བོད་ཀྱི་བཟའ་བཏུང་ཤེས་རིག་ལ་མཚོན་ན་ལོ་རྒྱུས་དང་རིག་གཞུང་གཡོས་སྤྱོར་ལག་རྩལ་གསུམ་ཡོད་པའི་དང་པོ་ལོ་རྒྱུས་ལ། ཡིག་ཐོག་ལ་འཁོད་པའི་ལོ་རྒྱུས་དང་། ངག་ཐོག་ནས་བརྒྱུད་པའི་ལོ་རྒྱུས། དམངས་ཁྲོད་དུ་ལག་ལེན་གྱི་མྱོང་བའི་ལོ་རྒྱུས། གནའ་རྫས་བརྟག་དཔྱད་དང་སྣོད་ཆས་ཀྱི་ལམ་ནས་རྙེད་པའི་ལོ་རྒྱུས་བཞི་པོ་རིམ་གྱིས་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན།

དེ་ཡང་སྤྱིར་བོད་མིའི་འབྱུང་ཁུངས་ལ་རྩ་བའི་ཆ་ནས་ཁྱིམ་མཚེས་ཀྱི་མི་རིགས་གཞན་པའི་བཤད་ཚུལ་དང་བོད་མིའི་རང་ས་ནས་བཤད་ཚུལ་གཉིས་ཡོད་ལ། རང་ས་ནས་ཀྱང་བཤད་ཚུལ་གཉིས་ཡོད་པའི་ཡ་གྱལ་བོན་གྱི་ལྷ་སྒྲུང་ལྟར་ན་སྲིད་པ་སྒོང་ང་ལས་གྲོལ་ཏེ། རིམ་གྱིས་སྲིད་པ་སང་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ་གཉིས་ལས་མི་རྒྱུད་འཕེལ་ཚུལ་དང་། གཉིས་པ་གནའ་བོའི་དམངས་ཁྲོད་ངག་རྒྱུན་ལྟར་ན་སྤྲ་སྤྲེའུ་ལས་རིམ་གྱིས་མཐོ་རིམ་མིའི་སྲོག་ཆགས་སུ་འགྱུར་བ་བྱུང་བའི་ཤོད་སྲོལ་ཡོད་པ་ལས་དང་པོ་ལྟར་ན།མདོ་དྲི་མེད་གཟི་བརྗིད་པོད་དྲུག་པ་ལས། ལུག་ལྷ་བ་བལ་ཆེན་བཞོས་པ་ལས། འོ་མའི་སྙིང་པོ་མར་དུ་བྱུང་། སྔོན་མོ་ནས་ཀྱི་ཕྱེ་མ་དང་། སྙིང་པོ་མར་གྱི་བཅུད་བསྡེབ་པས། ཕྱེ་མ་འོལ་ཀོན་གསོས་སུ་བྱུང་། ཞེས་དང་། ཡང་སྔོན་མོ་ནས་ཀྱི་ཉིང་ཁུ་ལ། །རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒ་ཕུད་ཀྱི་མཆོད་པ་བྱུང་། ། ཞེས་འབྱུང་བ་ལྟར་འབྲོག་པའི་ལུག་མར་དང་ཞིང་པའི་ནས་སྔོན་གྱི་རྩམ་པ་བསྲེས་པའི་ཕྱེ་མར་གྱི་བཟའ་བ་དང་། འབྲུ་སྔོན་བསྙལ་པའི་ནས་ཆང་དང་ལུག་གི་འོ་མའི་གཏུང་བ་གཉིས། ཐོག་མར་སྲིད་པ་ཆགས་པའི་དུས་ནས་སྲིད་པ་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་སྒོ་ཟོག་ལུག་དང་ནས་སྔོན་ཆང་དང་བཅས་པ་བྱུང་བའི་ལོ་རྒྱུས་ཀྱི་སྒྲུང་རིང་མོ་ཞིག་བཀོད་ཡོད། མདོ་དྲི་མེད་གཟི་བརྗིད་དུས་རབས་བཅུ་བཞི་པའི་ནང་དུ་བྲིས་པ་ཞིག་ཡིན་ནའང་ཤོད་སྲོལ་འདི་ནི་གནའ་བོའི་དུས་ནས་རིམ་གྱིས་དམངས་ཁྲོད་ངག་རྒྱུན་ལས་བྱུང་བ་ཞིག་ཡིན་པ་གོར་མ་ཆག །འདི་ནི་བོད་མིའི་ཞིང་འབྲོག་གི་རྒྱུ་ཆ་གཡོས་སྦྱོར་ལས་བྱུང་བའི་བཟའ་བཏུང་གི་ཐོག་མ་དེ་ཡིན་པའང་གསལ་ཡོད། དེ་བཞིན་ད་ལྟའི་བར་དུ་བོད་མི་རྣམས་ཀྱི་ལོ་གསར་དང་འདུ་འཛོམས་སོགས་ཀྱི་དུས་སུ་རྗེས་དྲན་གྱི་སྒོ་ནས། བཀྲ་ཤིས་རྟེན་འབྲེལ་གྱི་ཞིམ་ཟས་མེད་ཐབས་མེད་པ་ཞིག་ཏུ་བརྩིས་ནས། ཕྱེ་མར་གྱི་བཟའ་བ་དང་ནས་སྔོན་མོའི་ཆང་གི་བཏུང་བ་བཤམས་མཆོད་བྱས་ཏེ། གཅིག་ནས་མེས་པོ་གོང་མའི་བཀའ་དྲིན་དྲན་པ་དང་གཉིས་ནས་ཕྱི་རབས་བུ་ཚ་རྒྱུད་པ་དང་བཅས་པར་བཀྲ་ཤིས་པའི་སྨོན་འདུན་གྱི་ལམ་སྲོལ་ཞིག་ཏུ་ཆགས་པ་ནི་ངག་གི་སྨོན་ཚིག་དག་ལས་ཤེས་ནུས།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཁྲི་ལ་བཀོད་པའི་གཏམ་བརྒྱུད་ཏུན་ཧོང་ཡིག་རྙིང་ལས། ཕྱ་ཡིས་ཕོ་ཉ་དམུ་ཡུལ་དུ་བཏང་བའི་ཚེ་དམུ་རྗེས་ཕྱ་ཡི་ཕོ་ཉར་དྲི་བའི་ནང་། མཐུད་གོང་གོང་མོ་ཙམ་མཆིས་སམ་མ་མཆིས། མར་གྱི་སྲེག་ཤ་སྲེག་པ་ཙམ་མཆིས་སམ་མ་མཆིས། གདར་བྲེ་ཁ་ཙམ་མཆིས་སམ་མ་མཆིས། ཅེས་དྲི་བ་ལྟར་ན་མཐུད་ནི་ཐུད་དེ་ཕྱུར་ཐུད་རྩམ་ཐུད་གང་ཡིན་རུང་རྒྱུ་ཆ་དང་ལག་རྩལ་གྱི་གོ་རིམ་ངེས་ཅན་ཞིག་བརྒྱུད་དེ་བྱུང་པའི་བཟའ་བ་ཞིག་ཡིན། དེ་མཚུངས་སུ་མར་གྱིས་བསྲེག་པའི་ཤ་ནི་རྒྱུ་ཆ་དང་། བྲོ་རྫས། སྲེག་སྣོད། ལག་རྩལ་སོགས་གཡོས་སྤྱོར་ལག་རྩལ་གྱི་གོ་རིམ་ཚད་ལྡན་ཞིག་བརྒྱུད་དགོས་པ་དང་། གདར་ནི་འོ་མའི་སྤྲི་སྟེ་དེ་ནི་གནའ་ནས་ད་ལྟའི་བར་དུ་བོད་ཟས་གཡོས་སྦྱོར་གྱི་རྒྱུ་ཆ་གལ་ཆེན་ཞིག་སྟེ། ལྷག་པར་དུ་གོར་ར་སྟེ་གྲོ་ཕྱེ་དང་ལྷན་དུ་སྡེབ་སྦྱོར་བྱས་ཏེ་བྲོ་ལྡན་གྱི་ཟ་མ་བཟོ་བྱེད་མེད་ཐབས་མེད་པ་ཞིག་ཡིན་པས། ཞིང་འབྲོག་གི་རྒྱུ་ཆ་ཟུང་དུ་བསྡེབས་པའི་གཡོས་སྦྱོར་གྱི་ལག་རྩལ་མཚོན་ཡོད། འདིའི་སྐོར་ལ་དཔེ་མཚོན་དང་སྒྲུང་གཏམ་ངོ་མཚར་ཅན་མང་རུང་ཡི་གེར་འཇིགས་པས་དེ་ཙམ་མོ། །

སྤྱི་ལོའི་དུས་རབས་གསུམ་པའི་ནང་རྒྱ་གར་གྱི་སྨན་པ་བི་ཇི་དགའ་བྱེད་དང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་མཚོ་གཉིས་ཀྱི་སྲས། སྨན་པ་དུང་གི་ཐོར་ཅོག་ཅན་གྱིས་འཚོ་བ་ཟས་ཀྱི་མདོ་དང་། སྦྱོར་བ་སྨན་གྱི་མདོ་གཉིས་བརྩམས་པར་བཤད་པ་ལྟར་ན་སྐབས་དེ་དུས་སུ་ཟས་སྨན་སྐོར་ལ་དོ་སྣང་ཆེ་བ་མ་ཟད་འཚོ་བ་ཟས་ཀྱི་མདོ་ཡོད་ཚུལ་གསལ་བ་ལྟར་ན་དེ་དུས་བཟའ་བཏུང་གཡོས་སྦྱོར་གྱི་རིག་གཞུང་ཚད་ལྡན་ཞིག་ཡོད་པ་གསལ་ཡོད།

རྒྱའི་ཐང་ཡིག་ཏུ་བོད་ཀྱི་ལོ་རྒྱུས་བྲིས་པ་དེབ་དཀར་དུ་ལུང་དྲངས་པ་ལས། བོད་མི་རྣམས་ཚེ་རིང་ཞིང་འགའ་རེ་ལོ་བརྒྱ་ལོན་པ་ཡང་ཡོད། བོད་མི་རྣམས་པགས་པའི་གོས་གྱོན་ཞིང་། བུད་མེད་རྣམས་ཀྱི་གདོང་ལ་ཚོན་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད། ཅེས་དང་། དེར་མཆན་བཏབ་པ་ལས། (ད་ལྟ་ཡང་གཞུང་གི་མཛད་ཆེན་ཁག་ལ་གདན་ཤ་ཞེས་གོས་གདན་གྱི་སྟེང་ལ་གསོལ་ཚིགས་འབུལ་སྲོལ་ཡོད་འདུག་ཅེས་གསལ་བ་དང་།) ཡང་དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་པ་སྐམ་སྟེ། ནང་དུ་འོ་མ་སོགས་བཏུང་ཞིང་། མཐར་ཀ་ཡོལ་དེ་ཡང་ཟ། ཆང་འཁྱོར་བའི་ནང་དུ་བླུགས་ནས་བཏུང་ཞེས་པ་སོགས་བོད་ཀྱི་བཟའ་བཏུང་གོམས་སྲོལ་ངོ་སྤྲོད་བྱས་ཡོད། དེའི་མཆན་དུ་(གོ་ར་ཞེས་པ་བག་ལེབ་ཕོར་པའི་དབྱིབས་ཅན་ཆབ་ཞུགས་སོགས་ཀྱི་མཛད་སྒོའི་རིགས་ལ་གོང་ས་མཆོག་གི་གསོལ་ཐབ་ནས་སྩོལ་མུས། )ཅེས་མཆན་གཏབ་ཡོད། དེ་ལྟར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཐང་ཡིག་ཏུ་བཤད་པ་དེ་ནི་སྤུ་རྒྱལ་བཙན་པོ་གང་གི་སྐུ་དུས་ཡིན་ཁ་གསལ་མ་བཤད་རུང་སྲོང་བཙན་སྒམ་པོའི་གོང་དུ་ཡིན་པ་ནི་བཤད་མ་དགོས་པ་རེད།

ཡང་བཀའ་ཆེམས་ཀ་ཁོལ་མ་ལྕགས་པར་མའི་ལྡེབ་༡༧༥ལས། ཤར་ཕྱོགས་ཐང་རྒྱལ་རབས་ཀྱི་སྲས་མོ་ཝུན་ཁྲེང་ཀོང་ཅོ་བོད་དུ་བསུས་སྐབས། ཟས་ཀྱི་གཡོས་སྤྱོར་སུམ་བརྒྱ་དྲུག་ཅུ་དང་། བཏུང་བ་སྐོམ་གྱི་སྦྱར་ཐབས་མང་པོ་ཀོང་ཅོའི་སྐྱེས་སུ་བརྫངས་བར་བཤད་པ་ལྟར་ན། རྒྱ་ལུགས་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་ཀྱང་བོད་དུ་ཅི་རིགས་ཤིག་དར་བར་བཤད་ནའང་། བཟོ་ཐབས་ལག་རྩལ་གྱི་ངོས་ནས་དཔྱད་ན་རྒྱ་ལུགས་བཟོ་ཐབས་ལག་རྩལ་ནི་བརྔོ་བ་གཙོ་བོ་ཡིན་ཞིང་། བོད་ཀྱི་གཡོས་སྦྱོར་ལག་ཐབས་གཙོ་བོ་ནི་བསྐོལ་བ་དང་བཙོ་བ་གཉིས་ཡིན་པ་ལྟར་ན། ཤར་ཕྱོགས་ཐང་ནས་མདོ་དབུས་མཐོ་སྒང་གི་ས་ཆར་འཕྲོད་པའི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་ག་ཚོད་བྱུང་བ་གསལ་པོ་མི་ཤེས།

རྒྱལ་པོ་བཀའ་ཐང་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། དམ་པ་ཆོས་ཀྱི་བཀའ་སྲོལ་ཕྱེ་ནས་ནི། །སྐུའི་བཀོད་པ་སྤྲུལ་པ་ལྔ་སྟོང་སྤྲུལ། །ཟས་རིགས་མི་གཅིག་སུམ་བརྒྱའི་སྤྱན་གཟིགས་རོལ། །ཞེས་ཟས་རིགས་སུམ་བརྒྱ་ཙམ་གྱི་གཡོས་སྦྱོར་བྱེད་སྲོལ་ཡོད་པར་བཤད།

རྒྱལ་པོ་བཀའ་ཐང་ལས། བསམ་ཡས་རབ་གནས་ཀྱི་གསོལ་སྟོན་སྐབས་སུ། གཡག་རྒོད་ཤ་རློན་བཙོས་དང་བསྲེགས་ཡིབ་དང་། མར་བཀོལ་ཕྲུམ་དང་ཞོ་མར་ཐུད་དང་ནི། སྤྱན་གཟིགས་ལོང་སྤྱོད་ཕུན་སུམ་ཚོགས་པ་དང་། སྤོས་དཀར་སྨན་གྱི་དུད་པས་ལུང་པ་ཁེངས། བུ་རམ་སྦྲང་རྩི་བཙོས་དང་རྗེན་པ་དང་། །འབྲས་ཆང་དྭངས་མ་རྟ་ཆང་རྒུན་ཆང་དང་། །ནས་ཆང་གོ་ལ་རྒྱ་ནག་ཞལ་བསིལ་དང་། །བཏུང་བའི་ཚོགས་དང་ཞལ་ཟས་གང་དགྱེས་རོལ། ཞེས་གསལ་བ་ལྟར་གཡག་རྒོད་ཤ་རློན་སྟེ་རྗེན་པ་དང་། བཙོས་མ་དང་། བསྲེགས་པ་དང་། ཡིབ་མ་སྟེ་རྙིང་དུ་གཞུག་པ་བཅས་ཤ་ལ་གཡོས་སྦྱོར་གྱི་ཐབས་ཤེས་བཞི་དང་། མར་དང་། བཀོལ་ཕྲུམ་ནི་བསྐོལ་བ་དང་། ཞོ་ནི་བསྙལ་བ་དང་། མར་ཐུད་ནི་སྡེབ་པ་དང་། བུ་རམ་སྦྲང་རྩི་ལ་བཙོས་དང་རྗེན་གཉིས་དང་། འབྲས་ཆང་དྭངས་མ་རྟ་ཆང་རྒུན་ཆང་དང་། ནས་ཆང་གོ་ལ་སོགས་ནི་བསྙལ་བའི་ལག་རྩལ་ལས་བྱུང་བ་བཅས་གཡོས་སྦྱོར་ལག་རྩལ་དྲུག་ཙམ་གྱིས་བཟོས་པའི་བཟའ་བཏུང་གསལ་ཡོད། རྒྱ་ནག་ཞལ་བསིལ་གང་ཡིན་གསལ་ཁ་མ་ཤེས་རུང་བཏུང་བ་ཞིག་རྒྱ་ཡུལ་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་པ་ནི་ཕལ་ཆེར་ཇ་མིན་ནམ་སྙམ།

ཡང་རྒྱལ་པོ་བཀའ་ཐང་ལས། པེ་དཀར་དཀོར་མཛོད་གླིང་གི་མཛོད་ཁང་ནང་དུ་ནོར་སྣ་མང་པོ་ཡོད་པའི་གྲལ་དུ་བཟའ་བཏུང་རྒྱུ་ཆའི་སྐོར་ལ། སྦྲང་དང་བུ་རམ་མངར་བའི་དོས་རྣམས་དང་། །ཤ་མར་ཐུམ་བག་སྣ་ཚོགས་ཟས་ཀྱི་མཛེས། །ལུག་ཚིལ་ར་ཚིལ་རྟ་མར་གཡག་ཚིལ་མཛེས། །གཡག་རྒོད་རྟ་ལུག་ཤ་གསུམ་གསར་རྙིང་མཛེས། །འབྲས་ཆང་ནས་ཆང་གོ་ལ་ཞོ་དཀར་མཛེས། །ཞེས་གསལ་བ་ལྟར་ན་ད་ལྟའི་ཆར་བོད་ཡུལ་དུ་ཟ་སྲོལ་མེད་པའི་རྟ་མར་དང་རྟ་ཤ་ཡང་ཟ་སྲོལ་ཡོད་པར་གསལ་ཡོད།

ཡང་རྒྱལ་པོ་བཀའ་ཐང་ལས། རྒྱལ་པོ་ཡབ་སྲས་བློན་ཆེན་རྣམས། །ཞལ་བསིལ་བཏུང་བའི་གསོལ་སྐྱེམས་ལ། །མོན་ཡུལ་འབྲས་ཆང་སིང་མ་དང་། །ཚ་བ་ཡུལ་གྱི་རྒུན་ཆང་དང་། །གཉའ་ནམ་མང་ཡུལ་གོ་ལེའི་སྐྱེམས། །མདོ་ཁམས་སྟོད་ཀྱི་ཞལ་བསིལ་རྣམས། །རྐང་མགྱོགས་ཁོར་ཡུག་ལག་བརྒྱུད་བསྐོས། །ཞེས་མོན་ཡུལ་འབྲས་ཆང་སིང་མ་དང་། །ཚ་བ་རོང་གི་རྒུན་ཆང་དང་། །གཉའ་ནམ་མང་ཡུལ་གོ་ལེའི་སྐྱེམས་དང་། །མདོ་ཁམས་སྟོད་ཀྱི་ཞལ་བསིལ་འབྲིའི་འོ་ཞོ་སོགས་རྐང་མགྱོགས་ཀྱིས་ལག་བརྒྱུད་བྱས་པ་བརྒྱུད། བོད་བཙན་པོའི་ཕོ་བྲང་དུ་ལོངས་སྤྱོད་ཀྱིན་ཡོད་པ་བཤད་ཡོད།

