ངེད་ཚང་གི་ལྷས་དཀྱིལ་དུ་ཡུལ་སིལ་གྱི་སྡོང་བོ་ཆེན་པོ་ཞིག་ཡོད། སིལ་སྡོང་དེ་ནི་ཕ་མ་གཉིས་ཀྱིས་དུས་ནམ་ཞིག་ལ་བཙུགས་པའི་ལོ་རྒྱུས་ང་ལ་བཤད་རྒྱུ་མེད་ཀྱང་། ད་ལྟ་སིལ་སྡོང་གི་རྩ་བ་ཟུག་ཅིང་རྩེ་མོ་རྒྱས་ཡོད།
ཡུལ་སིལ་གྱི་སྡོང་བོ་དེ་ཡང་ལི་སྡོང་དང་ཀུ་ཤུའི་སྡོང་བོ་སོགས་དང་འདྲ་བར་དཔྱིད་ཀྱི་དུས་ལ་མེ་ཏོག་བཞད་ཅིང་། མེ་ཏོག་ཡལ་རྗེས་སིལ་ཏོག་ཐོགས་པ་ཡིན། ཐོགས་མ་ཐག་པའི་སིལ་ཏོག་ཧ་ཅང་ཆུང་པས་ཟ་རིན་མེད་ལ། ཟོས་ཚེ་ཆུ་ཐུམ་ཙམ་ལས་བྲོ་བ་གན་དང་འདི་ཞེས་གླེང་རྒྱུ་མེད།
ཁ་བཙོག་ལ“སིལ་སྐྱ་རྡོ་ཟོས་ན་སོ་བརྩེ”ཞེས་པའི་སིལ་སྐྱ་རྡོ་ནི་མ་སྨིན་པའི་སིལ་ཏོག་ལ་ཟེར་བ་ཡིན་མོད། འོན་ཀྱང་འདིའི་སྐབས་ཀྱི་སིལ་སྐྱ་རྡོ་ནི་ཐོགས་མ་ཐག་པའི་སིལ་ཏོག་དེ་ལ་གོ་བ་མ་ཡིན་པར། དབྱར་ཟླ་བཞི་བ་དང་ལྔ་བའི་ནང་གི་སིལ་ཏོག་སྟེ། ཡལ་གའི་ཕག་དང་ལོ་མའི་གསེང་ན་མདུད་ལོག་སྟོང་ལོག་བྱས་ནས་ཐོགས་པའི་སིལ་ཏོག་སྐྱ་རུག་སྔོ་རུག་དེ་ལ་གོ་ན་འོས་ཤིང་འཚམ།
སིལ་སྐྱ་རྡོའི་རོ་ནི་ཧ་ཅང་སྐྱུར་ཤས་ཆེ་བ་ཞིག་ཡིན་པས། ཟོས་པ་ཙམ་གྱིས་ཁ་ལ་སྐྱུར་འཁྱིལ་ཞིང་གདོང་ལ་གཉེར་འབབ་པ་ཞིག་ཡིན་རུང་། མི་ལ་ལ་ཟ་རྒྱུར་ཧ་ཅང་དགའ། དཔེར་ན་ངའི་ནུ་བོ་ལྟ་བུ་སྟེ། ཞོགས་པའི་དཔེ་ཀློག་ཁྲོད་དུའང་ཟ་བ་ཡིན། ཨ་མས“སིལ་སྐྱ་རྡོ་མང་པོ་བཟའ་མི་རུང་། ཟོས་ནས་ཁོག་པ་ན་ཚེ། ཁྱི་རྟུག་བསྒྲུངས་ནས་འཐུང་དགོས”ཞེས་སྐྲག་ཕུད་ཀྱང་མི་ཉན་པར་ཉིན་འཆའ་དགོང་འཆའ་བྱེད་ངེས་རེད། རྒྱུན་དུ་ནུ་བོས་ཟ་བ་མཐོང་ཚེ། ང་ལ་བཟའ་འདོད་ཀྱི་འདུན་པ་ཤུགས་དྲག་ཅིག་སྐྱེས་མོད། འོན་ཀྱང་ང་ལ་བཟའ་བའི་སྤོབས་པ་ཡེ་ནས་མེད། རྒྱུ་མཚན་ནི་ངའི་སོའི་རྒྱུ་དག་ཞན་པས་སིལ་ལ་སོ་བཏབ་པ་ཙམ་གྱིས་རྙིལ་གཏིང་དུ་གཟེར་ཟུག་པ་དང་། སོ་བརྩེ་ནས་གོ་རེ་དང་ཐུག་པ། ཐ་ན་ཉོག་ཀྱང་ལྡོད་མི་ཐུབ་པའི་ཚད་དུ་ལྷུང་ངེས་ཡིན།
