིས་བྲིས། ཚོན་མདངས་སེར་པོ་ཅན་གྱི་རི་མོ་དེ་ནི་ཕྱིས་སུ་ཁོང་གི་སྲིང་མོ་དང་། རི་མོ་སྒྱུ་རྩལ་པ། རི་མོ་ཉར་ཚགས་བྱེད་མཁན་ཁ་ཤས་ཀྱི་ལག་བརྒྱུད་དེ་མཐར་ཉི་ཧོང་གི་ཕྱུག་བདག་ཡེ་ཨེ ཟལ་ཊོས(Ryoei Saito)ལ་ཐོབ། ཁོང་གིས་ཨ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་སྤྲད་དེ་ཉོས་འདུག རི་མོ་གཞན་པ་དེ་དེང་སང་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ཡོད་པའི་དྷོག་སེ་འགྲེམས་སྟོན་ཁང(Musée d’Orsay)དུ་ཡོད། ལར་ནས་རི་མོ་འདི་གཉིས་ལས་དང་པོ་ནི་ཁོང་གིས་སྨན་པ་གྷ་ཞིས་ལ་སྨན་རིན་གྱི་ཚབ་ཏུ་ཕུལ་བ་རེད་ཟེར།

དུས་སྐབས་དེར། བང གྷོ་གྷུའི་ལུས་སེམས་གཉིས་ཀ་མནར་གཅོད་ཐེབས་ནའང་། ཁོང་གིས་ཨོ་བེག་གི་ལྷ་ཁང(l’Eglise d’Auvers)དང་། ཨོ་བེག ཟོལ ཨོ་བ་ཛུའི་རྩྭ་ཁང་། (Chaumières à Auvers-sur-Oise) ཨོ་བེག་གི་སྲང་ལམ(Rue d’Auvers) ཆར་རླུང་དྲག་པོའི་འོག་གི་གྲོ་ཞིང(Champ de blé sous un ciel orageux) ཁྭ་ཏ་འཕུར་བའི་གྲོ་ཞིང(Champ de blé avec corbeaux)སོགས་ཀྱང་བྲིས་ཡོད། ཁོང་ཡུལ་དེར་འབྱོར་ནས་ཟླ་གཉིས་མ་འགོར་བར་རི་མོ་བདུན་ཅུ་ལྷག་བྲིས་པར་བཤད།

འོན་ཀྱང་། སྤྱི་ལོ་ ༡༨༩༠ ལོའི་ཟླ་ ༦ པའི་ཚེས་ ༢༧ ཉིན་གྱི་ཞོགས་པར།  བང གྷོ་གྷུས་རང་ལ་མཁོ་བའི་རི་མོ་འབྲི་བྱེད་ཀྱི་ཡོ་ཆས་བསྣམས་ནས་ཡུལ་དེའི་ཞིང་ཁ་ཞིག་ལ་རི་མོ་འབྲི་བར་ཕྱིན་འདུག་མོད། ཡུལ་དེ་ནས་ཁོང་གིས་རང་གི་བྲང་ཁོག་ཏུ་ཐུང་མདའ་རང་འཁོར་མ་ཞིག་བསྣན་འདུག དེ་རྗེས་ཁོང་གིས་ཁྲག་དམར་འཛག་བཞིན་པའི་བྲང་ཁ་བསྐྱོར་ཏེ་སྡོད་གནས་སུ་འབྱོར་མ་ཐག སྨན་པ་གྷ་ཞིས་ཀྱིས་སྨན་བཅོས་བྱས་ཡོད་མོད། དེ་ལ་ཕན་འབྲས་ཅི་ཡང་མ་བྱུང་བར་ཉིན་གཉིས་ཀྱི་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་ཅིང་། སྐབས་དེར་ཕོ་ལོ་སོ་བདུན་ཡིན་པ་རེད།

གཅུང་པོ་ཏའོ་ཡིས་ཁོང་གི་བེམ་པོ་ཡུལ་དེའི་དུར་ཁྲོད་ཅིག་ཏུ་སྦས་ནས་ལོ་གཅིག་མ་འགོར་བར། གཅུང་པོའང་བསེ་མོག་གི་ན་ཚ་ཞིག་བྱུང་བས་གྲོངས་འདུག བང གྷོ་གྷུའི་མི་ཚེའི་ནང་ཁོང་ལ་ཕྱོགས་སྣ་སྒོ་མོ་ནས་རྒྱབ་སྐྱོར་བྱེད་མཁན་གཅིག་རང་་བྱུང་བ་ནི་གཅུང་པོ་ཏའོ་ཡིན་ལ། བང གྷོ་གྷིས་རང་གི་གཅུང་པོར་འཕྲིན་ཡིག་མི་འདྲ་བ་དྲུག་བརྒྱ་ལྷག་བྲིས་འདུག