༡༠

བོད་སིལ་བུའི་སྐབས་སྤྱི་ལོ་༡༢༠༨ལ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་འཇམ་དབྱངས་མགོན་པོའི་བུར་ཇ་བཟོ་སྲོལ་གཙོ་བོར་གྱུར་པའི་བོད་ཀྱི་བཟའ་བཏུང་བཟོ་ཚུལ་གྱི་རྩོམ་ཡིག་བརྒྱ་དང་ཉི་ཤུ་བརྩམས་པར་གསལ་བ་ལྟར་ན། མཐོ་སྒང་བོད་ཀྱི་དམིགས་བསལ་བཟའ་བཏུང་གཡོས་སྦྱོར་གྱི་ལག་རྩལ་མ་ལག་རང་བཞིན་ལྡན་པར་འཕེལ་རྒྱས་བཏང་ཡོད་ཚོད་ཀྱང་། བློ་ཕམ་པ་ཞིག་ལ་གཡོས་སྦྱོར་ལག་རྩལ་གྱི་ཡིག་ཆ་དེ་ཚོ་ད་ལྟ་ཆ་ཚང་ཞིག་མཇལ་མ་ཐུབ་པས་ཞིབ་ཕྲ་གསལ་བཤད་མ་ཤེས།

ངག་ཐོག་ནས་བརྒྱུད་པའི་ལོ་རྒྱུས།

དམངས་སྲོལ་ངག་རྒྱུན་ལ། མར་དཀར་ཁྲུམ་དཀར་ཕྱུ་དཀར་གསུམ། རྒྱ་ཤིང་ཁང་ཅན་ལ་མི་འཕྲོད་ཅིང་། བོད་སྦྲ་གུར་ཅན་ལ་ཆེས་མཛའ་བ། སྒང་པ་བོད་ཀྱི་འཚོ་རྟེན་ཡིན། ཅེས་མར་དང་ཁྲུམ་དང་ཕྱུ་ར་གསུམ་ལ་གཡོས་སྦྱོར་བྱས་པའི་བཟའ་བ་གསུམ་གྱི་བཤད་པ་ཞིག་ཡིན།

ཡང་འབྲོག་པའི་ཁ་ཞེང་ཆེ་ཆུང་མར་ཕུད་ལ་བརྟགས་ཚུལ་དམངས་སྲོལ་ངག་རྒྱུན། རི་སྟོད་ནས་ཤེད་ལེ་འབྲི་ཡི་མར་ཕུད། རི་སྐེད་ནས་གཡང་མོ་ལུག་གི་མར་ཕུད། རི་སྨད་ནས་ཚེ་ཚེ་རའི་མར་ཕུད། རི་གཤམ་ནས་ཁྱུང་དཀར་མཛོ་མོའི་མར་ཕུད། རི་འདབས་ནས་འདོད་འཇོ་བ་མོའི་མར་ཕུད། མར་ཕུད་ལྔ་ཚང་འབྲོག་སྡེ་ཁ་ཞེང་ཆེ། ཞེས་ཟེར་སྲོལ་ཡོད་པ་མ་ཟད་ནོར་ལྷ་ལ་མར་ཕུད་འབུལ་ས་རྫ་ཤིང་གང་རུང་ལས་གྲུབ་པའི་སྣོད་བར་ཆོད་ཀྱིས་བཅད་པའི་དྲ་མིག་ལྔ་ཅན་ཞིག་ཀྱང་མཐོང་རྒྱུ་ཡོད་པ་སོགས་དམངས་སྲོལ་འཚོ་བའི་སྐོར་གྱི་གཏམ་རྒྱུད་མང་པོ་ཡོད། ཡང་དམངས་ཁྲོད་དུ་ཞིང་སྡེའི་ཁ་ཞེང་ཆེ་ཆུང་ཞིང་ས་ལ་འབྲུ་བརྒྱད་ཚང་མིན་བརྟགས་ཚུལ། དམངས་ཁྲོད་ངག་རྒྱུན་དུ། ཞིང་སྡེའི་ཁ་ཞེང་ཆེ་ཆུང་དེ། ཞིང་ལ་འབྲུ་བརྒྱད་སྨིན་པའི་ཚད། གྲོ་དང་ནས་དང་སྲན་དང་གསུམ། ས་ཁ་སྟོད་རླུང་གི་དྭངས་བཅུད་ཡིན། སོ་བ་སྲེ་ད་ཁྲ་མ་གསུམ། ས་ཁ་སྨད་ས་ཡི་རྩི་བཅུད་ཡིན། ཁྲེ་དང་འབྲས་དམར་མོན་འཇག་གསུམ། ཀློང་ཤོད་ཆུ་ཡི་དྭངས་མ་ཡིན། འབྲུ་བརྒྱད་སྨིན་པའི་ཞིང་པ་ནི། མི་རྒྱུད་ཆུ་བོའི་གཞུང་ལས་རིང་། འབྲོག་རུ་བརྒྱའི་ངོ་སོ་བསྟོད་ས་ཡིན། ཞེས་དང་། འབྲུ་དྲུག་སྨིན་པའི་ཞིང་ས་ནི། ཞིང་སྡེ་འབྲིང་པོ་ཞེས་སུ་གྲགས། འབྲུ་གསུམ་སྨིན་པའི་ཞིང་ས་ནི། ཞིང་པའི་མིང་དུ་བགྲང་རུང་ཙམ། ཞེས་པ་སོགས་དང་། ཡང་ནས་ཀྱི་རྒྱལ་བློན་གོ་རིམ་བརྩི་ཚུལ་ལ། སྔོན་མོ་ནས་ཀྱི་རྒྱལ་པོ་དང་། དཀར་མོ་ནས་ཀྱི་བཙུན་མོ། ནག་པོ་ནས་ཀྱི་ནང་བློན། དམར་ར་ནས་ཀྱི་ཕྱི་བློན། སོ་བ་ནས་ཀྱི་གཡོག་པོ། སྲེ་ད་ཡུག་པོ་ནས་ཀྱི་འབངས། ཞེས་པ་སོགས་དང་། ནས་འབྲུའི་གཟུགས་དབྱིབས་ལ་བརྟག་ཚུལ། ནས་མདོག་གི་དབྱེ་བ་ཕན་ནུས་སོགས་དམངས་ཁྲོད་ཀྱི་ངག་རྒྱུན་མང་རུང་ཡིག་ཚོགས་ལ་འཇིགས་ཏེ་དཔེ་མཚོན་ཙམ་མོ།

དམངས་ཁྲོད་དུ་ལག་ལེན་གྱི་མྱོང་བའི་ལོ་རྒྱུས།

ཐང་ཡིག་ལས། དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་པ་སྐམ་པའམ་བསྲེགས་ཏེ་ནང་དུ་འོ་མ་སོགས་བཏུང་ཞིང་མཐར་ཀ་ཡོལ་དེ་ཡང་ཟ་ཞེས་པ་དེ་ནི། གནའ་ནས་ད་ལྟའི་བར་དུ་བོད་ཀྱི་དམངས་ཁྲོད་དུ་རྒྱུན་ལྡན་གྱི་གཡོས་སྦྱོར་ལག་རྩལ་ཞིག་ཡིན། གཞན་ཡང་གཙང་གཉའ་ནང་ཕྱོགས་སུ་ཁྲག་ཁུ་ར་ཞེས་པ་རྡོ་ལེབ་མོའི་ཐོག་འབྲི་གཡག་གི་ཁྲག་དང་ནས་རྗེན་པའི་ཕྱེ་མ་བསྲེས་པ་བག་ལེབ་ཕོར་པའི་དབྱིབས་ཅན་མེ་ལ་བསྲེག་པའི་ཐོག་ཏུ་འོ་མའི་སྤྲི་འམ་ཡང་ན་ཁྲུམ་བླུགས་ནས་ཟ་སྲོལ་ད་ལྟའི་ཆར་ཡང་ཡོད། དེབ་དཀར་ལས་དབུས་ཕྱོགས་སུ་གོང་ས་མཆོག་གི་གསོལ་ཐབ་ནས་བག་ལེབ་ཕོར་པའི་དབྱིབས་ཅན་ཞིག་བཟོ་སྲོལ་ཡོད་པར་གསལ་བ་དང་། ད་ལྟ་ཡང་བླུག་ཀོང་མོ་མོ་ཞེས་པ་གྲོ་ཕྱེ་ཕོར་པའི་དབྱིབས་ཅན་ཞིག་བཟོ་སྲོལ་ཡོད།

སྤོ་ཀོང་ཕྱོགས་སུ་ཟོ་བ་གོར་ར་ཞེས་འབོད་ཅིང་དེང་སང་ཟོ་བ་གྲོ་བཀྲག་ཞེས་མིང་དང་ལག་རྩལ་ལ་འགྱུར་བ་ཕྱིན་ཡོད་རུང་གནའ་བོའི་དམངས་སྲོལ་ལ་མཚོན་ན། རྡོ་གཡའ་ལེབ་དང་རྫ་སླང་། ལྕགས་སླང་སོགས་གང་རུང་གི་ནང་དུ་བག་ལེབ་གོར་གོར་མཐའ་ནས་ར་བ་ཡོད་པ་ཞིག་མེ་བཀྲག་བཏང་བའི་ནང་དུ་ཟོ་བ་དང་མར་ཁུ་དང་། སུ་པན། ཟ་ལྡུམ་སོགས་རང་བྱུང་སྔོ་ཚོད་མཉམ་དུ་བསྐོལ་བ་ཞིག་བླུགས་ཏེ་སྐུ་མགྲོན་གལ་ཆེན་ལ་སྣེ་ལེན་བྱེད་སྲོལ་ཡོད་པ་དེ་ནི་ད་ལྟའི་ནུབ་ལུགས་ཀྱི་ཕེས་སག་ཞེས་པ་དེ་དང་འདྲ་བོ་ཞིག་རེད།

ནག་ཆུ་ཧོར་སྦྲ་ཆེན་སོགས་སུ་སྡིག་རྒྱག་ཅེས་རྫ་སྣོད་སོགས་ཀྱི་ནང་དུ་གྲོ་འདམ་ལས་སྡེར་མའི་དབྱིབས་བཟོས་པའི་ནང་ཆུ་དང་། ཚ །ཚིལ་སྐམ་ཕྱེ་མ་བཅས་བླུགས་ནས་མེ་ལ་བསྲེགས་རྗེས་ཟ་སྲོལ་ཡོད་པ་དང་། ཁམས་རི་བོ་ཆེའི་འབྲོག་ཁུལ་དུ་གྲོ་ཕྱེའི་བག་ལེབ་ཕོར་པའི་དབྱིབས་ཅན་ཞིག་ཕྱུར་ཁུ་ནང་དུ་བཙོས་རྗེས་དེའི་ནང་དུ་དབྱར་ཀ་ཟོག་ཁྲག་བཙོས་མ་དང་། སོས་ཀར་སྤུ་གྲོ་བླུགས་ཏེ་ཟ་སྲོལ་ཡོད།

ཡང་ཁམས་ཁུལ་སྡེ་དགེ་རྨེ་ཤོད་དང་ཧོར་པོ་རག་ཆབ། དཔལ་ཡུལ་ཉག་རོང་སོགས་སུ་ཡང་བག་ལེབ་དཀྱིལ་དུ་ཤ་དང་ཚོད་མ་སོགས་བཏུམ་པ་མེ་ལ་བསྲེགས་ཏེ་ཟ་སྲོལ་ཡོད་པ་དེ་དག་ཀྱང་གོང་གི་གནའ་བོའི་བག་ལེབ་ཕོར་པའི་དབྱིབས་ཅན་གྱི་རྨང་གཞིའི་ཐོག་འགྱུར་བ་ཅུང་ཟད་བཏང་བ་ཞིག་ཡིན་པ་ཤེས་ནུས་པ་སོགས་དམངས་སྲོལ་ཧ་ཅང་མང་རུང་དེ་ཙམ་མོ།

སྣོད་ཆས་དང་གནའ་རྫས་བརྟག་དཔྱད་ཀྱི་ལམ་ནས་རྙེད་པའི་ལོ་རྒྱུས།

སྤྱིར་མདོ་དབུས་མཐོ་སྒང་གི་ས་ཆ་འདིར་མིའི་འགྲོ་བ་འཚོ་སྡོད་བྱས་ནས་ལོ་ཁྲི་གསུམ་ནས་བཞིའི་བར་བྱུང་བའི་ལོ་རྒྱུས་དཔང་རྟགས་ཡོད་ན་ཡང་། བཟའ་བཏུང་གཡོས་སྦྱོར་གྱི་རྒྱུ་ཆ་ཞིང་འབྲོག་གཉིས་ཀྱི་ཡ་གྱལ་འབྲོག་ལས་བྱུང་ནས་ལོ་༨༨༠༠ཙམ་དང་། ཞིང་ལས་འབྲུ་རིག་གི་དངོས་པོ་མངའ་རིས་ཀྱི་ས་འོག་ནས་ཐོན་པའི་ནས་དང་། ཆབ་མདོ་མཁར་རོ་ནས་ཐོན་པའི་ཁྲེ་སོགས་ལ་ལོ་༣༥༠༠ཡན་མན་ཙམ་གྱི་ལོ་རྒྱུས་ལས་ད་ལྟའི་ཆར་རྙེད་མེད།

ཆབ་མདོ་མཁར་རོ་དང་མཚོ་སྔོན་ཙོང་རི་ལྷ་ས་ཁྱི་གོང་སོགས་ནས་ཐོན་པའི་གནའ་རྫས། བཟའ་བཏུང་གཡོ་སྣོད་ཀྱི་རྫ་ཆས་དེ་དག་རྒྱུ་སྤུས་བཟང་བ་དང་། སྣ་ཁ་མང་བ་ཙམ་མ་ཚད་རི་མོ་ལ་མཛེས་དཔྱོད་ཀྱི་མཚོན་དོན་རྒྱ་ཆེན་པོ་ཡོད་པ་ལ་དཔྱད་ན་ལོ་༥༠༠༠ནས་༣༥༠༠ཙམ་གྱི་དུས་སུ་སྤྱི་ཚོགས་འཚོ་བའི་ཆུ་ཚད་དང་མཛེས་དཔྱོད་ལྟ་བ་སོགས་རིག་གནས་ཚད་གཞི་ངེས་ཅན་ཞིག་ལ་ཐོན་ཡོད་པས། ཕྱིའི་སྣོད་ཀྱི་སྤུས་ཚད་ལས་ནང་གི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཤེས་ཐུབ་པ་དང་། ལྷག་པར་དུ་མཚོ་སྔོན་ཙོང་རི་ནས་རྫའི་ཁོག་མ་དང་། རྫ་ཕོར། རུས་པ་ལས་བཟོས་པའི་ཁེམ་བུ་དང་ཐུར་མ་རྩེ་གསུམ་གཏུབ་གྲི་བཅས་དེང་སང་ནུབ་ཟས་ཀྱི་ཡོ་ཆས་ཇི་མ་ཇི་བཞིན་ཐོན་པ་ལ་མཚོན་ན། ད་ནས་ཡར་རྩིས་པའི་མི་ལོ་ལྔ་སྟོང་ཡན་མན་ལ་བོད་ཡུལ་དུ་བེད་སྤྱོད་ཀྱི་ཡོད་པ་བཤད་མ་དགོས་པ་དང་། ད་ཆར་ཤེས་རྟོགས་ཐུབ་པ་བོད་ལུགས་ཁེམ་བུ་གཅིག་པུ་ལའང་སྣ་ཁ་མི་འདྲ་བ་བརྒྱ་དང་བཅུ་གསུམ་ཙམ་དང་། གཞན་ཡང་བོད་ཀྱི་ཇ་ཆང་གི་ཡོ་ཆས་ལ་མཚོན་ནའང་རྒྱུ་ཆ་དང་། གཟུགས་དབྱིབས། ཆེ་ཆུང་། རི་མོ། བེད་སྤྱོད་ཡུལ་མི་འདྲ་བ། ཐོབ་ཐང་བརྩི་ཚུལ། བཀྲ་ཤིས་ཀྱི་མཚོན་དོན་མི་འདྲ་བ་སོགས་ཀྱིས་དབྱེ་བས་ད་ཆ་ཤེས་རྟོགས་བྱུང་བ་གཅིག་པུ་ལའང་ཉིས་བརྒྱ་ལྷག་ཙམ་ཡོད་པ་སོགས་ལ་དཔགས་ན། བོད་མི་རིགས་ནི་གསར་གཏོད་ཀྱི་བློ་གྲོས་དང་སྙིང་སྟོབས་ལྡན་ཞིང་འཚོ་བ་ལ་ཆེས་སྤྲོ་སྣང་ཆེ་བའི་མི་རིགས་ཤིག་ཡིན་པ་ཤེས་ཐུབ་པ་མ་ཟད། སྔོན་ཆད་མདོ་དབུས་མཐོ་སྒང་གི་ས་ཆ་འདིར་རྒྱ་ཆེ་ལ་གཏིང་ཟབ་པའི་བཟའ་བཏུང་ཤེས་རིག་གོམས་སྲོལ་ཞིག་དར་སྤེལ་བྱུང་ཡོད་པ་ཤེས་ནུས། འོན་ཀྱང་ད་ལྟ་ནི་དེ་དག་ལོ་རྒྱུས་ཀྱི་ངག་རྒྱུན་ཙམ་དུ་གྱུར་པ་མ་ཟད་ངག་རྒྱུན་དག་ཀྱང་ནུབ་ཁའི་ཉི་ཟེར་བཞིན་དུ་གྱུར་ཡོད། ཉེ་བའི་ལོ་ཤས་ནང་བགྲེས་སོང་དགུང་ལོ་བརྒྱད་ཅུ་ནས་བརྒྱ་ལྷག་སོན་པ་མི་ཉུང་བ་ཞིག་ལ་འཚོ་གནས་སྐོར་གྱི་བཅར་འདྲི་ཞུས་པའི་བརྒྱུད་རིམ་ནང་ཤེས་རྟོགས་བྱུང་བ་ལྟར་ན། ང་ཚོའི་མི་རབས་གོང་འོག་གི་འཚོ་བའི་གོམས་སྲོལ་གྱི་བར་ཐག་ཧ་ཅང་རིང་ཞིང་། བལྟས་ཚོད་ལ་ད་ལྟ་ང་ཚོ་རྣམ་རིག་བཀྲ་ཞིང་ཤེས་རྒྱ་ཆེ་བ་ལྟར་སྣང་རུང་། དོན་དངོས་ཁོར་ཡུག་དང་མཐུན་ཅིང་རང་ལུས་ལ་འཕྲོད་པའི་འཚོ་ཐབས་ཙམ་ལ་ཡང་རྨོངས་ཤིང་། ཁྲ་ཁྲ་སིར་སིར་གྱི་དངོས་པོ་ཐོབ་པ་ཅུང་ཟད་མང་རུང་དེ་ལས་བྱུང་བའི་སྤྲོ་སྣང་དང་བདེ་སྐྱིད་ནི་ཆུང་། ལྷག་པར་དུ་ཟས་སྤྱོད་སྐོར་ཀྱི་ཤེས་བྱ་དང་ཉམས་མྱོང་མང་པོ་ཞིག་རྒྱུན་འཛིན་མ་ཐུབ་པར། ཟས་སྤྱོད་ལོག་པའི་དབང་གིས་ཚེ་ཐུང་ནད་མང་དུ་གྱུར་ནས། མི་ཚེ་གཅིག་རིང་དཀའ་སྡུག་གིས་བསྒྲུབས་པའི་རྒྱུ་ནོར་ཡོད་ཚད་སྨན་ཁང་དུ་བསྐྱལ་རུང་ད་དུང་མ་འདངས་པར་དྲ་ལམ་དང་། ཁྲོམ་ལམ་ཡོད་ཚད་སློང་མོ་བས་ཁེངས་ཏེ་མཐར་རེ་ཐག་ཆད་པའི་སྣང་ཚུལ་མངོན་སུམ་པ་འདི་རེད། གནའ་མི་ཕལ་ཆེ་བ་ནི་རང་ཚུགས་བརྟན་ཞིང་ཤེས་རབ་ལྡན་པའི་དབང་གིས། ཁོར་ཡུག་དང་མཐུན་པར་འཚོ་བ་བསྐྱལ་ཞིང་ཟས་སྤྱོད་མ་ལོག་པས་ན་ཚ་ཉུང་ཞིང་ཚེ་ཐག་རིང་བ། ཐོབ་པ་ཉུང་རུང་སྤྲོ་སྣང་ཆེ་བ། ཡི་གེ་ཙམ་ཡང་མི་ཤེས་པའི་བགྲེས་སོང་འགའ་རེའི་ངག་ཐོག་ནས། གནའ་གཏམ་གྱི་ལེགས་བཤད་དང་། མི་ཆོས་ཀྱི་རྩ་དོན། འཚོ་གནས་ཀྱི་ཤེས་བྱ། རང་ཉིད་གནས་སའི་ཁོར་ཡུག་དེའི་རྩྭ་རྩི་ཤིང་དང་འབུ་སྲིན་ཕྲ་མོ་ཚུན་ཆོད་ཀྱི་འཚོ་སྟངས་སྐོར། ངག་ནས་ཐོགས་པ་མེད་པར་པོ་ཏི་ལོངས་པ་འཆད་ནུས་པ་འགའ་ཤས་མཐོང་བས། ཁོང་ཚོ་ནི་ཤེས་རབ་དང་དཔལ་ཡོན་ལྡན་པའི་བདེ་སྐྱིད་ཀྱིས་འཚོ་བ་སྐྱེལ་མི་ཞིག་དང་། ང་ཚོ་ནི་ཤེས་རབ་ཀྱིས་དབུལ་ཞིང་ཟས་སྤྱོད་ཙམ་ལ་ཡང་དོ་སྣང་མི་ཤེས་པའི་ཀླད་སྟོང་འབའ་ཞིག་ཡིན་པའི་ཚོར་སྣང་བྱུང་བ་ནི་ཞར་བྱུང་ཙམ་མོ། །

