ལབ་ཐུན་དང་པོ།

ཁ་སང་དེ་རིང་ཆེ་ཆུང་གཉིས་ཀས་ག་ས་གང་དུ་ཅི་ཞིག་འཇོན་མདོག་གིས”རང་ཉིད་རང་གི་མགོན་ཡིན་ཏེ”ཞེས་པའི་ལུང་ཚིག་ཟབ་མོ་འདི་ཁ་ལ་ཅི་བདེར་འཁྱེར་བར་བྱེད། ཐ་ན་ཆང་ཁང་ཚུན་ཆད་དུ་ང་རྒྱལ་དང་བཅས་ཏེ་བསྐྱར་གིན་འདུག འདིའི་རིགས་ལ་ཅུང་ཟད་སྨྲ་དགོས་ཡོད་དེ། ང་ཚོས་བླ་མ་འགའ་ཡང་མ་བསྟེན། ཐོས་པ་འགའ་ཡང་མ་བསགས་པར། ཅུང་ཟད་སྐྱིད་སྐྱིད་འདྲ་བྱུང་ཚེ། ཕ་མའི་ཁ་ཏ་རྣ་རྒྱབ་ཏུ་གཡུགས། དགེ་རྒན་གྱི་སློབ་གསོ་རྐང་འོག་ཏུ་བརྫིས། རིགས་འདྲ་ཡི་སྟོང་བཤད་ལེགས་བཤད་དུ་བསམ་ནས། རང་ཉིད་རང་གི་མགོན་ཡིན་ཞེས་སྤྲེལ་ལད་འཁྲབ་པ་ཙམ་གྱིས་རང་ཉིད་རང་གི་མགོན་དུ་ཇི་ལྟར་གྱུར་སོང་པ་ཡིན་ནམ། ཡང་ན་འཚོ་ཚིས་ཙམ་དང་རང་དོན་ཉི་ཚེ་བ་ཞིག་གྲུབ་པའི་རྗེས་ནས་དེ་འདྲའི་ལུང་ཚིག་གིས་རྒྱས་འདེབས་པར་ཞེད་སྣང་མི་སྐྱེས་སམ། ཉིང་དགོས་ནི་བྱིས་བློ་དེའི་ཤུགས་རྐྱེན་གྱིས་སློབ་གཉེར་གྱི་ལམ་ཁར་འཇུག་པ་རྣམས་ཀྱིས་ཀྱང་རང་སྣང་གང་ཤར་གྱིས་གང་འདོད་འདོད་ཅིག་ལབ་རྒྱུ་དང་ལས་པ་ལ་ཐེ་མི་ཚོམ་པར་མ་ཟད། ད་དུང་ལུང་ཚིག་དེས་ཕྱིར་སློབ་གསོ་གཏོང་གྲབས་བྱེད་པས་སོ།། དེས་ན་རང་ཉིད་རང་གི་མགོན་དུ་གྱུར་ཚུལ་གྱི་མཚན་གཞི་ནི་སླ་སྟེ། མཚན་གཞི་གནོད་མེད་ལ་རྒྱས་སྲས་དོན་གྲུབ་ནས་བཟུང་སྟེ་རྗེ་རིན་པོ་ཆེ། འཇུ་མི་ཕམ་ལྟ་བུའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་རྣམས་དང་། ལྟོས་བཅོས་ཀྱིས་ལང་ཤོར་གྱི་སྤྱོད་པ་དག་རང་གཅུན་སྒོས་ཡང་དག་པའི་ལམ་ཁར་འཇུག་པའི་སེར་སྐྱ་ཕོ་མོ་རྣམས་སོ།། དེ་བས་ང་ཚོས་ཀྱང་ཡང་དག་པའི་རང་ལམ་སྙེག་ཞོར་རང་སྟེང་གི་སྐྱོན་ཆ་དག་རིམ་བཞིན་ཁ་ཏ་དང་སློབ་གསོ། དཔེ་ཀློག བསམ་གཞིགས་བཅས་ལ་བརྟེན། གྲོགས་ངན་པ་དང་རྒྱང་ཐག་གཅོད། བྱས་ཉེས་དག་བཤགས་པར་བྱ། འཕྲུལ་སྣང་དང་སྟོང་བསམ་ལོགས་སུ་སྤྱུགས་ཏེ་ཤེས་བརྩོན་ཟུང་འབྲེལ་གྱིས་རང་ཉིད་རང་གི་མགོན་དུ་གྱུར་པ་བྱེད་དགོས། དེ་མིན་གོ་རྒྱ་ཆུང་ཆུང་གི་ཁྲི་ཐོག་ལ་བསྡད་དེ་འབྲུ་མེད་སྣ་གླུ་ཟ་ཟིས་བཟི་སྟེ་སོང་ན་རང་ཉིད་རང་གི་བརླག་བྱེད་དུ་མི་འགྱུར་གྲང་། རྒྱུ་མཚན་ནི”རང་ཉིད་རང་གི་མགོན་ཡིན་ཏེ།། གཞན་ལྟ་སུ་ཞིག་མགོན་དུ་མཆིས”ཞེས་གསུངས་པ་ལྟར་རོ།།