བཞི། བང གྷོ་གྷུའི་བརྩམས་ཆོས།

བང གྷོ་གྷུ་སྐུ་འཚོ་བཞུགས་ཀྱི་དུས་སུ་མི་རྣམས་ཀྱིས་སྣང་མེད་དུ་བཞག་མོད། དེང་སང་ཁོང་ནི་རི་མོ་འབྲི་བའི་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པའི་སྐྱེས་བུ་ཕུལ་བྱུང་ཞིག་ཏུ་ངོས་འཛིན་བྱེད། ཁོང་གིས་ལོ་བཅུའི་དུས་ཚོད་སྤྱད་དེ་ལོ་རྒྱུས་ཐོག་ཆེས་བརྗེད་པར་དཀའ་བའི་སྣུམ་ཚོན་རི་མོ་སྣ་ཚོགས་བྲིས། རི་མོ་དེ་དག་ལས་ཁོང་གིས་འཛམ་གླིང་ལ་འཛིན་པའི་ལྟ་སྟངས་མཚོན་པར་བྱས་པར་མ་ཟད། ཁོང་གི་སེམས་ནང་གི་འཇིག་རྟེན་ཡང་མཚོན་པར་བྱས་ཡོད་པ་རེད།

ཁོང་གིས་མི་ཡུལ་དུ་སྒྱུ་རྩལ་བརྩམས་ཆོས་མི་འདྲ་བ་ཉིས་སྟོང་ལྷག་བཞག་ཅིང་། དེའི་ནང་སྣུམ་ཚོན་རི་མོ་༩༠༠དང་། སྐྱ་བྲིས་རི་མོ་༡༡༠༠ཡོད་པར་བཤད། ཨམ་སི་ཊར་ཌམ་གྱི་བང གྷོ་གྷུའི་འགྲེམས་སྟོན་ཁང(Le musée van Gogh d’Amsterdam )དུ་ཁོང་གི་སྣུམ་ཚོན་རི་མོ་༢༢༠དང་སྐྱ་བྲིས་རི་མོ་༥༠༠ འཕྲིན་ཡིག་༨༠༠ཡོད་པ་དང་། ནེ་རྡར་ལན་ཌིའི་གྲོང་ཁྱེར་ཨོ་ཊར་ལོའི་ཁཱེར་ལ མིར་ལཱ་འགྲེམས་སྟོན་ཁང་དུ་སྣུམ་ཚོན་རི་མོ་༩༡དང་། སྐྱ་བྲིས་རི་མོ་༡༨༠ཡོད་པར་བཤད།

བང་གྷོ་གྷུའི་སྒྱུ་རྩལ་བརྩམས་ཆོས།

གཞན་ཡང་ཨ་རི་དང་། ཨིན་ཡུལ། ཧྥ་རན་སིའི་འགྲེམས་སྟོན་ཁང་སོགས་གཙོས་པའི་གང་ཟག་སྒེར་པའི་ལག་ཏུའང་ཁོང་གི་བརྩམས་ཆོས་སྣ་ཚོགས་ཤིག་ཡོད་པ་རེད། ཁོང་གི་བརྩམས་ཆོས་དག་ནི་རང་བཞིན་ལྟོས་གྲུབ་རིང་ལུགས(Naturalisme)དང་། མཐོང་སྣང་རིང་ལུགས། ཚེག་གོར་རིང་ལུགས། མཉམ་སྡེབ་རིང་ལུགས(Synthétisme) གཅན་གཟན་རིང་ལུགས(fauvisme) མྱོང་ཚོར་རིང་ལུགས (Expressionnisme)སོགས་ཀྱི་འབྲི་སྟངས་སྤྱད་དེ་བྲིས་ཡོད། འདིར་དཔེ་མཚོན་ཙམ་ཞུས་ན། ཁོང་གི་ལྟོས་གྲུབ་རིང་ལུགས་ཀྱི་རི་མོ་ནི་ཞོག་ཁོག་ཟ་མཁན་གྱི་རི་མོ་ལྟ་བུ་ཡིན་པར་བཤད་ཅིང། མཐོང་སྣང་རིང་ལུགས་ཀྱི་རི་མོ་ནི་ལང་གྷུ་ལོའི་ཟམ་པ་དང་གོས་འཁྲུ་བུ་མོ། ཚེག་གོར་རིང་ལུགས་ཀྱི་རི་མོ་ནི་ཉི་མ་ནུབ་ཁའི་སོན་འདེབས་མཁན(Le Semeur au soleil couchant) མཉམ་སྡེབ་རིང་ལུགས་ཀྱི་རི་མོ་ནི་བྷུ་ཝོ་ཊོན་གྱི་བུད་མེད་དང་བྱིས་པ(Femmes bretonnes et enfants) གཅན་གཟན་རིང་ལུགས་ཀྱི་རི་མོ་ནི་མཚན་མོའི་འཚིག་ཇ་ཁང།(Le Café de nuit) མྱོང་ཚོར་རིང་ལུགས་ཀྱི་རི་མོ་ནི་སྐར་ཚོགས་བཀྲ་བའི་མཚན་མོ་ལྟ་བུར་ངོས་འཛིན་བྱེད་དོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2559