ང་ཚོའི་ལུང་བ་འདིར། ཡུལ་སིལ་ལ་སྨིན་པའི་དུས་ཚོད་ཀྱི་སྔ་རྗེས་ཀྱི་སྟེང་ནས་གྲོ་དང་མཉམ་པར་སྨིན་པའི་གྲོ་སིལ་དང་། ནས་དང་མཉམ་པར་སྨིན་པའི་ནས་སིལ་ཞེས་རིགས་སུ་དགར་བ་ཡོད་ཅིང་། ངེད་ཚང་གི་སིལ་འདི་ནི་གྲོ་སིལ་ཡིན་པས། གྲོ་མ་ཚོས་སྔོན་ལ་སྨིན་མི་སྲིད། རྒྱུན་དུ་སྟོན་ལས་མེ་འབར་འབར་དང་ཆུ་འཁོལ་འཁོལ་ནང་ལ། ད་གཟོད་སྨིན་ཐག་ཆོད་ཡིན།
སིལ་ཏོག་སྨིན་པའི་དུས་ལ་ཐོག་མར་ཉི་འོད་ཕོག་ཕྱོགས་དང་། ཡལ་གའི་རྩེ་མོ་ནས་མགོ་བརྩམས་ཏེ་རིམ་གྱིས་སྨིན་པར་འགྱུར་ཅིང་། མདོག་ཀྱང་ལྗང་ཁུ་ནས་སེར་ཙམ་དང་། སེར་ཙམ་ནས་སེར་ལ་དམར་མདངས་རྒྱས་པ་ཞིག་ཏུ་འགྱུར་བ་ཡིན། སྨིན་ལ་ཉེ་བའི་སིལ་ཏོག་གི་རོ་ལ་སྐྱུར་འདྲེས་ན་ཡང་སྨིན་ཐག་ཆོད་རྗེས་སྐྱུར་ཡལ་ནས་མངར་བ་མངར་རྐྱང་དུ་འགྱུར་འགྲོ་བ་ཡིན།
ལོ་རེའི་སྟོན་ལས་ནང་ལ། ཡུལ་མི་ཚོས་ལས་མཚམས་བཞག་སྟེ་ཡུལ་ལ་ལོག་རྗེས། སིལ་སྡོང་གི་གྲིབ་བསིལ་འོག་ཏུ་འདུས་ནས་ལབ་ཕྱུང་བའི་སྐབས་ཡོད་ལ། སྐབས་དེ་དག་ཏུ་སིལ་སྡོང་གི་ཡལ་གར་ལག་པས་གཡོ་སྒུལ་རེ་བཏང་ཚེ། སེར་ལ་དམར་མདངས་རྒྱས་པའི་སིལ་ཏོག་གི་སེར་བ་འབབ་པར་བྱེད་ཅིང་། སེར་བ་འདྲ་བའི་སིལ་རྡོག་རེ་རེ་ལག་པས་བཏུས་ནས་ལྭ་འདབ་ཀྱིས་ཕྱིས་ཏེ་ཁ་རུ་བཅུག་ཚེ། ལྟོགས་སྐོམ་དང་ངལ་དུབ་རྨང་ནས་སེལ་འགྲོ་བ་ཡིན།
སིལ་ཏོག་ཟོས་རྗེས་ཤུལ་དུ་ལྷག་པ་ནི་ཚི་གུ་ཡིན། ཚི་གུ་ལ་བལྡད་ན་དུག་དྲི་བྲོ་བ་དང་འོ་དྲི་བྲོ་འཐིལ་བའི་ཚི་གུ་རིགས་གཉིས་ཡོད་པ་ལས། དུག་དྲི་བྲོ་བའི་ཚི་གུ་ལ་ང་ཚོའི་ལུང་སྐད་དུ་དུག་ཚི་དང་། འོ་དྲི་བྲོ་བའི་ཚི་གུ་ལ་གཅོག་ཚི་ཞེས་འབོད། དེང་སྐབས་ཚོང་ར་ན་གཅོག་ཚིས་བཟོས་པའི་སྐོམ་ཆུ་དང་། ཞོར་ཟས་སོགས་མཐོང་རྒྱུ་ཡོད་ཀྱང་། ང་ཚོས་གཅོག་ཚི་བཅག་སྟེ་ཁ་ཟས་དང་། དུག་ཚི་བལྡད་ནས་ངོ་འཕུར་གྱི་ཚབ་བྱས་ཏེ་འབུ་སྦྲང་གི་གནོད་འགོག་ཙམ་ལས་བཀོལ་སྤྱོད་ཀྱི་རིན་ཐང་གཞན་ཤེས་ཀྱིན་མེད།