གཉིས་པ་བཟའ་བཏུང་རིག་གཞུང་ལ་བཟའ་བ་དང་བཏུང་པ་གཉིས་ལས།

དང་པོ་བཟའ་བ་ལ་སྡེ་ཚན་བཞི་ཡོད་པའི་དང་པོ།

རྒྱུད་བཞི་རྩ་རྒྱུད་ལེའུ་གཉིས་པར་མི་ན་བར་གནས་པར་བྱེད་པ་དང་། ན་བ་གསོ་བ་ཞེས་ས་བཅད་གཉིས་ཀྱིས་བསྟན་ཡོད། དེའི་དོན་ལེའུ་ལྔ་པར་མི་ན་བར་གནས་པར་བྱེད་པ་ལ་ཟས་སྤྱོད་གཉིས་དང་། ན་བ་གསོ་བར་བྱེད་པ་ལ་སྨན་དང་དཔྱད་གཉིས་བསྟན་ཡོད།དེ་ཡང་བཤད་རྒྱུད་ལེའུ་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་གསུམ་དུ་བཟའ་བཏུང་གི་སྐོར་ཉུང་ཙམ་ཞིག་བསྟན་པ་སྟེ།ཟས་ལ་འབྲུ་ཤ་སྣུམ་དང་སྔོ་ངད་གཡོས་སྦྱོར་ལྔ། སྐོམ་གྱི་ཚུལ་བཤད་པ། བཏུང་བ་འོ་མ་ཆུ་དང་ཆང་ལ་སོགས། ཞེས་ཟས་སྐོམ་གྱི་སྡེ་ཚན་གཉིས་ལས་དང་པོ་ལ། འབྲུ་རིགས་ཀྱི་སྡེ་ཚན་དང་། ཤ་རིགས་ཀྱི་སྡེ་ཚན། སྣུམ་གྱི་རིགས་ཀྱི་སྡེ་ཚན། སྔོ་ངད་རིགས་ཀྱི་སྡེ་ཚན། གཡོས་སུ་སྦྱར་བའི་རིགས་ཀྱི་སྡེ་ཚན་བཅས་རྣམ་ལྔའི་སྒོ་ནས་བསྟན་པ་ལས། འབྲུ་རིགས་ཀྱི་སྡེ་ཚན་བཤད་པ། འབྲུ་ལ་གཉིས་ཏེ་གྲ་མ་གང་བུ་ཅན། ཞེས་པ་སྟེ་གྲོ་ནས་སོགས་གྲ་མ་ཅན་གྱི་རིགས་དང་། རྒྱ་སྲན་མོན་སྲན་སོགས་གང་བུ་ཅན་གྱི་རིགས་གཉིས་ཀྱི་དབྱེ་བ་ཕྱེས་ཡོད། གྲ་མ་ཅན་གྱི་འབྲུ་རིགས་བདུན་བཤད་པ། འབྲས་ནི་སྣུམ་འཇམ་བསིལ་ལ་ཡང་། །ཉེས་པ་གསུམ་སེལ་རོ་རྩ་འཁྲུ་སྐྱུག་གཅོད། །ཁྲེ་ནི་ལྕི་བསིལ་བརྟས་བྱེད་ཆག་གྲུགས་སྦྱོར། །ཁྲ་མ་ཙི་ཙི་བསིལ་ཡང་རྩུབ་ཅིང་ཡི་གར་འཕྲོད། །གྲོ་ནི་ལྕི་བསིལ་འཚོ་བྱེད་རླུང་མཁྲིས་སེལ། །ནས་ནི་ལྕི་བསིལ་བཤང་འཕེལ་སྟོབས་སྐྱེད་མཆོག །སོ་བ་སྲེ་ད་བསིལ་ཡང་བད་མཁྲིས་སེལ། །ཞེས་པ་སྟེ། དེ་ཡང་གྲ་མ་ཅན་གྱི་འབྲུ་འབྲས། ཁྲེ། ཁྲ་མ། གྲོ། ནས། སོ་བ། སྲེ་ད་སོགས་གྲ་མ་ཅན་གྱི་རིགས་སུ་གཏོགས་པའི་འབྲུ་རིགས་བདུན་ཡོད་པ་རྣམས་སྤྱིར་རགས་པའི་དབང་དུ་བྱས་ན་རོ་དང་ཞུ་རྗེས་གཉིས་ཀ་མངར་ཞིང་ནུས་པས་རོ་ཙ་བ་དང་། རླུང་ནད་འཇོམས་ཤིང་ལུས་ཀྱི་ཟུངས་སྟོབས་སྐྱེད་ལ་བད་ཀན་ཉིད་ཀྱི་ཁམས་ཅུང་ཟད་སྐྱེད་ཅིང་འཕེལ་བ་སྟེ་ཤ་ཚིལ་སོགས་སྐྱེས་ནས་ལུས་སྦོམ་པོར་ཆགས་པ་སོགས་མདོར་ན་ལུས་ཟུངས་འཕེལ་ཞིང་རྒྱས་པར་བྱེད།

གང་བུ་ཅན་གྱི་རིགས་འབྲུ་རིགས་བཅུ་ཡོད་པ་ལ། སྲན་མ་རིལ་མོ་དང་། མོན་སྲན་ལེབ་མོ་གཉིས་ནི་རོ་བསྐ་ཞིང་མངར་བ་དང་། ནུས་པ་བསིལ་ལ་ཡང་ཞིང་ཡོན་ཏན་སྐྱ་བ་དང་ལྡན་པས་རྩ་སྒོ་འགགས་པ་དང་། བད་ཀན་དང་ལྡན་པའི་ཚ་བ་སེལ་ཞིང་། འཁྲུ་བ་གཅོད་པ་དང་། སྣུམ་པའི་ཆ་ཤས་མ་ལུས་པ་སེལ་ཞིང་གཞན་ཡང་ཁྲག་དང་མཁྲིས་པ་རྒྱས་པ་དང་། ཚིལ་བུ་འཕེལ་བ་ལ་ཕྱེ་མ་གངས་ཆུར་སྦྱར་བའི་སྐྱོ་མ་བྱུགས་པས་ཀྱང་ཕན་ནོ། ། རྒྱ་སྲན་དཀར་ནག་གིས་བད་རླུང་ནད་དང་། ལུད་པ་དང་། དབུགས་མི་བདེ་བ། གཞང་འབྲུམ། ཁུ་བ་ལས་བྱུང་བའི་རྡེའུའི་ནད་བཅས་འཇོམས་ཤིང་ཁྲག་མཁྲིས་ཀྱི་ནད་སྐྱེད་པར་བྱེད་དོ། མ་ཤ་སྟེ་སྲན་མ་དཀར་པོ་རིལ་མོ་ཞིག་དང་། མོན་སྲན་གྲེའུ་ཞེས་འབྲུག་པས་རྒྱུན་དུ་ཟ་བའི་སྲན་མ་སྔོན་པོ་རིལ་པོ་མཁལ་དབྱིབས་ཅན་འབྲུག་པའི་ཡུལ་སྐད་དུ་གྲེའུ་ཟེར་བ་དེ་གཉིས་ཀྱིས་རླུང་ནད་འཇོམས་ཤིང་བད་མཁྲིས་ཀྱི་ནད་སེལ་བ་དང་། ཁུ་བའི་སྟོབས་འཕེལ་བར་བྱེད་དོ། སྲན་ཆུང་ལེབ་མོ་ནི་རོ་བསྐ་ཞིང་མངར་བ་དང་ནུས་པ་བསིལ་ཞིང་རྩུབ་པའི་ཉེས་པ་གསུམ་ག་སྐྱེད་ཀྱང་བཏགས་པའི་ཕྱེ་མ་ཆུ་གཙང་ལ་སྦྱར་བའི་སྐྱོ་མས་མེ་དབལ་དང་། དྲེག་ནད། ཁྲག་རྒྱས་པའི་ནད་བཅས་ཀྱི་གཟེར་སྟེང་བྱུགས་པས་སེལ་བའོ། །ཏིལ་འབྲུ་དཀར་ནག་གཉིས་ནི་ནུས་པ་ལྕི་ཞིང་ཡོན་ཏན་དྲོ་བས་རོ་ཙ་ཞིང་རླུང་ནད་འཇོམས་པར་བྱེད་དོ། ཟར་མ་ནི་རོ་མངར་ཞིང་ཁ་བ་དང་ནུས་པ་སྣུམ་ཞིང་ཡོན་ཏན་འཇམ་པའི་རླུང་ནད་ལ་ཕན་པ་དང་། བྲ་བོའི་རིགས་ཀུན་ཀྱང་ནུས་པ་བསིལ་ལ་ཡང་བས་རྨ་འཇིག་ཅིང་ཉེས་པ་གསུམ་ག་སྐྱེད་པར་བྱེད།

གཉིས་པ། ཤ་ཡི་རིགས་ཀྱི་སྡེ་བཤད་པ།

ཁ་ཟས་སུ་བྱེད་པའི་ཤ་ཡི་རིགས་ལ་བརྒྱད་ཡོད་པ་ལས། སྡེ་བརྒྱད་ཤ་རྣམས་རོ་དང་ཞུ་རྗེས་མངར། །ཐོག་མཐའ་བར་བ་སྐམ་གཤེར་ཐུན་མོང་གནས། །སྐམ་སའི་ཤ་རྣམས་བསིལ་ཞིང་ཡང་ལ་རྩུབ། །རླུང་དང་བད་ཀན་ལྡན་པའི་ཚ་བ་སེལ། །རླན་གནས་ཤ་རྣམས་སྣུམ་ཞིང་ལྕི་ལ་དྲོད། །ཕོ་བ་མཁལ་རྐེད་གྲང་རླུང་ནད་ལ་ཕན། །ཐུན་མོང་གནས་པ་ནུས་པ་གཉིས་དང་ལྡན། །ཞེས་དང་། ཡང་། བྱ་གཅན་རྩལ་མཐུས་ཤ་རློན་ཟ་བ་རྣམས། །རྩུབ་ཡང་རྣོ་བས་ཕོ་བའི་མེ་དྲོད་སྐྱེད། །སྐྲན་བཤིག་ཤ་འཕེལ་གྲང་བའི་ནད་ཀུན་སེལ། །ལུག་ཤ་སྣུམ་དྲོ་སྟོབས་འཕེལ་ལུས་ཟུངས་སྐྱེད། །རླུང་དང་བད་ཀན་སེལ་ཞིང་དང་ག་འབྱེད། །ར་ཤ་ལྕི་བསིལ་ཉེས་པ་གསུམ་སློང་ཞིང་། བསེ་དུག་འབྲུམ་ནག་མེས་འཚིག་རྨ་ལ་ཕན། །བ་གླང་བསིལ་སྣུམ་རླུང་ལྡན་ཚ་བ་སེལ། །རྟ་རྐྱང་བོང་བུ་ལ་སོགས་བཤུལ་ཤ་རྣམས། །རྣག་གཅོད་མཁལ་རྐེད་གྲང་བ་ཆུ་སེར་སེལ། །ཕག་ཤ་བསིལ་ཡང་རྨ་འཇིག་སྨུག་པོ་སེལ། །མ་ཧེའི་ཤ་ཡིས་གཉིད་དང་ཤ་འཕེལ་བྱེད། །གཡག་ཤ་སྣུམ་དྲོ་གྲང་སེལ་ཁྲག་མཁྲིས་སྐྱེད། །ཁྱིམ་བྱ་བྱེའུ་ཁུ་འཕེལ་རྨ་ལ་ཕན། །གཡག་རྒོད་ཕོ་མཆིན་གྲང་སེལ་མེ་དྲོད་སྐྱེད། །རི་དྭགས་བསིལ་ཡང་ལྡན་ཚད་སེལ་བར་བྱེད། །རི་བོང་ཤ་རྩུབ་དྲོད་སྐྱེད་འཁྲུ་བ་གཅོད། །འཕྱི་བ་སྣུམ་ལྕི་དྲོ་ཞིང་འབྲས་ལ་ཕན། །གྲང་རླུང་ཕོ་བ་མཁལ་རྐེད་མགོ་ནད་སེལ། །ཉ་ཤ་ཕོ་བའི་ནད་སེལ་དང་ག་འབྱེད། །མིག་གསལ་རྨ་འབྲས་བད་ཀན་བཤིག་པར་བྱེད། ། ཅེས་བསྟན་པ་དང་། ཤ་དེ་དག་ཀྱང་ཕོ་དང་མོ་ཡི་ཤ་ནི་རིམ་པ་བཞིན་དུ་ཕོ་ཡི་སྟོད་ཤའི་ཆ་དང་། མོ་ཡི་སྨད་ཤའི་ཆ་ཕྱེད་ཕྱེད་ལྕི་བ་ཡིན་ཏེ་ཤུགས་ལས་ཕོ་ཡི་སྨད་ཤ་དང་། མོ་ཡི་སྟོད་ཤ་ནི་ཡང་བ་ཡིན་ནོ། །སྦྲུམ་ལྡན་གྱི་ཤ་ནི་སྟོད་སྨད་ཀུན་ལྕི་བ་དང་། །བ་ལང་ལ་སོགས་པའི་རྐང་བཞི་རྣམས་ནི་མོའི་རིགས་ཀྱི་ཤ་རྣམས་ཡང་བ་དང་། །ཁྱིམ་བྱ་ལ་སོགས་པའི་བྱ་རྣམས་ཕོ་ཡི་རིགས་ཀྱི་ཤ་རྣམས་ནུས་པ་ཡང་བ་ཡིན་ནོ། དེ་བཞིན་དུ་སྟོད་སྨད་ཕྱི་ནང་སོགས་བྱེ་བྲག་ཏུ་ཕྱེ་ན་ཤ་རིགས་ཐམས་ཅད་སྤྱིར་མགོ་དང་། སྟོད། བྲང་། རྒྱབ་དཔྱི། རྐེད་པ་བཅས་ཀྱི་ཤ་རྣམས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་བཞིན་ལྕི་བ་དང་། གཞན་ཡང་ཤ་ཡི་རིགས་གང་རུང་གསར་པ་རྣམས་བསིལ་ཞིང་ཤ་རྙིང་རྣམས་དྲོ་ལ་བཅུད་དང་ལྡན་པ་དང་ལོ་ལོན་པའི་ཤ་ནི་ཁྱད་པར་དུ་དྲོ་བས་རླུང་ཁ་གནོན་ཞིང་ཕོ་བའི་མེ་དྲོད་སྐྱེད་པ་དང་ཤ་རློན་སྟེ་རྗེན་པའི་རིགས་དང་། འཁྱགས་པོ། མེར་བསྲེགས་པ་རྣམས་ནི་འཇུ་དཀའ་ཞིང་ནུས་པ་ལྕི་བ་དང་། སྐམ་པོ་དང་། ལེགས་པར་བཙོས་པར་གྱུར་པ་ནི་ཡང་ཞིང་འཇུ་བ་སླ་བ་ཡིན།

གསུམ་པ། སྣུམ་རིགས་ཀྱི་སྡེ་ཚན་ལ་རྩི་མར། འབྲུ་མར། རྐང་མར། ཚིལ་བཅས་བཞི་ཡོད་པ་ལས། དེ་ལ་མར་གསར་བསིལ་ཞིང་རོ་ཙ་ལ། །མདོག་སྟོབས་སྐྱེད་ཅིང་མཁྲིས་ཚད་སེལ་བར་བྱེད། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ་རྨ་འཚོ། །ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །ཚེ་འཕེལ་སྣུམ་པའི་མཆོག་སྟེ་ལས་སྟོང་བྱེད། །ཕྲུམ་གསར་སྤྲི་དང་ཕྱུར་བ་ལ་སོགས་པ། །དང་ག་ལེན་ཞིང་རྟུག་སྐམས་བད་ཀན་སེལ། །ཟོ་མར་བད་རླུང་སེལ་ཞིང་མེ་དྲོད་སྐྱེད། །འབྲི་དང་ལུག་མར་དེ་བཞིན་གྲང་རླུང་སེལ། །མཛོ་སྙོམས་བ་ར་བསིལ་བས་རླུང་ཚད་སེལ། །ཏིལ་མར་ཚ་རྣོ་སྐེམ་པོ་ཤ་སྐྱེད་ཅིང་། །སྦོམ་པོ་འབྲི་ལ་མཁྲེགས་ཏེ་བད་རླུང་སེལ། །ཡུངས་མར་རླུང་གནོན་བད་མཁྲིས་སྐྱེས་པ་ཡིན། །རྐང་མར་རླུང་འཇོམས་ཁུ་སྟོབས་བད་ཀན་སྐྱེད། །ཚིལ་གྱིས་རུས་ཚིགས་ནད་དང་མེས་འཚིག་དང་། །རླུང་དང་རྣ་ཀླད་མངལ་ནད་སེལ་བར་བྱེད། །ཅེས་བཤད་ཡོད། སྣུམ་གྱི་རིགས་དེ་རྣམས་ལས་བསྲུབས་མ་ཐག་པའི་མར་གསར་པ་ནི་ནུས་པ་བསིལ་ཞིང་རོ་ཙ་བ་དང་། ལུས་ཀྱི་མདོག་གསལ་ཞིང་གཟི་མདངས་དང་སྟོབས་སྐྱེད་ཅིང་། །མཁྲིས་ཚད་སེལ་བ་དང་། ལོ་ལོན་པའི་མར་རྙིང་གིས་ཡིད་འཇུག་གི་བུ་ག་དག་ཅིང་རླུང་ནད་སེལ་བར་བྱེད་པས་ན་སྨྱོ་བྱེད་དང་། བརྗེད་བྱེད་ཀྱི་ནད། དྲན་མེད་བརྒྱལ་བའམ་འབོག་པ་བཅས་སེལ་ཞིང་།རྨ་རྣམས་འཚོ་བར་བྱེད་དོ། །མར་ཧ་ཅང་མ་རྙིང་པ་བཞུས་ཤིང་ལྦུ་སྙིགས་ཕྱུངས་པའི་ཞུན་མར་གྱིས་བློ་རྣོ་ཞིང་དྲན་པའི་དབང་པོ་གསལ་བ་དང་། ལུས་ཀྱི་སྟོབས་ཆེས་ཆེར་སྐྱེད་པ། ཚེ་འཕེལ་བ་སོགས་མདོར་ན་རྟེན་ལུས་དང་། བརྟེན་པ་སེམས། འཚོ་བ་ཚེ་བཅས་གསུམ་ག་ལ་ཕན་པས་ན་སྣུམ་རིགས་ནང་ནས་མཆོག་ཡིན་པ་དང་། བདེ་བར་འདོད་པའི་སྐྱེས་བུ་གང་ཞིག་སྣུམ་གྱི་ཚོགས་སྤྱི་དང་བྱེ་བྲག་ཏུ་ཞུན་མར་རྟག་ཏུ་བསྟེན་པར་བྱེད་པ་གང་ཡིན་པ་དེ་ཡི་ནང་གི་མེ་དྲོད་འབར་ཞིང་ཁོང་བའི་ཉེས་པ་དག་པར་བྱེད་པ་དང་། དྭངས་མ་ལ་སོགས་པའི་ལུས་ཟུངས་ཀུན་ཀྱང་འཕྲལ་དུ་བརྟས་པར་བྱེད་ནུས་པས་ན་ལུས་སྟོབས་རྒྱས་པ་དང་། མདོག་བཟང་པོར་ལྡན་ཞིང་དྲན་པ་དང་མིག་ལ་སོགས་པའི་དབང་པོ་རྣམས་བརྟན་པ་དང་། ཁྱད་པར་དུ་རྒས་ཀ་སྲ་བས་ལོ་བརྒྱ་སྟེ་ཚེ་རིང་པོ་ཐུབ་པར་དྲང་སྲོང་མཆོག་གིས་བཤད་པ་ཡིན་ནོ། །ཞེས་བསྟན་པ་དང་། བོད་ཡུལ་སྟོད་སྨད་ཀུན་ཏུ་ཞུན་མར་གྱི་བཟོ་ཐབས་ལག་རྩལ་དང་ཕན་ནུས་ཉམས་མྱོང་གི་བཤད་པ་ཧ་ཅང་མང་རུང་ཡི་གེར་འཇིགས་པས་རགས་བཤད་ཙམ་ལས་ཞིབ་པར་ནི་གཞན་ལས་ཤེས་པར་བྱ།

བཞི་པ། སྔོ་ལྡུམ་རིགས་ཀྱི་སྐོར་ལ། སྔོ་ངད་སྒོག་བཙོང་ལ་སོགས་ཚ་བ་དང་། །ཁུར་མངས་རྒྱ་ཁུར་ལ་སོགས་ཁ་བ་དང་། །སྐམ་དང་གཤེར་བའི་གནས་སུ་སྐྱེས་པ་དང་། །སྐམ་དང་རློན་པ་གཡོས་བྱས་རྗེན་པ་རྣམས། །དྲོ་ཡང་བསིལ་ལྕི་གྲང་བ་ཚད་ནད་སེལ། །ཞེས་པ་སྟེ། བཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །སྒོག་སྐྱ་ལྕི་བསིལ་སྲིན་ནད་ཚད་རླུང་སེལ། །ལ་ཕུག་གཞོན་ནུ་ཡང་དྲོ་མེ་དྲོད་སྐྱེད། །ནར་སོན་ལྕི་བསིལ་བད་ཀན་སྐྱེད་པར་བྱེད། །ཉུང་མ་དེ་བཞིན་དུག་ནད་མ་ལུས་བསྲུང་། རི་སྒོག་ཐམས་ཅད་འཇུ་དཀའ་ཟས་ལེན་ལྕི། །ལྕུམ་དང་ཆུ་ལོས་བད་ཀན་དང་ག་འབྱེད། །ཅེས་པ་སྟེ། །ཞོག་ཁོག་བད་སྨུག་ཕོ་བའི་ཟུག་ཟེར་འཇོམས། །གཤང་འགགས་སེལ་ཞིང་སྐྱུགས་མེར་འགོགས། །པད་ཚལ་རོ་མངར་ཚ་བ་འཇོམས། །ཆམ་པ་གློ་ལུ་སྐད་འགགས་སེལ། །ཕོ་ལོང་རྒྱུ་མའི་རྨ་རུལ་གསོ་ཞིང་ཁྲག་ཤོར་གཅོད། །འབྲས་ནད་སྔོན་འགོག་ལ་ཡང་ཕན། ལ་ཕུག་གི་རྩ་བའམ་ལོ་མ་གང་ཡང་རུང་སྟེ་གཞོན་ནུ་ཞེས་གསར་པ་སྟེ་སྐར་མ་རྀ་ཥི་མ་ཤར་གོང་ཐོན་པ་རྣམས་ནུས་པ་ཡང་ཞིང་ཡོན་ཏན་དྲོ་བ་དང་ལྡན་པས་འཇུ་བ་སླ་ཞིང་ཕོ་བའི་མེ་དྲོད་སྐྱེད་པ་དང་། ཉེས་པ་གསུམ་སེལ་བ། ནར་སོན་ཏེ་ལོ་ལོན་པའམ་སྐར་མ་རྀ་ཥི་ཤར་རྗེས་ཀྱི་རྒན་པོ་ནི་ནུས་པ་ལྕི་ལ་བསིལ་བ་དང་ལྡན་པས་བད་ཀན་ལ་སོགས་བའི་ཉེས་པ་སྐྱེད་པར་བྱེད་པ་དང་། བོད་ལ་ཕུག་དམར་མོས་མེ་དྲོད་བསྐྱེད། ཟས་འཇུ། ལུད་པ་འདོན། རླུང་ནད་སེལ། དབུགས་བསགས་ནད་ལ་ཕན། ཆམ་སྐྲན་ནད་འགོགས། ལྷག་པར་དུ་འབམ་ནད་རིགས་ཀུན་ལ་ཕན་པ་ཆེ། སུར་པན་སྔོན་པོའི་ལུས་སྟོབས་བསྐྱེད། སྲིན་གསོད། གཞང་འབྲུམ་སེལ། སྐྲན་འགོགས། ཉུང་མ་ཡང་ལ་ཕུག་བཞིན་དུ་གཞོན་ནུས་ལུས་ལ་ཕན་ཞིང་རྒན་པོས་གནོད་པ་དང་ཁྱད་པར་དུ་དུག་གི་ནད་མ་ལུས་པ་བསྲུང་ཞིང་སེལ་བར་བྱེད་དོ།། བོད་གཙོང་ཕོ་བའི་མེ་དྲོད་བསྐྱེད། གཉིད་འགུགས་རླུང་དང་བད་སྐན་སེལ། སྲིན་འཇོམས། རོ་ཙ་བསྐྱེད། ཕོ་ལོང་གི་འབྲས་ནད་སྔོན་འགོགས་བྱེད། སྨྱུག་རྩས་གློ་ལུ་རྨ་ཚད་སེལ། རྨ་ལ་གཉན་ཚད་རྒྱས་པ་དང་ཚ་བ་རྙིང་པ་བཅས་ལ་ཕན། གཞན་ཡང་རུག་པ་དང་། ཐུལ་པ་སོགས་རི་སྒོག་གི་བྱེ་བྲག་ཐམས་ཅད་ནུས་པ་ལྕི་བས་འཇུ་དཀའ་ཞིང་འོན་ཀྱང་ཟས་ལེན་པར་བྱེད་དོ། །ལྕུམ་དང་ཆུ་ལོན་བད་ཀན་སེལ་ཞིང་དང་ག་འབྱེད་པ་ཡིན་པར་བྱེད་པ་ཡིན་ནོ།། ཁུར་མང་ཚད་རྙིང་རིམ་ཚད་དུག་ཚད་དང་། །ཁྲག་མཁྲིས་རྒྱས་དང་བད་སྨུག་ཀུན་ལ་ཕན། །ཁྲག་ཁྲོག་པ་ཡིས་ངན་ཁྲག་ཆུ་སེར་སྐེམ། །གློ་ཚད་ལུད་པ་སེལ་ཞིང་ཆུ་སྐྲང་འཇོམས། །གོང་ལ་ཕུག་ཟུང་ཁྲག་གསོ་ཞིང་ཚ་བ་སེལ། མཆིན་སྟོབས་བསྐྱེད་ཅིང་དུག་འཇོམས། མིག་གསལ་སྐྲན་འགོགས་གཤང་བ་སེལ། །ལྕ་བས་སྲིན་གསོད་རྩ་དཀར་ནད་ལ་ཕན། མཁྲིས་པས་ཞེ་མེར་མགོ་ཡུ་འཁོར་བ་སེལ། །ལྕམ་པས་མཁལ་ནད་སེལ་ཞིང་མཁལ་སྟོབས་བསྐྱེད། །གནག་སྐེམ་སྐོམ་སེལ་འཁྲུ་བ་གཅོད། ཟ་ཚོད་དྲོད་བསྐྱེད་ཟས་འཇུ་རླུང་ནད་སེལ། མ་ཞུ་སེལ་ཞིང་ཚ་བ་འཇོམས། ཡུངས་ནག་ལོ་མས་གློ་ལུ་འཇོམས་ཤིང་གྲང་རླུང་སེལ། ལྕུམ་གྱིས་དང་ག་འབྱེད་ཅིང་བན་ཀན་སེལ། གཤང་འགགས་སེལ་ཞིང་དུག་སྲིན་གསོད། ཤ་མོང་སྤྱིའི་རྨ་དང་དུག་ལ་ཕན། མཁྲིས་རླུང་སེལ། ཟུངས་བསྐྱེད་པ་སོགས་མང་པོ་བཤད་ཡོད། བོད་ཡུལ་དུ་ད་ལྟའི་ཆར་ཤེས་རྟོགས་ཐུབ་པ་ཤ་མོང་རིགས་མི་འདྲ་བ་༡༢༣་ཡོད་པའི་ནང་ནས༦༤ཙམ་དམངས་ཁྲོད་ཀྱི་ཟས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ད་དུང་བོད་ཁུལ་གྱི་ཞིང་འབྲོག་ས་ཆ་མང་པོར་རང་བྱུང་རི་སྐྱེས་ཀྱི་སྔོ་ཚལ་མི་འདྲ་བ་ཧ་ཅང་མང་རུང་དེ་དག་ཞིབ་འཇུག་གི་ལས་དོན་གཉེར་ཐུབ་མེད།

གཉིས་པ་བཏུང་བའི་སྐོར་ལ།

གཉིས་པ་བཏུང་བའི་སྐོར་ལ། འོ་མ་དང་། །ཆུ་དང་། ཇ་དང་། ཆང་བཞི་ལས་དང་པོ་འོ་མའི་སྡེ་ཚན་ལ། ། འོ་མ་ཕལ་ཆེར་རོ་དང་ཞུ་རྗེས་མངར། །སྣུམ་ལྕི་ཟུངས་འཕེལ་མདངས་སྐྱེད་རླུང་མཁྲིས་སེལ། །རོ་ཙ་བད་ཀན་སྐྱེད་བསིལ་ལྕི་བ་ཡིན། །ཞེས་སྤྱིར་བཏང་འོ་མ་ཕལ་ཆེ་བ་ནི་རོ་དང་ཞུ་རྗེས་གཉིས་ཀ་མངར་ཞིང་ནུས་པ་སྣུམ་ལ་ལྕི་བས་ལུས་ཟུངས་རྣམས་འཕེལ་ཞིང་གཟི་མདངས་སྐྱེད་པ་དང་། རླུང་མཁྲིས་ཀྱི་ནད་སེལ་ཞིང་། རོ་ཙ་བ་སྟེ་ཁུ་སྟོབས་འཕེལ་བ་དང་། བད་ཀན་སྐྱེད་ཕྱིར་ལྕི་བསིལ་དང་ལྡན་པ་ཡིན་པར་བཤད། བྱེ་བྲག་ཏུ་བ་ཡི་འོ་མས་གློ་རྡོལ་དང་གཅོང་གི་ནད་ལ་ཕན་ཞིང་། རིམས་རྙིང་པ་དང་། གཅིན་སྙིའི་ནད་སེལ་བ། སེམས་ཀྱི་དྲན་པ་གསལ་ཞིང་བློ་རྣོ་བ་དང་། ལུས་བརྟས་ཞིང་ཡུན་དུ་འཚོ་བར་བྱེད་པ། ར་ཡི་འོ་མས་ནི་དབུགས་མི་བདེ་བའི་ནད་སེལ་བ་དང་། ལུག་གི་འོ་མས་རླུང་ནད་འཇོམས་ཤིང་བརྗེད་ངས་ཆེ་ལ་དྲན་པ་མི་གསལ་བ་སོགས་འབྱུང་བས་སྙིང་ལ་ཅུང་ཟད་གནོད། འབྲི་ཡི་འོ་མས་ནི་བད་ཀན་དང་མཁྲིས་པའི་ནད་ལ་གནོད་ཅིང་སློང་བར་བྱེད་དོ། །རྟ་དང་བོང་བུའི་འོ་མས་གློ་རྣག་གི་རིགས་ལ་ཕན་ཞིང་གློ་བའི་རྨ་གསོ་བར་བྱེད་པ་དང་། བློ་རིག་རྨོངས་པར་བྱེད། འོ་མའི་རིགས་ཐམས་ཅད་ཀྱང་བཞོས་ནས་གྲང་བ་འོ་རློན་ཞེས་བྱ་བ་ནི་ནུས་པ་ལྕི་ཞིང་བསིལ་བ་དང་ལྡན་པས་སྲིན་དང་། བད་ཀན་གྱི་ནད་སྐྱེད་པ་དང་། འོ་མ་གང་ཡང་ལེགས་པར་བསྐོལ་བ་ནི་ནུས་པ་ཡང་ཞིང་ཡོན་ཏན་དྲོ་བ་དང་ལྡན་པ་ཡིན་ལ་དེ་ཉིད་ཡུན་དུ་བསྐོལ་ནས་གདུས་པར་གྱུར་ན་འཇུ་དཀའ་ཞིང་ལྕི་བར་འགྱུར་བ་དང་། བཞོས་མ་ཐག་པའི་འོ་མ་དྲོན་མོ་ནི་ལུས་ཁམས་ལ་ཤིན་ཏུ་ཕན་པས་ན་བདུད་རྩི་དང་མཚུངས་པར་བཤད། གཞན་ཡང་འོ་མ་དཀྲོགས་ཏེ་སྙིང་པོ་མར་བཏོན་པའི་ཞོ་སྐྱ་ཡིས་བད་ཀན་ལས་གྱུར་པའི་རིམས་དང་། ཕོ་བའི་མེ་དྲོད་མ་སྙོམས་པ་དང་། རིམས་ཆམ་ནད། རིམས་ནད་འགྲམས་པ་དང་འཁྲུགས་པ་ཚད་པས་འཁྲུ་བ་རྣམས་སེལ་བར་བྱེད། འོ་མ་ལས་བྱས་པའི་ཞོ་ཀུན་རོ་དང་ཞུ་རྗེས་གཉིས་ཀ་སྐྱུར་ལ་ནུས་པ་བསིལ་སྣུམ་དང་ལྡན་པས་རྟུག་སྐེམ་དང་། རླུང་ཚད་ཀྱི་ནད་སེལ་ཞིང་ཡི་ག་འབྱེད་པར་བྱེད་དོ། །དར་བ་གསར་པའི་དུས་སུ་རོ་སྐ་ལ་སྐྱུར་ཞིང་ནུས་པ་ཡང་བ་དང་ལྡན་པས་ཕོ་བའི་མེ་དྲོད་སྐྱེད་པ་དང་། སྐྲན་གྱི་ནད་དང་། མཚེར་པའི་ནད། གཞང་འབྲུམ་གྱི་ནད། མ་ཞུ་བའི་ནད་བཅས་སེལ་བ་དང་། ཞོ་ཡི་ཁར་སྐྱེས་པའི་ཆུ་ནི་ཁོང་འཁྲུ་ཞིང་གཤང་བ་སླ་བར་བྱེད་པ། རྩ་སྦུབས་ཀྱི་ནད་རྣམས་སྦྱོང་བར་བྱེད། ཕྱུར་ཁུས་ནི་རླུང་དང་མཁྲིས་པ་མི་བསྐྱེད་ཅིང་བད་ཀན་གྱི་ནད་སེལ་བར་བྱེད་པ་དང་། ཞོ་ཆུ་བཙགས་རྗེས་མར་ཁུར་བཙོས་པས་ནི་རྟུག་པ་སྐེམ་པར་བྱེད་ཅིང་ཚད་པས་འཁྲུ་བ་སེལ་བར་བྱེད་ནུས། ཞོ་ནི་བོད་ཡུལ་ཀུན་དུ་བཟའ་བཏུང་གཉིས་ཆར་གྱི་གོ་ཆོད་པའི་ཟས་རིགས་ཞིག་ཡིན་ཅིང་། ཞོའི་རྒྱུ་བྱས་པའི་ཞོ་སྐམ་དང་། ཞོ་བཀྲག །ཞོ་ཞུན། ཞོ་ཁྲུམ་མར་ཁུ། ཞོ་གྲོ་ཟན། ཞོ་ཐུད་སོགས་གཡོས་སྦྱོར་ལག་རྩལ་མང་པོ་ཡོད་རུང་ད་ལྟ་ཕལ་ཆེ་བ་མཐོང་དཀའ། སྤྱིར་བཏང་དཀར་ཆུ་ཐམས་ཅད་འབྱུང་ཁུངས་ཀྱི་དབང་གིས་ལུག་དང་འབྲིའི་འོ་མ་སོགས་དྲོ་ལ་བཅུད་ཆེ་བ་དང་། བ་དང་ར་ཡི་འོ་མ་ལ་སོགས་པ་རྣམས་ནི་བསིལ་ཞིང་ཡང་བ་དང་། མཛོ་མོ་ལས་བྱུང་བའི་འོ་མ་ལ་སོགས་པ་ནི་བསིལ་དྲོད་སྙོམས་པས་མཆོག་ཏུ་བཟང་བར་བཤད།