ངེད་ཚང་གི་ཡུལ་སིལ་འདིའི་ཚི་གུ་ནི་གཅོག་ཚིའི་རིགས་སུ་གཏོགས་པས། ཨ་མས་སྟོན་ཁར་ཟོས་པའི་སིལ་ཏོག་གི་ཚི་གུ་ཁང་ཀླད་དུ་ཉི་མར་བསྐམས་ནས་གསོག་ཉར་བྱེད་པ་ཡིན་ལ། ཕྱིས་སུ་དེ་དག་གི་ནང་སྙིང་བསྡུས་ཏེ་བྱིས་པ་རྣམས་ལ་ཞོར་ཟས་སུ་སྤྲོད་པ་དང་། བྱིས་པ་རྣམས་ཀྱིས་ཀྱང་བྱིའུས་ཨ་མའི་རྒུམ་བུར་སྒུག་པ་བཞིན་ཨ་མའི་གནང་བའི་ཞོར་ཟས་ལ་རེ་ཞིང་སྒུག རང་ལོ་རྒས་ཀྱིན་རྒས་ཀྱིན་ཨ་མའི་གནང་པའི་ཚི་གུ་ཞིམ་མངར་ལྡན་པ་དེ་འགྲན་སོའི་འཕྲུལ་འཁོར་གྱིས་འཐག་ནས་ཕོ་བའི་ལོངས་སྤྱོད་དུ་འདྲེན་ཐེངས་རེ་རེར། སྐྲ་དཀར་ཚོམ་བུ་འཐོར་བའི་མ་རྒན་བགྲེས་མོ་ཞིག་གིས་སིལ་སྡོང་གི་གྲིབ་བསིལ་འོག་ནས། ཚི་གུ་རྡོ་ལ་གཅིར་བའི་ངང་ཚུལ་དེ་དྲན་ཡོང་གིན་ཡོད།
སྤྱིར་སིལ་ཏོག་གི་དགྲ་ནི་བད་ཡིན་ཀྱང་། ན་ནིང་ད་ལོར་བད་ལས་ལྷག་པའི་དགྲ་ནི་འབུ་ཡིན། འབུ་དཀར་པོ་ཞིག་གིས་ཕྱི་གཡོགས་ནང་གཡོགས་བྱས་ཏེ་སིལ་སྡོང་གི་ཁ་དོག་ཀྱང་བསྒྱུར་ཉེན་ཡོད། ཚང་མས་བཤད་ན། དཔྱིད་དང་དབྱར་གྱི་དུས་སུ་སིལ་སྡོང་ལ་སྨན་བརྒྱབ་ཚེ་འབུའི་གནོད་པ་སེལ་བར་སྨྲ་ཡང་། “དབྱར་ཟས་ཤིག་གི་ཆེད་དུ་འབུ་འདི་འདྲ་མང་བོ་བསད་ཚེ། རྗེས་ནས་ང་ཚོ་ཕྱི་མར་ཇི་ལྟར་འགྲོའམ། འབུ་བསད་ནས་སྡིག་པ་གསོག་པ་ལས། སིལ་མ་ཟོས་བསྲན་ན་མི་དགའ་འམ”ཞེས་པའི་ཕ་མའི་དྲི་བ་ཐུང་ཐུང་། གནས་ལུགས་ཆེ་ཆེ་ཅན་དེས་ང་ཚོར་སིལ་ཏོག་ཟ་བའི་ཁ་བསོད་མེད་པར་བཏང་ཐོག ཆར་བ་འབབ་ཐེངས་རེ་དང་། རླུང་བུ་ལྡང་ཐེངས་རེ་ལ། སྡོང་འོག་གི་འབུ་ཚོགས་བསྡུས་ནས་ཚོད་རར་སྐྱེལ་བའི་ལས་ཀ་ལྷག་མ་ཞིག་གི་སྣ་ཡང་དྲངས་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2555
དཔྱད་མཆན་སྤེལ།