གཉིས་པ་ཆུའི་སྡེ་ལ།

བཏུང་བ་ཆུ་ཡི་རིགས་ལ་མཁའ་ལས་འབབ་པ་ཆར་པའི་ཆུ་དང་། གངས་ཞུ་བ་ལས་བྱུང་བའི་གངས་ཆུ་དང་། ཆུ་བོའི་རྒྱུན་ཆེན་པོ་ཀླུངས་སུ་འབབ་པ་ལས་བྱུང་བ་ཆུ་ཀླུང་གི་ཆུ་དང་། རང་བཞིན་གྱི་སྐྱེ་བ་ལས་བྱུང་བ་ལུ་མའམ་ཆུ་མིག་གི་ཆུ་དང་། ས་དོང་བྲུས་ཤིང་བརྐོས་པ་ལས་བྱུང་བ་ཁྲོན་པའི་ཆུ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་སོགས་ཚྭ་དང་ལྷན་ཅིག་ཏུ་འདྲེས་པ་ལས་བྱུང་བ་བ་ཚྭའི་ཆུ་དང་། ནགས་ཆེན་པོ་ལས་འབབ་པ་ཤིང་གི་ཆུ་བཅས་རིགས་བདུན་པོ་དེ་དག་ཀྱང་རིམ་པས་དང་པོ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཕྱི་མ་ཕྱི་མ་རྣམས་རིམ་པ་བཞིན་དུ་དམན་པ་ཏེ་ངན་པར་བཤད།

དེ་ཡང་སྙིང་པོ་བསྡུས་པ་ལས། །མཁའ་ལས་འབབ་པ་གངྒའི་ཆུ། །འཚོ་བྱེད་ངོམ་བྱེད་ཡི་གར་འོང་། ཚིམ་ཞིང་སེམས་ནི་གསལ་བྱེད་པ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བས་བདུད་རྩིར་མཚུངས། །ཞེས་པ་ལྟ་བུའི་ཡོན་ཏན་དང་ལྡན་པས་དྭངས་མ་ལ་སོགས་པའི་ལུས་ཟུངས་འཚོ་ཞིང་ཁ་ངོམས་པ་སྟེ་སྐོམ་པའི་གདུང་བ་སེལ་བ་དང་། རེག་བྱ་དང་ནུས་པ་གཉིས་ཀ་རབ་ཏུ་བསིལ་བས་གཟུགས་པོ་ངན་པའི་མི་ཡིས་ཐུབ་པར་དཀའ་ཞེས་བཤད། གལ་ཏེ་ཆུ་དེ་ཉིད་གངས་ལས་བྱུང་བ་ཡིན་རུང་མཚོ་ལྟར་འཁྱིལ་ནས་བརྟན་པ་དང་། དལ་གྱིས་འབབ་པས་གཡུང་བ་ཡིས་སྲིན་བུ་དང་། །རྐང་འབམ་དང་། སྙིང་གི་ནད་སྐྱེད་པར་བྱེད་དོ། །མདོར་ན་ཆུ་གང་ཡང་ཐོན་སའི་ཕྱོགས་གཙང་ཞིང་གཙང་མར་གནས་པ་དང་། ཉི་མའི་འོད་ཟེར་དང་། རླུང་བསེར་བུའི་རེག་བྱ་ཕོག་པ་རྣམས་ནི་བཟང་བ་ཡིན་ནོ། །དེ་ལས་ལྡོག་པ་འདམ་རྫབ་དང་ལྷན་ཅིག་ཏུ་གནས་པ་དང་། ཉ་ལྕིབས་ཏེ་ཆུ་བལ་སྔོན་པོས་གང་བ་དང་། རྩྭ་དང་། ལོ་མའི་རིགས་དང་། ཤིང་སོགས་སྐྱེས་པའམ་ཡང་ན་དེ་དག་གི་གྲིབ་མ་ཕོག་པ། ཁྲོན་པ་གཏིང་ཤིན་ཏུ་རིང་ཞིང་ཐོག་དང་བཅས་པས་ཉི་འོད་དང་རླུང་གིས་མ་རེག་པ། རྒྱ་མཚོ་ཆེན་པོ་ལ་སོགས་པ་བ་ཚྭ་ཅན་དང་སྲོག་ཆགས་ཧ་ཅང་མི་འཚམ་པར་གནས་པའི་ལུས་ཀྱི་དྲི་མ་དང་། བཤང་གཅི་དང་དུག་སོགས་ཀྱི་ཁུ་བ་དང་ལྡན་པའི་ཆུ་ནི་ཤིན་ཏུ་ངན་པས་ཉེས་པ་ཀུན་སྐྱེད་པར་བཤད།

གོང་དུ་ཇི་སྐད་བསྟན་པའི་ཆར་ཆུ་ལ་སོགས་པ་བཟང་པོ་རྣམས་མ་སྐོལ་བར་ཆུ་བསིལ་ཉིད་ཁོང་དུ་གཏོང་བ་དང་། དེར་ཞུགས་པ། ལུས་ལ་གཏོར་བས་ན་དེས་དྲན་མེད་དུ་བརྒྱལ་བ་དང་། ལུས་ངལ་བར་གྱུར་པ། ཆང་ནད་དང་། མགོ་བོ་འཁོར་བ། སྐྱུག་པ། སྐོམ་དད་བྱེད་པ། ལུས་ལ་ཚ་དྲོད་ཆེས་པར་གྱུར་པ། ཁྲག་དང་མཁྲིས་པ་འཕེལ་བའི་ནད་དང་། དུག་ནད་སོགས་སེལ་བར་བྱེད་པ་དང་། ཆུ་དེ་ཉིད་ཡུལ་དུས་དང་ལྕི་ཡང་བར་མ་ལ་རྗེས་སུ་དཔགས་ནས་བཞི་ཆ་གཅིག་དང་། སུམ་ཆ་གཅིག གཉིས་ཆ་བར་ཏེ་མདོར་ན་ལྦུ་བ་མ་སངས་བར་ལེགས་པར་བསྐོལ་བ་དེ་ཡིས་ཕོ་བའི་མེ་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བར་བྱེད་པ་དང་། སྐྱིགས་བུ་སེལ་ཞིང་། བད་ཀན་གྱི་ནད་དང་། ལྟོ་བ་སྦོས་པ་དབུགས་མི་བདེ་བ། གཞན་ཡང་ཆམ་པ་གསར་པ་དང་། རིམས་གསར་པ་སྟེ་བྱུང་མ་ཐག་པ་རྣམས་འཕྲལ་དུ་སེལ་ཞིང་ལམ་ནས་ལྡོག་པར་བྱེད་དོ། །ཆུ་དེ་ཉིད་ལེགས་པར་བསྐོལ་ནས་གྲང་དུ་བཅུག་པའི་བསྐོལ་གྲངས་ཀྱིས། བད་ཀན་གྱི་ནད་མི་སྐྱེད་ཅིང་མཁྲིས་པའི་ནད་སེལ་བར་བྱེད་པ་དང་། འོན་ཀྱང་བསྐོལ་གྲངས་དེ་ཉིད་ཞག་གཅིག་སོགས་ཡུན་རིང་ལོན་དུས་བཏུང་ན་དུག་དང་འདྲ་བས་ཉེས་པ་ཀུན་སྐྱེད་པའི་གཞི་རུ་འགྱུར་བས་སྤང་བླང་བྱ་ཤེས་དགོས།

གསུམ་པ་ཇའི་སྡེ་ཚན་ལ།

བོད་ཀྱི་ལོ་རྒྱུས་རྣམས་སུ་ཇ་ནི་འདུས་སྲོང་མང་རྗེའི་སྐབས་སུ་བྱུང་བར་བཤད་ཀྱང་ཉེ་ཆར་མངའ་རིས་ནས་ལོ༡༨༠༠ཙམ་གྱི་ལོ་རྒྱུས་ལྡན་པའི་ཇ་ལོ་ཞིག་ས་འོག་ནས་ཐོན་ཡོད་པ་ལྟར་ན་གནའ་ནས་བོད་ཡུལ་དུ་ཇ་བཏུང་སྲོལ་ཡོད་པ་ཤེས་ནུས།

༡ བོད་ཡུལ་དུ་ཇ་དར་བ་ནས་བཟུང་ད་ལྟའི་བར་བོད་པས་ཇ་བསྐོལ་བའི་ལག་རྩལ་གྱི་རྣམ་གྲངས་ལ་མཚོན་ན།

༡ ཇ་སྲུབ་མའི་སྐོར་ལ། ༡ མར་ཇ་སྲུབ་མ། ༢ སྟར་ཇ་སྲུབ་མ། ༣ སྒོང་ཇ་སྲུབ་མ། ༤ རྩམ་ཇ་སྲུབ་མ། ༥ རུས་ཇ་སྲུབ་མ།

༢ ཇ་མངར་མོའི་སྐོར་ལ། ༡ བུར་ཇ། ༢ ཇ་མངར་མོ། ༣ སྨན་ཇ་མངར་མོ།

༣ འོ་ཇའི་སྐོར་ལ། ༡ འོ་ཇ་ཚྭ་ཡོད། ༢ ཚ་མེད་ཨ་མདོའི་འོ་ཇ། ༣ སྒ་སྐྱའི་འོ་ཇ།

༤ ཇ་འདུར་མའི་སྐོར་ལ། ༡ ཐེས་ཇ་འདུར་མ། ༢ ཉག་རོང་ཇ་སྲེག ༣ འོ་ཇ་འདུར་མ།

༥ ཇ་དྭངས་ལ། ༡ ཇ་དྭངས་ཚ་ཡོད་དང་ཚ་མེད་གཉིས་བཅས་ཀྱི་ལམ་སྲོལ་དར་འཕེལ་བྱུང་བ་དང་།

༢ ཇ་བསྐོལ་སྣོད་ལ་མཚོན་ན། ཇ་རྫ་སྟེ་རྫའི་ཇ་བསྐོལ་སྣོད་དང་། ཇ་ཁྲོ་སྟེ་ཁྲོ་ལས་གྲུབ་པའི་ཇ་བསྐོལ་སྣོད། ཟངས་དཀར། རག་རྡིག ཧ་ཡང་སོགས་ཇ་བསྐོལ་སའི་རྣམ་གྲངས་སྣོད་ཆེ་ཆུང་མང་ན་ཡང་། རྫ་སྣོད་དང་། ཁྲོ་ལྕགས་ཀྱི་སྣོད་གཉིས་བཟང་ཤོས་སུ་འཛིན།

༣ ཇ་བླུགས་སྣོད་ཇ་ལྟིར་ལ་མཚོན་ན། རྫའི་ཇ་ལྟིར་ལ་ཆེ་ཆུང་དང་དབྱིབས་མདོག་སོགས་སྣ་ཚོགས་ཡོད་རུང་སྤྱི་རིགས་ནས་དབྱེ་ན། ༡ ཇ་ལྟིར་སྐེ་རིང་དང་། ༢ ཇ་ལྟིར་འཇག་མ། ༣ ཇ་ལྟིར་ཤང་མ། ༤ ཇ་ལྟིར་ལུང་གཉིས་མ། ༥ ཇ་ལྟིར་ཆུ་སྲིན་མ། ཁོག་ལྟིར་མེ་ཁོག་སྦྲགས་མ་སོགས་དང་།

གསེར་དང་། དངུལ། ཟངས་དང་། རག་བཅས་ཀྱི་རྒྱུ་ཆ་ལས་གྲུབ་པའི་ཇ་ལྟིར་ལ་གསེར་དངུལ་བཀྲ་མ། གསེར་ཟངས་བཀྲ་མ། དངུལ་ཟངས་བཀྲ་མ་སོགས་རི་མོ་དང་སྣ་ཚོགས་ལ་གཡུ་བྱུར་གྱི་འཕྲ་སྣ་ཚོགས་ཡོད་པ་དང་།

༤ ཇ་སྲུབ་སྣོད་ཇ་མདོང་ལ་མཚོན་ན། ཤིང་གི་རྒྱུ་ཆ་མི་འདྲ་བ་ཙནྡན་དང་། མཛོ་མོ་ཤིང་། སྟར་གའི་ཤིང་། ཤུག་པ། ད་གའི་ཤིང་སོགས་སྣ་ཚོགས་ལ་མིའི་ལག་རྩལ་གྱིས་མཛེས་སྤྱོད་དང་མཐུན་པར་བཟོས་པ་ལ། སྨྱུག་མ་དང་སྦ་སོགས་མཉེན་ལྕུག་ལྡན་པའི་ཤིང་གིས་སུམ་བསླས་ནས་དགུ་བསླས་བར་མཛེས་པའི་བསླས་རིས་སྣ་ཚོགས་ཀྱི་ལྕུ་གུས་སྤྲས་པ་དང་། དེ་ལས་ཚད་མཐོ་བ་ལ་གསེར། དངུལ། ཟངས། རག ལྕགས་སོགས་ཀྱིས་ཤན་པ་ལ་མཛེས་སྤྱོད་ཀྱི་རི་མོ་སྣ་ཚོགས་བཀོད་པའི་ཐོག་གཡུ་བྱུར་སོགས་རིན་ཆེན་རིགས་སྣ་མང་གི་ཕྲ་ཡོད་པ།

ད་དུང་ཤིང་གི་སྨྱུག་མདོང་དང་སྦ་མདོང་ལ་ཡང་སྦ་སྨྱུག་གི་མཛེས་རྒྱན་བསླས་མའི་རི་མོ་ཡོད་པ། ཡང་འགའ་ལ་གསེར། དངུལ། ཟངས། རག་སོགས་ཀྱིས་ཤན་ནས་རི་མོའི་མཛེས་པར་བརྒྱན་པ་སོགས་སྤྲོས་པ་ཤིན་ཏུ་ཆེ་བ་ཡོད།

༥ ཇ་ཕོར་ལ་མཚོན་ན། རྫའི་ཇ་ཕོར། རྡོའི་ཇ་ཕོར། ཤིང་གི་ཇ་ཕོར། ཀ་ཡོལ་གྱི་ཇ་ཕོར། གསེར་དངུལ་གྱི་ཇ་ཕོར། ཤིང་ཕོར་དཀྱུས་མ་དང་གསེར་དངུལ་གྱིས་ཤན་མ་སོགས་ཧ་ཅང་མང་།

ཇ་ཕོར་དེ་དག་བླུག་སའི་ཕོར་ཤུབས་དང་ཕོར་ཁུག་སྣ་ཚོགས་ལ་བཟོ་བཀོད་ཀྱི་རི་མོ་སྣ་ཚོགས་ཡོད་པ་མང་།

༦ ཇ་ཁུག་ལ་མཚོན་ན། བོད་ཡུལ་གྱི་ཇ་ཁུག་ཕལ་ཆེ་བ་ཀོ་བའི་ཁུག་མ་ཡིན་ཞིང་ཀོ་བ་ནི་ཡག་ཤོས་གླ་བའི་ལྤགས་པ་དང་། ཤ་པགས། གནའ་པགས། རྒོ་བའི་ལྤགས་པ་སོགས་རི་དྭགས་ཀྱི་ལྤགས་པའི་ཁུག་མ་ནི་ཇའི་དྲི་མ་སྲུང་སྐྱོབ་ཐུབ་པའི་ལྤགས་རིགས་ཀྱི་ཁུག་མ་ཡག་ཤོས་སུ་བརྩི་ཞིང་། ཁུག་མ་དེ་དག་ལ་ཀོ་བ་ཚོས་གཞི་མི་འདྲ་བ་ལ་བཟོ་རྩལ་གྱི་རི་མོ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཏེ་དང་འདོད་ཆེན་པོ་བྱ་སྲོལ་ཡོད།

༧ བོད་ཇའི་སྡེབ་སྦྱོར་གྱི་ལམ་སྲོལ་ནི་ས་མཐོའི་ཁོར་ཡུག་དང་མཐུན་པའི་དམིགས་བསལ་གྱི་ཕན་ནུས་ལྡན་པ་སྟེ། ཇ་སྲུབ་མ་ལྟ་བུ་ལ་མཚོན་ན་ལུས་ལ་དྲོད་སྐྱེད་པ་དང་། ཕོ་བ་དང་རྒྱུ་མ་ལ་སྲུང་སྐྱོབ་ཀྱི་ནུས་པ་ལྡན་པ། ས་མཐོའི་ལ་དུག་སེལ་ནུས་པ། ཤིང་ཏོག་དང་སྔོ་ཚལ་ཉུང་བའི་ས་མཐོའི་ཡུལ་དུ་འཚོ་བཅུད་མང་པོ་ཁ་གསབ་ཐུབ་པ། རིག་པ་དྭངས་ཤིང་བག་ཕེབས་པ་སོགས་འཚོ་བ་དངོས་ལ་དགོས་མཁོ་ཆེ་བའི་ཕན་ནུས་ཆེ་བ་སོགས་གཞན་ལས་ཤེས་པར་བྱ།

༨ བོད་ཀྱི་དམངས་ཁྲོད་དུ་ཇ་གླུ་ཞེས་ཇ་འཐུང་བཞིན་གླུ་ལེན་པའི་ལུགས་སྲོལ་གྱི་གླུ་ཚིག་ཀྱང་ཡོད་ལ། ཇ་བཤད་ཅེས་ངག་ཐོག་ནས་ཇའི་ཕན་ནུས་དང་འབྲེལ་བའི་གཏམ་བཤད་ཀྱང་སྣ་ཚོགས་ཞིག་ཡོད། མ་ཟད་ཟས་སྐོམ་གྱིས་གཙོས་པའི་དངོས་རྫས་མི་འདྲ་བ་ལ་བཤད་པ་རེ་མེད་པ་ཧ་ལམ་མེད།ཇ་མཆོད་ཀྱི་ཡིག་ཆ་གཅིག་པུ་ལའང་མི་འདྲ་བ་སྟོང་ཕྲག་ལྷག་ཙམ་ཡོད།ད་དུང་ཇ་དང་འབྲེལ་ཏེ་བསམ་གཏན་བསྒོམ་པའི་ནུས་པ་མཐོར་འདེགས་བྱ་ཐབས་སོགས་དང་། ལོ་རྒྱུས་ཐོག་བོད་ཀྱི་ཇ་སྟོན་ལྟ་བུ་ནི་ཧ་ཅང་དཀོན་པའི་ཚོད་ཏེ་དཔེར་ན་མི་གྲངས་མང་པོའི་མཉམ་དུ་ཇ་སྟོན་ལ་རོལ་བ། འགྲོ་མགོན་འཕགས་པས་ཆུ་མིག་ཆོས་འཁོར་དུ་འདུས་པ་ཁྲི་བདུན་གྱིས་ཇ་མཆོད་མཉམ་དུ་བཏོན་ཏེ་ཇ་སྟོན་ལ་རོལ་བ་དང་། བོད་རྒྱལ་སྲོང་བཙན་སྒམ་པོའི་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ནས་དགྱེས་སྐྱེམས་སྟོན་མོའི་སྐབས་ཀྱི་ཇ་ཐབ་ལ་ཡང་། བཙན་ཐབ་གླིང་བཞི་མ་ཞེས་ཕྱོགས་བཞི་རེར་ཇ་ཁྲོ་ཆེན་པོ་གཉིས་རེ་སྟེ་བརྒྱད། དཀྱིལ་དུ་གཅིག་བཅས་ཇ་ཁྲོ་དགུ་ཡོད་པ་རེ་རེའི་ཤོང་ཚད་ལ་ཆུ་ཟོམ་བརྒྱ་རེའི་ཤོང་ཚད་ཡོད་པར་གྲགས་པ་སྟེ། ཐབ་ཆེན་གཅིག་གི་ཐོག་ཏུ་ཇ་ཟོམ་དགུ་བརྒྱ་དུས་ཅིག་ལ་བསྐོལ་ནས་ཇ་སྟོན་བྱས་པར་གྲགས་པ་སོགས་རྒྱས་པ་ཟུར་དུ་ཤེས།

བཞི་པ་ཆང་གི་སྡེ་ལ།

ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། །དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ། །ཞེས་པ་ལྟར་ཆང་ནི་སྤྱིའི་དབང་དུ་བྱས་ན་རོ་མངར་སྐྱུར་ཁ་བ་གསུམ་དང་ལྡན་ལ་ཞུ་རྗེས་སྐྱུར་བར་འཇུ་བ་དང་། སྨྲ་བ་ལ་སོགས་པའི་ཆ་ལ་མི་ཞུམ་པ་སྤོབས་པ་ཆེར་སྐྱེད་ཅིང་གཉིད་འཕེལ་བ་དང་། བད་རླུང་གི་ནད་ཀུན་ལ་ཕན་ཞིང་སེལ་བར་བྱེད་། བྱེ་བྲག་གི་ནུས་པ་ཆང་གང་ཡང་གསར་པའི་རིགས་རྣམས་ནི་ནུས་པ་ལྕི་ཞིང་འཇུ་དཀའ་བ་ཡིན་ལ། རྙིང་པ་རྣམས་ནི་ནུས་པ་ཡང་ཞིང་འཇུ་སླ་བ་ཡིན། འོན་ཀྱང་ལེགས་པར་སྨིན་པའི་ཆང་གསར་འཇམ་གྱི་ཕོ་བའི་མེ་དྲོད་སྐྱེད་ཅིང་འཇུ་བ་སླ་བ་ཡིན། དེ་བཞིན་དུ་འབྲས་ཆང་གི་ནུས་པ་ལྕི་བ་དང་། འབྲས་ཆང་ལས་གྲོ་ཆང་གི་ནུས་པ་ལྕི་བ་ཡིན་ཅིང་སོ་བ་དང་། སྲེ་ད་དང་། ཡོས་ཆང་རྣམས་གོང་མ་རྣམས་ལས་ནུས་པ་ཆེས་ཡང་བ་ཡིན། ཆང་དེ་རྣམས་གང་ཡང་རུང་བ་དུས་འདས་པ་ཡུན་རིང་པོར་ལོན་པ་རང་བཞིན་ཤིན་ཏུ་སྐྱུར་པོར་སོང་བ་འབའ་ཞིག་ལ་ཚ་ཞེས་བྱ་བས་ཁྲག་མཁྲིས་དང་བད་ཀན་གྱི་ནད་སེལ་བར་བྱེད། ཅེས་བཤད།

བོད་ཡུལ་དུ་ཆང་གི་རིག་གནས་དང་ལག་རྩལ་ཟུང་དུ་འབྲེལ་བའི་རིག་གཞུང་རྒྱ་ཆེན་ཞིག་དར་འཕེལ་བྱུང་ཡོད་ལ། དེ་ཡང་རིག་གནས་ལ་མཚོན་ན་ཆང་སྟོན་གྱི་དུས་ཚེས་དམིགས་བསལ་བ་དུ་མ་ཡོད་ཅིང་། དེ་ལ་ཆང་གླུ། ཆང་མཆོད། ཆང་བཤད། ཆང་བསྟོད་བཅས་དམངས་ཁྲོད་དང་ཤེས་ཡོན་པའི་སྡེ་གཉིས་ཀ་ནས་ཡོད་པ་མ་ཟད། ཆང་སྣོད་དང་ཆང་ཕོར་གཅིག་པུ་ལ་མཚོན་ནའང་རྒྱུ་ཆ་དང་གཟུགས་དབྱིབས་མང་ཞིང་མཚོན་དོན་གྱི་བཤད་པ་སྣ་ཚོགས་ཡོད་པ། ཆང་བཏུང་བའི་དུས་སུ་ཡང་གུས་སྲོལ་སོགས་སྒྲིག་ལམ་མང་པོ་ཡོད་ལ། ཆང་བསྙལ་བའི་ལག་རྩལ་ལ་མཚོན་ན་ད་སྔོན་བགྲེས་སོང་མི་སྣ་དྲུག་ཅུ་ལྷག་ཙམ་ལ་བཅར་འདྲི་དང་སློབ་སྦྱོང་བྱས་པ་བརྒྱུད། རྒྱུ་ཆ་དང་ལག་རྩལ་གྱིས་དབྱེ་བའི་ལུགས་སྲོལ་མི་འདྲ་བ་༢༣་ཙམ་ཞིག་ཤེས་རྟོགས་བྱུང་ཡོད་རུང་། ད་དུང་ཡིག་ངག་གཉིས་ལས་ཆ་འཕྲིན་ཐོབ་པ་དཔེར་ན་གོ་ཆང་དང་རྟ་ཆང་སོགས་མང་པོ་ཞིག་གི་ལག་ལེན་གསལ་པོ་ཤེས་རྟོགས་ཐུབ་མེད། ཆང་གི་རིག་གནས་ལག་རྩལ་གཅིག་པུ་ལ་མཚོན་ན་ཡང་མདོ་དབུས་མཐོ་སྒང་ལ་གནས་པའི་མི་རིགས་འདི་བློ་གྲོས་གསལ་ཞིང་འཚོ་བ་ལ་སྤྲོ་སྣང་ལྡན་པ་ཞིག་ཡིན་ཚོད་འདུག །

གསུམ་པ་གཡོས་སྦྱོར་ལག་རྩལ་ལ་མཚོན་ན།

༥ བོད་ཟས་གཡོས་སྦྱོར་ལག་རྩལ་ལ། ༡ བཙོས་མ། ༢ བསྐོལ་བ། ༣ བརྔོས་མ། ༤ བསྲེགས་པ། ༥ བསྙལ་བ། ༦ བསྐམས་པ། ༧ རྙིང་དུ་གཞུག་པ། ༨ འཁྱག་པ་བཟོ་བ་བཅས་རྩ་བའི་གཡོས་སྦྱོར་གྱི་ལག་རྩལ་མ་ལག་བརྒྱད། བཙོས་མ་ལ་ཆུར་བཙོས་དང་། རླངས་བཙོས། སྣུམ་བཙོས་གསུམ་དང་། བརྔོས་མ་ལ་རྗེན་བརྔོས་དང་། སྣུམ་བརྔོས། བསྲེགས་པ་ལ་རྗེན་བསྲེགས་དང་། སྣུམ་བསྲེགས་བཅས་ཀྱི་དབྱེ་བ་ཡོད་ཅིང་། དུས་རྒྱུན་དམངས་ཁྲོད་དུ་བསྐོལ་བ་དང་བཙོ་བའི་ལག་ཐབས་སྤྱོད་པ་མང་།

བྲོ་རྫས་ལ། བོད་ཟས་ལ་ལན་ཚྭ་གཙོ་བོར་གྱུར་པའི་བྲོ་རྫས་ཡོངས་གྲགས་༣༢་ཡོད་པ་དེ་དག་རེ་རེའི་བྲོ་བ་དང་ཕན་ནུས་སོགས། དམངས་ཁྲོད་དུ་ཚིག་སྦྱོར་སྙན་ཅིང་ཁ་གསལ་གོ་བདེ་ཅན་དཔེར་ན། ཡུང་བ་ལ། ཁྱོད་དུག་ལྷའི་བསམ་པ་གནག་ཞེན་མེད། སྨན་ཡུང་བ་རམ་མདའ་སླེབས་ཉེ་ཡོད། ཅེས་དང་། སྔོ་ཕོ་རིལ་ལ། དགུན་ཨ་ཧྲང་ལྷག་པ་མདའ་ལས་ཚ། །སྔོ་ཕོ་རིལ་མེ་དྲོད་གསོ་རན་ཡོད། །ཅེས་དང་། ཏང་ཀུན་ལ། སྲིན་ཡ་མ་མགོ་འཕང་མ་མཐོ་དང་། རྩ་ཏང་ཀུན་རྫ་སྤང་མཚམས་སུ་ཡོད། །ཅེས་པ་སོགས་དཔེ་མཚོན་ཙམ་མོ། །

བོད་ཟས་གཡོས་སྦྱོར་ལག་རྩལ་ལས་བྱུང་བའི་རོ་བྲོ་བ་མི་འདྲ་བ་རྒྱས་པ་ལ་བརྒྱ་ཐམ་པ་ཡོད་ཅིང་། འབྲིང་པོ་ལ་དྲུག་ཅུ་རྩ་གསུམ། བསྡུས་པ་ལ་ལྔ་བཅུ་རྩ་བདུན་ཡོད་པ། དེ་དག་གཡོས་སྦྱོར་གྱི་རྒྱུ་ཆ་དང་བྲོ་རྫས་བསྡེབ་ཚུལ་ལས་ཐོན་པའི་བྲོ་བ་མི་འདྲ་བར་བྱུང་བ་ཞིག་ཡིན། གཡོས་སྦྱོར་གྱི་རྒྱུ་ཆ་མི་འདྲ་བར་མཚོན་ན། འབྲུ་ལས་གཡོས་སྦྱོར་བྱས་པའི་སྡེ་དང་། སྔོ་ལས་གཡོས་སྦྱོར་བྱས་པའི་སྡེ་གཉིས་ཡོད་པ་ལས།

དང་པོ་འབྲུ་ལས་གཡོས་སྦྱོར་བྱས་པ་ནི། འབྲས་ཐུག་སླ་དང་སྐ་དང་གར་བ་དང་། །འབྲས་ཆན་རྣམས་ནི་སྔ་མ་སྔ་མ་ཡང་། །སླ་བ་སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ཟུངས་སྙོམས་དྲོད་སྐྱེད་རྩ་སྦུབས་མཉེན། །སྐ་བ་དྲོད་སྐྱེད་བཀྲེས་སྐོམ་ཉམ་ཆུང་རྨྱ། །ནད་འཇུ་བྱེད་ཅིང་དྲི་མ་འགགས་པ་སེལ། །ཐུག་གར་འཁྲུ་གཅོད་ཡིད་འོང་སྐོམ་པ་སེལ། །དེ་ཕྱིར་རིམ་པས་ཉམ་ཆུང་ཁྲུས་རྗེས་བསྔགས། །འབྲས་ཆན་ལེགས་བཅོས་ཚ་བའི་སྨན་དང་བསྐོལ། །ཡང་ཞིང་འཇུ་སླ་ཤ་ཁུ་འོ་བསྐོལ་ལྕི། །འབྲས་ཡོས་འཁྲུ་བ་གཅོད་དང་རུས་ཆག་སྦྱོར། །སྲུས་ཐུག་ནས་ཐུག་རྒྱུན་འགག་མེ་དྲོད་འཇོམས། །ཡོས་ཧྲལ་ཡང་ཞིང་འཇམ་དྲོ་ཕོ་བར་འཕྲོད། །རྩམ་པ་གྲང་མོ་སྟོབས་སྐྱེད་ལྕི་བ་ཡིན། །བཙོས་ཟན་ཡང་ལ་འཇམ་པས་འཇུ་བ་སླ། །ཁེངས་པོ་ཐམས་ཅད་ཕོ་བའི་མེ་དྲོད་འཇོམས། །ཨ་སྦྱར་འཇུ་སླ་སྟོབས་འཕྲོག་ཉེས་ཀུན་སེལ། །ཟན་ཆང་རླུང་སེལ་ཁོང་པའི་དྲོད་ལ་ཕན། །སྐྱུར་པོ་ཟས་ལེན་ཉེས་སེལ་སྙིགས་ཞབས་དམད། །ཤ་ཁུ་ཉམས་བརྟས་ཚིམ་བྱེད་རླུང་ལ་ཕན། །ཟན་སྐམ་ཚོད་མ་རླུང་ལ་མཆོག་ཏུ་བསྔགས། །ཞེས་པ་སོགས་དཔེ་མཚོན་ཙམ་དང་།

སྔོ་ལས་གཡོས་སྦྱོར་བྱས་པ། ཟྭ་ཚོད་རླུང་འཇོམས་དྲོད་སྐྱེད་བད་མཁྲིས་སློང་། །ལྕམ་པ་བེ་ཁུར་དྲོད་སྐྱེད་འཁྲུ་བ་གཅོད་ཅིང་རྟུག་སྐམ་སེལ། །སྔོ་སྒའི་ཚ་བ་མཁྲིས་ཚད་མགོ་ནད་སེལ། །སྲན་ཚོད་ཁ་ཟས་ལེན་ཞིང་བད་རླུང་སྐྱེད། །ལུས་ཀྱི་སྣུམ་འདོན་འབྲུ་མར་མ་ཞུ་སེལ། །ལོ་གསར་སྙོམས་ཤིང་བཤུར་བས་བད་རླུང་སྐྱེད། །ཡུངས་ཀར་ལོ་མ་བད་མཁྲིས་འཁྲུགས་པར་བྱེད། །ལྕ་བ་ར་མཉེའི་ཚོད་མས་བད་རླུང་སེལ། །ལ་ཕུག་ཚ་བ་དྲོད་སྐྱེད་འཁྲུ་བ་གཅོད། །སྒོག་སྐྱ་སྒོག་སྔོན་ཚ་བ་རླུང་ལ་ཕན། །ཞེས་པ་སོགས་རྒྱས་པ་གཡོས་སྤྱོར་ལག་རྩལ་སློབ་དེབ་ལས་ཤེས་པར་བྱའོ།

ད་ལྟའི་བོད་ཀྱི་བཟའ་བཏུང་ཤེས་རིག་གི་གནས་བབ་ལ་མཚོན་ན།

ད་ལྟ་བོད་ཀྱི་བཟའ་བཏུང་ཤེས་རིག་ལ་ཞྭ་དཔེ་ལྷམ་འགེབ་ཀྱིས་གཞན་འགྱུར་དུ་འགྲོ་བའི་རྒྱུ་རྐྱེན་ནི།གཡོས་སྦྱོར་ལག་རྩལ་མ་ལག་ཅན་དུ་ཆགས་མ་ཐུབ་པའི་རྐྱེན་གྱིས་བྱུང་བ་ཞིག་རེད།

དང་པོ། དེ་ཡང་རྒྱུ་རྐྱེན་གཙོ་བོ་ནི་བོད་ཟས་ཀྱི་རིག་གཞུང་མ་ཤེས་པ་ལས་བྱུང་བ་ཡིན་ལ། གོང་གསལ་ལྟར་གནའ་བོའི་དུས་སུ་བོད་ཟས་ལ་རིག་གཞུང་ཡོད་པ་དཔེར་ན་ལྷ་ཐོ་ཐོ་རིའི་སྐབས་སུ་འཚོ་བ་ཟས་ཀྱི་མདོ་དང་སྦྱོར་བ་སྨན་གྱི་མདོ་གཉིས་གཉམ་དུ་བྱུང་བ་དང་། དེ་རྗེས་ས་ཁུལ་གཞན་ནས་གཡོས་སྦྱོར་ལག་རྩལ་མང་པོ་ནང་འདྲེན་བྱས་མ་ཟད། གསོ་རིག་རྒྱུད་བཞིའི་ནང་དུའང་མི་ན་བར་གནས་པར་བྱེད་པའི་སྐོར་ལ་ཟས་སྤྱོད་གཉིས་བསྟན་པ་དང་། དུས་རབས་བཅུ་གསུམ་པའི་ནང་གཙང་གི་མཁས་དབང་འཇམ་དབྱངས་མགོན་པོའི་བུར་ཇ་སོགས་བཟའ་བཏུང་གཡོས་སྦྱོར་སྐོར་གྱི་དཔེ་ཚན་བརྒྱ་དང་ཉི་ཤུ་བརྩམས་ཡོད་པ་དང་། ཉེ་སྔོན་ཙམ་ལ་ཞལ་བཞུགས་སྐུ་དྲག་བགྲེས་སོང་རྣམས་ཀྱིས་ཀྱང་། བོད་ཀྱི་བཟའ་བཏུང་གཡོས་སྦྱོར་ལ་གོ་རིམ་དང་ལམ་ལུགས་མང་པོ་ཞིག་བཤད་རྒྱུ་ཡོད་པ་དང་། བོད་པའི་གཙོ་རྒྱུག་གི་ཟ་མ་རྩམ་པ་བརྫི་ཚུལ་གཅིག་པུ་ལའང་ངག་རྒྱུན་གྱི་བཤད་པ་མི་འདྲ་བ་བཅུ་གྲངས་ཞིག་མཐོང་ཐོས་བྱུང་བ་སོགས་མང་རུང་དེ་དག་ནི་སྣང་མེད་དུ་ལུས་ཡོད།

གཉིས་པ། གནའ་བོའི་བོད་ཀྱི་གཡོས་སྦྱོར་ལག་རྩལ་མ་ལག་བརྒྱད་ཡོད་པ་ནི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་མཐུན་པ་ཞིག་ཡིན་ན་ཡང་། ད་ལྟ་བོད་ཟས་ཕལ་ཆེ་བ་རྒྱ་ལུགས་ཀྱི་བརྔོ་བའི་ལག་རྩལ་རྐྱང་པ་ལ་བརྟེན་གྱི་ཡོད། སྤྱིར་རྒྱ་ཟས་ལ་ཡང་བསྒྱུར་བཅོས་བྱས་མ་བྱས་ཀྱི་སྔོན་རྗེས་ལ་འགྱུར་བ་ཆེ་ཞིང་། ང་ཚོ་ནི་ད་ལྟ་ཆེས་གསར་པའི་རྒྱ་ཟས་གཡོས་སྦྱོར་ལག་རྩལ་རྐྱང་པ་ལ་བརྟེན་པ་སྟེ། དང་པོ་སྦྱོང་དུས་ནས་རྒྱ་ལུགས་ཀྱི་ཚལ་སྣོད་གཡུག་ཚུལ་དང་བཏུབ་ཚུལ་སྦྱངས་ནས་བརྔོ་རྒྱུ་ཁོ་ན་བྱེད། དེ་ནས་བྲོ་རྫས་ཚང་མ་རྫས་སྦྱོར་ལས་བཟོས་པ་རྐྱང་རྐྱང་བེད་སྤྱོད་པ་ལས། རང་བྱུང་ཁམས་ཀྱི་གནའ་བོའི་བྲོ་རྫས་སྡེབ་ཤེས་པ་ཕར་ཞོག་མིང་ཙམ་ཡང་ངོ་ཤེས་མི་དཀོན། བོད་ཀྱི་གཡོས་སྦྱོར་གྱི་ལག་རྩལ་ལ་བརྔོ་བ་ཉུང་ཞིང་ཅུང་ཟད་ཡོད་པ་དེ་ཡང་ད་ལྟའི་རྒྱ་ལུགས་ཀྱི་བརྔོ་ཚུལ་དང་ཁྱད་པར་གནམ་ས་ལྟ་བུའི་བར་ཐག་ཡོད། དེས་ན་གཡོས་སྦྱོར་ལག་རྩལ་དང་། རྒྱུ་ཆ་གང་དང་། བྲོ་རྫས་གང་བསྡེབས་ཏེ་བྲོ་བ་འདོན་སྟངས་སོགས་བོད་ཟས་གཡོས་སྦྱོར་ལག་རྩལ་ཤེས་མི་ཙམ་ཡང་ཧ་ཅང་ཉུང་། ཅུང་ཟད་ཤེས་པའི་སློབ་མ་དག་གིས་ཟེར་ཡ་ལ་བོད་ཟས་ཚད་ལྡན་བཟོས་པ་ཡིན་ན་འགྲོ་སོང་ཆེ་དྲགས་ནས་སྦྱིན་བདག་ལ་ཁེ་དཔོག་མེད་པ་དང་། གལ་སྲིད་རིན་གོང་ཆེ་སོང་ན་ཟ་མི་མེད་པ་སོགས་བོད་ཟས་ཚད་ལྡན་བཟོ་སའི་ཁོར་ཡུག་རྙེད་ཀྱི་མི་འདུག་ཟེར་བ་སོགས། ཁོར་ཡུག་གི་གནད་དོན་མང་རུང་ཚང་མ་འདིར་བཤད་མི་ཐུབ།

གསུམ་པ། བོད་ཟས་ཀྱི་རྒྱུ་ཆ་མེད་པ་དཔེར་ན་སྔར་ཞོག་ཁོག་སྣ་ཁ་བདུན་ཙམ་ཡོད་པའི་ནང་ནས་དཀར་པོ་ཆེ་ཆུང་བ་དང་། དམར་པོ་རྩི་ཞོག་གྲགས་པ་གཉིས་རྒྱུན་མ་ཆད་ཙམ་དང་། ཞོག་ཁོག་དམར་པོ་ཆེ་བའི་རྒྱུད་རྒྱུ་ལ་འགྱུར་བ་ཕྱིན་པ་དང་། ཞོག་ཁོག་སྨུག་པོའི་ས་ཡོན་རྒྱུན་མ་ཆད་ཙམ་ཞིག་ཡོད་ཚུལ་ཐོས་པ་ཙམ་དང་། བོད་ཀྱི་ལ་ཕུག་རིགས་གསུམ་གྱི་རྒྱུད་རྒྱུ་ལ་ལྷད་ཞུགས་པ་དང་། ཁྲེ་དང་ཙི་ཙི་མོན་འཇག་སོགས་ཀྱི་ས་བོན་ཙམ་ཡང་རྙེད་དཀའ་བ་དང་། གྲོ་ནས་སྲན་གསུམ་གྱི་རྒྱུ་རྒྱུད་ལ་བཟོ་བཅོས་ཅན་དང་བསྲེ་སླད་ཅན་དུ་གྱུར་ཏེ་ས་མཐོའི་ཁྱད་ཆོས་ཅན་གྱི་འབྲུ་རིགས་རྣམས་ཉམས་དམས་སུ་འགྲོ་བཞིན་པ་དང་། འབྲོག་པའི་ཐོན་རྫས་ཕལ་ཆེ་བའང་བསྲེ་སླད་ཅན་དུ་གྱུར་པ་ནི་ཚང་མས་ཤེས་གསལ་ལྟར་རེད། དེ་བཞིན་དུ་བོད་ཀྱི་བྲོ་རྫས་ཕལ་ཆེ་བ་ངོས་འཛིན་ཙམ་ཡང་མི་ཤེས་པར་གྱུར་པ་སོགས། བོད་ཟས་ཀྱི་རྒྱུ་ཆ་ལྷད་མེད་རྣམས་མེད་པར་འགྱུར་བཞིན་པ་འདི། བོད་ཀྱི་བཟའ་བཏུང་ལ་མ་ལག་རང་བཞིན་ཆགས་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་མ་ཟད། ད་ལྟ་ང་ཚོའི་ཁོར་ཡུག་ནི་ཤེས་ཡོན་དང་མཐོང་རྒྱ་ཆུང་ཞིང་། དཔལ་འབྱོར་གྱི་ནུས་པ་ཞན་པའི་དབང་གིས་འཚོ་བཅུད་ལྡན་པའི་བཟའ་བཏུང་གི་རིན་ཐང་མི་ཤེས་རུང་། སྤྱི་ཚོགས་འཕོ་འགྱུར་འགྲོ་མགྱོགས་པའི་དབང་གིས་རིམ་གྱིས་ལྷད་མེད་ཀྱི་བཟའ་བཏུང་གི་རིན་ཐང་ཆེ་རུ་འགྲོ་བ་བཤད་མ་དགོས་པ་རེད།

བོད་ཀྱི་བཟའ་བཏུང་ལ་མ་ལག་རང་བཞིན་ཆགས་པ་ཡིན་ན་མི་རིགས་རིག་གནས་རྒྱུན་འཛིན་ཐད་ལ་ཕན་ནུས་ཆེན་པོ་ལྡན་པ་ནི་ཤོད་མ་དགོས་པ་སྟེ་དེ་ལ། ༡ མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་ཤེས་དགོས་པ། ༢ མཐོ་སྒང་གི་ཁྱད་ཆོས་ལྡན་པ་གནའ་བོའི་གཡོས་སྦྱོར་ལག་རྩལ་ངོས་ཟིན་པ། ༣ མཐོ་སྒང་རང་ལུགས་ཀྱི་བྲོ་རྫས་དང་བྲོ་བའི་སྡེབ་སྦྱོར་ཤེས་པ། ༤ ས་མཐོའི་རང་བྱུང་ཁམས་ལས་བྱུང་བའི་ཞིང་འབྲོག་ཐོན་བསྐྱེད་ཀྱི་རྒྱུ་ཆ་ལྷད་མེད་ཡོད་དགོས་པ། ༥ ཞིང་འབྲོག་གི་རྒྱུ་ཆ་དངོས་གཙང་ཉར་ཚགས་དང་མཁོ་སྤྲོད་བྱེད་པའི་བར་འཚོང་གི་ཁེ་གཉེར་བ་ཡོད་དགོས་པ། ༦ ཆེད་ལས་བོད་ཟས་གཉེར་བའི་ཁེ་ལས་པ་ཡོད་དགོས་པ། ༧ ཁེ་ལས་པ་ཡང་གནའ་དེང་ཟུང་དུ་འབྲེལ་བའི་དོ་དམ་གྱིས་བཟའ་བཏུང་རིག་གནས་མ་ལག་ཅན་དུ་འགྱུར་བར་ཁ་ཕྱོགས་དགོས་པ། ༨ ཚང་མས་རྒྱ་ཆེའི་འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་ཁོ་ནར་དམིགས་པའི་བསམ་འདུན་དང་ཁ་ཕྱོགས་གཅིག་པ་བཅས་བྱུང་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བཟའ་བཏུང་དག་མའི་ཤེས་རིག་གི་ལམ་སྲོལ་ཞིག་གཏོད་ཐུབ་པ་ཡིན་ན། རྒྱལ་ཁབ་ཕྱི་ནང་གང་དུའང་ཁྲོམ་ར་རྒྱ་ཆེན་པོ་ཡོང་ཐུབ་པ་དང་། དེ་འབྲེལ་རིག་གནས་ཀྱི་རིན་ཐང་དང་། དཔལ་འབྱོར་གྱི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་མང་པོ་ཞིག་མངོན་གྱུར་ཡོང་བ་ནི་བཤད་མ་དགོས་པ་ཞིག་རེད། དེ་ཡང་ལོ་ཤས་སྔོན་ནས་མི་རིགས་གཞན་པའི་ཤེས་ཡོན་པ་ཞིག་དང་བཀའ་མོལ་གྱི་བརྒྱུད་རིམ་ནང། བོད་ལ་ཆོས་ལུགས་ལས་གཞན་པའི་རིག་གནས་གང་ཡང་མི་འདུག །གལ་ཏེ་ཆོས་ལུགས་མེད་པ་ཡིན་ན་དབྱིས་རིགས་དང་འདྲ་བོ་ཞིག་རེད་ཅེས་ལབ་བྱུང་། ངས་ཁྱེད་རང་གིས་མ་མཁྱེན་པ་ལས་བཟོ་དང་སྨན་དང་སྒྱུ་རྩལ་སོགས་མང་པོ་ཡོད་རབས་དང་། བཟའ་བཏུང་གཅིག་པུ་ལ་ཡང་གྲངས་འབོར་གྱི་ཆ་ནས་དང་། བཟོ་རྩལ་དང་འཚོ་བཅུད་སོགས་གང་ཐད་ནས་ཚད་མཐོའི་གཡོས་སྦྱོར་ལག་རྩལ་ཡོད་ཚུལ་བཤད་པར། ཡང་ཁོ་རང་བོད་ཡུལ་གང་སར་བསྐྱོད་མྱོང་བ་མ་ཟད་ཨ་རི་དང་ཡོ་རོབ་ཁུལ་གྱི་བོད་ཟས་ཁང་དག་ལ་ཡང་རྒྱུས་ལོན་བྱ་མྱོང་ནའང་། ཇ་སྲུབ་མ་དང་། ཤ་མོག །རྩམ་པ་ཙམ་ལས་གཞན་ཚང་མ་རྒྱ་ཟས་རྐྱང་རྐྱང་རེད། གལ་སྲིད་རྒྱ་ཟས་ཀྱི་རམ་འདེགས་མེད་ན་བོད་ཟས་ཁང་གཉེར་དཀའ་བའི་ཚོད་དུ་སྣང་ཞེས་པ་དང་། ཡང་འཚོ་བ་དངོས་ལ་ཕན་འབྲས་ཡོད་པ་ཞིག་མེད་ན་ཁ་ནས་མང་པོ་བཤད་པ་ཙམ་གྱིས་ཕན་ཐོགས་ཀྱི་མ་རེད་ཅེས་ལབ་བྱུང་། སྐད་ཆ་འདི་ནི་གདམས་ངག་གི་མཆོག་མཚང་ཐོག་ཏུ་རྒོལ་བ་ཞེས་པ་དེ་ལ་བརྩི་བཞིན་ཡོད། ཡང་ཉེ་ཆར་ཀྲུང་གོ་གཡོས་སྦྱོར་མཐུན་ཚོགས་ཀྱི་འགན་འཛིན་གྱིས། དེང་སང་ཚང་མས་གསར་གཏོད་ལ་གལ་ཆེན་དུ་བརྩི་བ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་ཞིག་ཡིན་རུང་། སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་ནས་གསར་གཏོད་བྱས་ན་རིན་ཐང་ཡོད་པ་ལས། སྲོལ་རྒྱུན་གཞི་འཛིན་ས་ཙམ་ཡང་མེད་པའི་གསར་གཏོད་ལ་རིན་ཐང་ཡོད་མ་རེད་ཅེས་དང་། ཡང་ལས་རིགས་གང་ཡིན་ནའང་རིག་གཞུང་གི་རྐང་པ་མ་ཚུགས་ན་ལད་མོ་ལྟ་བུ་ལ་འགྱུར་གྱི་རེད་ཅེས་དང་། བོད་ཟས་ལ་དངོས་གནས་རིག་གཞུང་དེ་འདྲ་ཞིག་ཡོད་ན་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རེད་ལ་བོད་མི་རིགས་ཀྱི་གཟི་བརྗིད་ཀྱང་རེད། ལན་གྲུའི་ཐུག་པ་ལ་མཚོན་ན་ད་ལྟ་འཛམ་གླིང་རྒྱལ་ཁབ་མང་པོར་ཁྱབ་པ་དང་། ཆེན་ཏྲིན་ཏེ་ཁ་ཆེའི་བཟའ་བཏུང་ལ་ལོ་ཉི་ཤུའི་རིང་འབད་བརྩོན་བྱས་པ་བརྒྱུད་ད་ལྟ་རྒྱལ་ཁབ་མང་པོར་ཁྱབ་ཡོད་པ་མ་ཟད། ལོ་རེར་དངུལ་དུང་ཕྱུར་མང་པོའི་ཡོང་འབབ་ཡོད་པ་བཅས་ལ་མིག་དཔེ་བལྟས་ནས་ཁྱོད་ཚོའི་ཤུགས་རྒྱག་དགོས་རེད་ལབ་བྱུང་། ནམ་རྒྱུན་ངའི་ཁོར་ཡུག་ནས་སྐད་ཆ་འདི་འདྲ་ཞིག་ཐོས་དཀའ་བའི་རྐྱེན་གྱིས་ཆེད་ལས་པའི་ཉམས་མྱོང་གི་སློབ་གསོ་ཐོས་པ་དང་པོ་དེ་ཡིན། དེ་ཡང་ཁ་ཆེའི་བཟའ་བཏུང་ལ་སྔར་མིང་ཙམ་ལས་གང་ཡང་མེད་པ་ཞིག་ལོ་ཉི་ཤུ་ཙམ་གྱི་རིང་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་རང་སྐྱ་ཐུབ་པ་མ་ཟད་མི་མང་པོས་དགའ་མོས་བྱ་ས་ཞིག་ཏུ་གྱུར་པའི་དཔེ་མཚོན་གསལ་བཤད་དགོས་པ་མང་རུང་ཡི་གེར་འཇིགས་ཏེ་ཟུར་དུ་ཤེས། དེ་ལྟར་གཏམ་ཉོབ་མང་པོ་དང་འབྲེལ་ཏེ་ད་ལྟའི་བོད་ཟས་ཀྱི་གནས་བབ་ཅུང་ཟད་ཞུས་པ་མདོར་བསྡུ་ན། བོད་ཀྱི་བཟའ་བཏུང་ཤེས་རིག་ལག་རྩལ་ལ་མ་ལག་རང་བཞིན་ལྡན་པའི་ཤེས་རིག་ཞིག་གྲུབ་པ་ལ། སྤྱི་ཚོགས་ཕྱོགས་ཡོངས་ནས་འབད་བརྩོན་གྱི་ནུས་ཤུགས་ཐོན་དགོས་པ་ལས། ཚོགས་པ་ག་གེ་མོ་རེ་ཟུང་ཙམ་གྱི་ནུས་པས་འདངས་མི་ཐུབ་པས་འབད་བརྩོན་གྱི་ཁ་ཕྱོགས་གཅིག་དགོས་པ་དང་། ལྷག་དོན་བོད་ཟས་ཁེ་གཉེར་བ་དང་གཡོས་སྦྱོར་ལག་རྩལ་བ་སོགས་ཆེད་ལས་པས་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་མི་ལྟ་བར། རིག་པ་དྭངས་གསལ་དང་མིག་རྒྱང་རིང་པོའི་སྒོ་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གཡོས་སྦྱོར་ལག་རྩལ་རིག་གནས་ཞིག་ཆགས་ཐུབ་པའི་འབད་བརྩོན་གྱི་ཁ་ཕྱོགས་གཅིག་པའི་རེ་སྨོན་ཞུས་པ་ཙམ་ཡིན།

དེ་ཡང་སྤྱིར་འགྲོ་བ་མིའི་རིགས་སུ་ཡིན་ནའང་རང་ཉིད་འཚོ་གནས་བྱ་སའི་ཁོར་ཡུག་དེ་དང་འཚམ་པར་འཚོ་གནས་ཀྱི་ཤེས་རིག་རྣམ་གྲངས་མང་མོ་ཞིག་གསར་བཏོད་བྱས་ཡོད་རེད། བོད་ལྟ་བུ་ལ་མཚོན་ན་མདོ་དབུས་མཐོ་སྒང་ནི་ས་མཐོ་ཞིང་། གྲང་ལྷགས་སེར་གསུམ་ཧ་ཅང་ཆེ་བ། གསོ་རླུང་ཉུང་བའི་ཁོར་ཡུག་དམིགས་བསལ་བ་འདིའི་ནང་དུ། བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་ཀྱང་མི་ལོ་ཁྲི་སྟོང་མང་པོའི་རིང་། ཁོར་ཡུག་དང་འཚམས་པའི་འཚོ་གནས་ཀྱི་ཤེས་རིག་མང་པོ་ཞིག་གསར་བསྐྲུན་གནང་ཡོད་པ་ལས། ད་ལམ་འདིར་བཟའ་བཏུང་གཡོས་སྦྱོར་ཤེས་རིག་ལག་རྩལ་ལྟ་བུ་ལ་མཚོན་ནའང་རྒྱུ་ཆ་དང་། གཡོས་སྦྱོར་གྱི་ཐབས་ཤེས། བྲོ་རྫས། བྲོ་བ་འདོན་སྟང་སོགས་ས་མཐོའི་ཁོར་ཡུག་དང་འཚམས་པ་སྟེ། གྲང་ལྷགས་སེལ་ཞིང་དྲོད་འགུགས་པའི་ནུས་པ་ལྡན་པ། ས་དམའ་སའི་ཁུལ་གྱི་རྒྱུ་ཆ་དང་མི་འདྲ་བར་འཚོ་བཅུད་ཆེ་བ། གཡོས་སྦྱོར་ཐབས་ལམ་སྣ་ཚོགས་ཀྱིས། འཚོ་བཅུད་མི་ཉམས་པར་ས་མཐོའི་མིའི་ལུས་ཕུང་ལ་དགོས་པའི་འཚོ་བཅུད་མཁོ་འདོན་ཐུབ་པ། འཚོ་རླུང་ཉུང་བའི་ས་ཆར་འཚོ་རླུང་ཁ་གསབ་ཐུབ་པའི་ནུས་པ་སོགས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ནི། ལོ་རྒྱུས་དང་། འཚོ་བ་དངོས་ཀྱི་མྱོང་བ། ཚན་རིག་གི་དཔང་རྟགས་ལམ་ནས་མངོན་དུ་གྱུར་པ་ཞིག་སྟེ། ༡ གནའ་བོའི་བོད་ཀྱི་ལོ་རྒྱུས་ཐོག་མི་ལོ་བརྒྱ་ལྷག་ལོན་པ་མང་པོ་ཡོད་པར་བཤད་པ་མ་ཟད། ཐང་ཡིག་ཏུ་བོད་ཀྱི་ལོ་རྒྱུས་བྲིས་པ་ལས་ཀྱང་བོད་མི་རྣམས་ཚེ་རིང་ཞིང་འགའ་རེ་ལོ་བརྒྱ་ལོན་པ་ཡང་ཡོད་ཅེས་བཤད་ཡོད། ༢ ཉེ་སྔོན་ཙམ་ནས་ད་ལྟའི་བར་དུ་ས་མཐོ་རྨི་བཞི་སྟོང་ཡར་ནང་ལ་འཚོ་སྡོད་བྱེད་པའི་བགྲེས་སོང་ལོ་བརྒྱ་ལོན་པ་དང་། བརྒྱད་ཅུ་དགུ་བཅུ་ཅན་མང་པོ་ཡོད་པ་མ་ཟད་དེ་དག་ལ་ཚེ་རིང་པོ་ཐུབ་པའི་རྒྱུ་རྐྱེན་བཅར་འདྲི་ཞུས་པའི་ལན་དུ། ང་ཚོའི་གནའ་ནས་ད་ལྟའི་བར་དུ་ས་གནས་འདིའི་ཟ་མ་ལས་གཞན་པའི་ཟས་ཁམ་གཅིག་ཟ་མྱོང་མེད་ལ། མུན་རུབ་དུས་ཉལ་གི་ཡོད་ལ་ནམ་གསལ་དུས་ལང་གི་ཡོད་ཅེས་དང་། ད་ལྟའི་མི་རྣམས་ནད་མང་བ་དང་ཚེ་ཐུང་བའི་རྒྱུ་རྐྱེན་ཟས་སྤྱོད་ལོག་པའི་དབང་གིས་བྱུང་བ་རེད་ཅེས་ལབ་པ་སོགས་ཀྱི་དཔེ་མཚོན་མང་རུང་དེ་ཙམ་མོ། ༣ བོད་ལྗོངས་ཀྱི་བརྟག་དཔྱད་བྱས་པའི་སྙན་ཞུའི་ནང་དུ་ས་མཐོ་ས་ནག་ཆུ་ཁུལ་དང་། ས་དམའ་ས་ཉིང་ཁྲི་ཁུལ་གཉིས་གཤིབ་བསྡུར་བྱས་པས་ཆ་མཉམ་གྱིས་ས་ཐོ་ནག་ཆུའི་ཁུལ་དུ་མི་ཚེ་རིང་བ་མང་བ་བྱུང་ཡོད། འདིས་གསལ་བཤད་བྱས་པ་ནི་ས་མཐོ་དམའ་ལས་ཀྱང་ཟས་སྤྱོད་གཉིས་གཙོ་བོ་ཡིན་པར་བསྟན་ཡོད། ད་དུང་ཤེས་རྟོགས་བྱུང་བ་ལ་དབྱར་རྩྭ་རྒུན་འབུ་མེད་ཅིང་དངུལ་དཀོན་སའི་འབྲོག་ཁུལ་དུ་མི་ཚེ་རིང་བ་མང་པོ་མཐོང་བ་ནི། ས་གནས་རང་གི་བཟའ་བཏུང་ལས་ཁ་ཟས་གཞན་པ་ཉུང་བའི་དབང་གིས་བྱུང་བ་གསལ་བཤད་བྱས་པ་རེད། ད་ལྟའི་ཆར་བོད་ཀྱི་བཟའ་བཏུང་ཤེས་རིག་ལག་རྩལ་ཉམས་པ་ཙམ་མ་ཚད་རྩ་མེད་དུ་འགྲོ་བའི་གནས་སུ་གྱར་ཡོད་རེད། གལ་སྲིད་རྩ་མེད་དུ་ཕྱིན་པ་ཡིན་ན་མདོ་དབུས་མཐོ་སྒང་གི་ས་ཆར་འཚོ་གནས་བྱེད་པའི་མི་རྣམས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་ལ་བར་ཆད་ཆེན་པོ་ཞིག་འབྱུང་ངེས་རེད། ཉམས་པའི་རྒྱུ་རྐྱེན་ཡང་གཅིག་ནས་བོད་ཀྱི་བཟའ་བཏུང་ལ་མ་ལག་རང་བཞིན་ལྡན་པའི་རིག་གཞུང་ཞིག་ཆགས་མ་ཐུབ་པ་དང་། གཉིས་ནས་རིན་ཐང་གི་ལྟ་བ་ལ་ནོར་འཁྲུལ་བྱུང་སྟེ་འཚོ་གནས་ཤེས་རིག་ལ་རིན་ཐང་མེད་པར་བརྩིས་པ་མ་ཟད། ད་ལྟའི་ཆར་ཡང་མི་མང་པོའི་མཐོང་ཆུང་བྱེད་བཞིན་པ་འདི་རེད། དོན་དངོས་ཐོག་སྨན་པ་དང་ཇ་མ་གཉིས་རིན་ཐང་དང་ངོ་སོ་འདྲ་མཉམ་ཡིན་དགོས་མ་ཟད་ད་དུང་ཇ་མ་རླབས་ཆེན་དུ་བརྩིས་ནའང་མི་ཆོག་རྒྱུ་མེད། རྒྱུ་མཚན་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་སྨན་པ་དུང་གི་ཐོར་ལྕོག་ཅན་གྱིས། འཚོ་བ་ཟས་ཀྱི་མདོ་དང་སྦྱོར་བ་སྨན་གྱི་མདོ་གཉིས་བརྩམས་པའི་དང་ཐོག་འཚོ་བ་ཟས་དེ་གལ་ཆེན་ཡིན་པར་བསྟན་ཡོད། བོད་ཀྱི་སྨན་གཞུང་རྒྱུད་བཞི་རྩ་རྒྱུད་ལེའུ་གཉིས་པར། མི་ན་བར་གནས་པར་བྱེད་པ་དང་ན་བ་གསོ་བ་ཞེས་ས་བཅད་གཉིས་ཀྱིས་བསྟན་དོན་དེ། ལེའུ་ལྔ་པར་མི་ན་བར་གནས་པར་བྱེད་པ་ལ་ཟས་དང་སྤྱོད་ལམ་གཉིས་དང་། ན་བ་གསོ་བར་བྱེད་པ་ལ་སྨན་དང་དཔྱད་གཉིས་བསྟན་ཏེ་མི་ན་བར་གནས་པར་བྱེད་པ་སྔོན་དུ་གལ་ཆེ་བར་བསྟན་པ་དང་། དེ་ལ་ཡང་ཟས་དང་སྤྱོད་ལམ་གཉིས་སྔོན་ལ་གལ་ཆེ་བ་བསྟན་ཡོད་རུང་། ད་ལྟའི་ཆར་ན་བ་གསོ་བའི་སྨན་ལ་ཅུང་རྒྱས་པ་དང་དཔྱད་ལ་ཡང་ས་བཅད་མ་སྟོང་ཙམ་ཡོད་རུང་། མི་ན་བར་གནས་པར་བྱེད་པའི་སྐོར་རྒྱུད་བཞིའི་རྩ་ཚིག་ལ་ཚིག་འགྲེལ་ཙམ་དང་། བཤད་རྒྱུད་ནང་དུའང་དེ་མཚུངས་ཙམ་ལས་ལག་ལེན་དང་འཕེལ་རྒྱས་གཏོང་མ་ཐུབ་པ་ནི་ཆེས་བློ་ཕམ་གྱི་གནས་ཤིག་རེད། གནད་དོན་འདིར་བསམ་གཞིགས་བྱས་ན་མི་ལོ་༡༥༠༠གོང་དུ་འཚོ་བ་ཟས་ཀྱི་མདོ་ཡོད་པ་དང་། མི་ལོ་༡༡༠༠གོང་དུ་རྒྱུད་བཞིའི་ནང་མི་ན་བར་གནས་པར་བྱེད་པའི་ཟས་དང་སྤྱོད་ལམ་སྐོར་གྱི་རིག་གཞུང་ཆགས་ཡོད་པ། མི་ལོ་༨༠༠གོང་དུ་འཇམ་དབྱངས་མགོན་པོའི་བཟའ་བཏུང་གཡོས་སྦྱོར་སྐོར་གྱི་བསྟན་བཅོས་༡༢༠་བརྩམས་པ་སོགས་ཤེས་དཔལ་མང་པོ་ཞིག་དར་ཡོད་རུང་། ད་ལྟའི་ཆར་བོད་ཟས་ཆེད་གཉེར་བ་རྣམས་ཀྱི་བོད་ཀྱི་བཟའ་བཏུང་རིག་གཞུང་ལ་དོ་སྣང་མེད་པའི་ཁར། གཡོས་སྦྱོར་ལག་རྩལ་ཀྱང་ཞྭ་དཔེ་ལྷམ་བཀབ་ཀྱིས་གསར་བཏོད་ཡིན་པར་བརྩི་བཞིན་ཡོད་པ་རེད། དཔེར་ན་བུལ་ཐུག་ལ་བོད་ཐུག་ཏུ་མིང་བཏགས་ཏེ་བྲོ་རྫས་ཝིས་ཅིན་བརྒྱབ་ནས་བོད་ཟས་གསར་གཏོད་ཀྱི་མིང་འདོགས་པའི་དུས་འཚམས་ལ་སླེབས་ཡོད་རེད། སྤྱིར་འགྲོ་བ་མིའི་རིགས་གཞན་པའི་དཔལ་ཡོན་ཡར་རྒྱས་འགྲོ་གི་ཡོད་རུང་ང་ཚོའི་དཔལ་ཡོན་ཉམས་རྒུད་འགྲོ་གི་ཡོད་རེད། ཡང་ཁ་ཤས་ཀྱིས་ཟ་མ་ཙམ་ལ་དེ་འདྲ་འུར་ཆེན་པོ་བརྒྱབ་རིན་ག་རེ་ཡོད་རེད་ཁོ་ཆུ་ཚོད་ཁ་ཤས་རྗེས་ནས་སྐྱག་པར་འགྱུར་ནས་མར་གཏོང་བཞག་ཡ་རེད་པ་ཟེར་གི་འདུག །དེ་ནི་ཚེ་ཐུང་ནད་མང་གི་རྒྱུ་རྐྱེན་གང་ནས་བྱུང་བ་ཙམ་མི་ཤེས་པ་སོ་སོའི་ཡོན་ཚད་ཕྱི་རུ་མངོན་པ་ཞིག་སྟེ། ད་ལྟ་བོད་ཀྱི་ས་ཁུལ་ཕལ་ཆེ་བའི་ན་ཆུང་ལོ་བཅུ་གྲངས་ཙམ་ནས་ཕོ་བའི་ན་ཚ་ཚབས་ཆེན་ཅན་མང་པོ་ཡོད་རེད་ལ། ཀོང་ཡུལ་གྱི་ས་ཆ་རྒྱ་མཚོའི་ངོས་ལས་༢༧༠༠ཙམ་ལ་གནས་པའི་ན་གཞོན་ལོ་ཉི་ཤུ་རྩ་གྲངས་ཅན་ལ་ཁྲག་མཐོ་བ་དང་ཁྲག་མངར་མོའི་ན་ཚ་ཚབས་ཆེན་དུ་གྱུར་པ་ཡང་ཡོད་རེད། རྒྱ་མཚོའི་ངོས་ལས་༤༦༠༠ཙམ་ལ་གནས་པ་བོད་བྱང་ཐང་གི་རྒན་པོ་ལོ་བརྒྱ་ལོན་པ་འགའ་ཤས་མི་ཚེ་གཅིག་ལ་ཕོ་བ་ན་མ་མྱོང་བ་ཡང་མཐོང་བྱུང་། གནད་དོན་འདིས་བཟའ་བཏུང་ནི་སྐྱག་པར་གཏོང་བཞག་ཡ་ཙམ་མ་ཡིན་པར་ཚེ་སྲོག་དང་རྒྱུ་ནོར་ལ་ཐད་ཀར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གསལ་བཤད་བྱས་ཡོད། གལ་སྲིད་ཚེ་ཐུང་བ། ནད་མང་བ། རྒྱུ་ནོར་ཟད་པ་སོགས་ལ་དོ་སྣང་ཡོད་སྲིད་ན་བཟའ་གཏུང་ལ་གལ་ཆེའི་སྣང་འཇོག་བྱ་འོས། ད་དུང་མུ་མཐུད་དེ་བོད་ཟས་ཀྱི་རྒྱུ་ཆ་དང་། ལག་རྩལ། བྲོ་རྫས་དང་བྲོ་བ་འདོན་སྟངས་སོགས། འཚོ་བཅུད་སྡེབ་བསྒྲིག་གིས་ལམ་ནས་མཐོ་སྒང་གི་ཟས་བཅུད་འཕྲོད་བསྟེན་ལམ་ལུགས་འདི་ཉམས་སོང་བ་ཡིན་ན། བོད་མིའི་གཟུགས་གཞི་ལ་ཡང་འགྱུར་བ་ཆེན་པོ་འགྲོ་སྲིད་པ་ཞིག་སྟེ། མ་གཞི་གནའ་མི་ལ་ལྟོས་ན་ད་ལྟ་ང་ཚོའི་ལུས་སྟོབས་དང་སེམས་སྟོབས་གཤིས་ཀ་ཚང་མར་འགྱུར་བཞིན་པ་འདི་རེད། དེ་ཡང་རྒྱུད་བཞི་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། །ཅེས་པ་ལྟར་ལུས་ཟས་ལ་རག་ལས་ཡོད། མི་རིགས་ཀྱི་གཞི་འཛིན་ས་ཡང་ལུས་ཡིན་པ་ལས། རྣམ་ཤེས་ནི་འགྲོ་བ་རིགས་དྲུག་གང་རུང་ནས་འཕོས་ཡོང་བར་འདོད་པས་མི་རིགས་ཀྱི་མིང་འདོགས་སར་མི་འགྲོ། དེས་ན་ཆེ་ས་ནས་མི་རིགས་ལ་བསམ་བློ་བཏང་ན་ཡང་འདྲ། རིག་གནས་ལ་བསམ་བློ་བཏང་ན་ཡང་འདྲ། དཔལ་འབྱོར་ལ་བསམ་བློ་བཏང་ན་ཡང་འདྲ། ས་མཐོའི་དམིགས་བསལ་གྱི་རྒྱུ་ཆ་དང་དམིགས་བསལ་གྱི་ལག་རྩལ་ལས་བྱུང་བའི་བཟའ་བཏུང་འདི་ལ། རིག་གཞུང་མ་ལག་དང་ལྡན་པའི་ཚད་ལྡན་གྱི་ཁྲོམ་ར་ཞིག་བཏོད་ཐུབ་ན་ལས་མི་ཁྲི་སྟོང་མང་པོའི་དཔལ་འབྱོར་ཐག་གཅོད་ཐུབ་ངེས་རེད་ལ། མི་རིགས་རིག་གནས་རྒྱུན་འཛིན་ལ་ཕན་ཐོགས་ཆེན་པོ་ཡོད་པ་ནི་བཤད་མ་དགོས་པ་དང་། མི་སྒེར་མི་རེ་ངོ་རེའི་ཚེ་སྲོག་བདེ་ཐང་ལ་བསམ་བློ་བཏང་ན་ཡང་བཟའ་བཏུང་ལ་སྣང་ཆེན་བྱ་འོས་སོ། །སྤྱིར་ད་ཡོད་ཀྱི་རྒྱུ་ཆ་ལས་ཤེས་རྟོགས་བྱུང་བ་ལྟར་ན་བོད་སིལ་བུའི་རྗེས་མི་ལོ་སྟོང་ལྷག་ཙམ་གྱི་རིང་སྲིད་དོན་ལ་འཕོ་འགྱུར་མང་པོ་བྱུང་ནའང་། འཚོ་གནས་ལ་རང་སའི་ཞིང་འབྲོག་གི་ཐོན་རྫས་བརྗེ་ལེན་ནམ་སྐྱ་སྣུམ་བསྡེབས་ཏེ་བོད་རིགས་ཀྱི་འཚོ་བ་བསྐྱལ་ཡོད། དེ་ཡང་རྒྱ་གར་ནས་འབུ་རས་དང་བུ་རམ། རྒྱ་ནག་ནས་ཇ་དང་དར་རས་ཅུང་ཟད་ནང་འདྲེན་བྱས་པ་ཙམ་ལས། གཙོ་བོ་མཐོ་སྒང་རང་སའི་ཐོན་རྫས་བེད་སྤྱོད་ཀྱི་བློ་གྲོས་དང་ངལ་རྩོལ་སྤྱད་ཏེ་འཚོ་བ་བསྐྱལ་པའི་ཉམས་མྱོང་དང་སྙིང་སྟོབས་གཞིར་བཞག་ཐོག །ད་ལྟ་དུས་རབས་ཉེར་གཅིག་པ་དཔལ་འབྱོར་གོ་ལ་ཅན་དང་རིག་གནས་སྣ་མང་ཅན། བསམ་བློ་སྣ་ཚོགས་ཅན་སོགས་འཛམ་གླིང་རང་བཞིན་གྱི་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་། རང་ཚུགས་བརྟེན་པོའི་སྒོ་ནས་རྒྱུན་འཛིན་དང་གསར་སྤེལ་གྱི་གོ་སྐབས་མང་པོ་ཡོད་པ་དེ་ཚོ་མ་ཤོར་བ་གལ་ཆེ་བར་སེམས། ཞེས་ཉེ་ཆར་སློབ་ཁྲིད་ཀྱི་ཟིན་ཐོ་འགའ་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤྱི་ལོ༢༠༡༩ལོའི་ཟླ༩པའི་ཚེས༣༠ལ་མགོན་སེང་ཀརྨ་བདེ་ལེགས་ཀྱིས་སོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2532