ལབ་ཐུན་གཉིས་པ།

དབྱར་དགུན་གནང་གི་སྐབས་སུ་དགེ་རྒན་ཚོ་ཐད་ཀར་སློབ་མའི་ཁྱིམ་ཚང་ལ་སོང་ནས། སློབ་མའི་འཚོ་བ་དང་སློབ་སྦྱོང་གི་གནས་བབ་དངོས་ལ་རྒྱུས་ལོན་བྱེད་པའི་ཁྱིམ་བཅར་བྱ་བ་འདི་ནི་སྔོན་མ་ཞིག་ནས་ཡོད་པ་འདྲ། འོན་ཀྱང་འཆར་གཞི་དང་རྩ་འཛུགས་ཀྱིས་བསླངས་ཏེ་གཞི་རྒྱ་ཆེ་བའི་སྒོ་ནས་ཁྱིམ་བཅར་བྱེད་སྲོལ་ནི། ཕལ་ཆེར་སྤྱི་ཚོགས་བརྟན་བརླིང་བྱ་བའི་སྐབས་དུས་ནས་མགོ་ཚུགས་པའི་སྣང་བ་སྟེར། གང་ལྟར་ཀྱང་ཁྱིམ་བཅར་བྱ་བ་ནི་ཧ་ཅང་ལེགས་པོར་མཐོང་སྟེ། དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དངོས་དང་དེའི་ཁོར་ཡུག་གི་རྐྱེན་འདྲ་མིན་མང་པོར་རྒྱུས་ལོན་བྱུང་ཚེ། ཕྱིན་ཆད་སློབ་གསོ་རྒྱག་སྟངས་ཐད་ནས་ཕན་ཐོགས་ཆེན་པོ་ཡོད་པ་དང་རང་ཉིད་ལ་མཚོན་ནས་བཤད་ན་འང་། བོད་རིགས་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་གི་དགེ་རྒན་ཞིག་ཡིན་པའི་ངོས་ནས། ད་སྔ་བསྟུད་མར་ལོ་ངོ་བཞི་ཡས་མས་ལ་ཁྱིམ་བཅར་བྱ་བའི་སྣེ་མོར་འཇུས་ཤིང་། དེ་ལ་བརྟེན་ནས་བློ་བསྐྱེད་དང་སློབ་གསོ་མི་ཉུང་བ་ཐོབ་ཅིང་དུས་རྒྱུན་སློབ་མ་དང་བར་ཐག་ཡང་ཁད་ཀྱིས་ཇེ་ཉེར་ཕྱིན་ཏེ་སློབ་ཁྲིད་བྱ་བ་ལ་སྟབས་བདེ་ཆེན་པོ་བཟོས་འོངས། ཡིན་ན་འང་ལོ་འདི་འགར་ཕ་ཡུལ་རེབ་གོང་ལུང་བའི་རོང་ཤིང་སྒོ་ཅན་དང་འབྲོག་སྦྲ་སྒོ་ཅན་གྱི་ཁྱིམ་ཚང་གང་ལ་ཐོན་ཡང་། ཁོ་ཚོར་འགྱུར་མེད་སོ་ན་གནས་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་དེ། དེ་ནི་ཁྱིམ་བདག་རིགས་མི་འདྲ་བ་སུ་ཞིག་གི་སྔུན་ནས་བསྡད་དེ་སློབ་གསོ་གལ་ཆེན་ཡིན་པ་དང་། བུ་ཕྲུག་གི་མདུན་ལམ་བརླག་མི་ཉན་པ། བུ་ཕྲུག་གི་སློབ་སྦྱོང་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པ། མིག་སྔར་གྱི་ཕོངས་སེལ་ཐབས་ཤེས་ཉག་གཅིག་ནི་སློབ་གསོ་ཡིན་པ། ཤེས་བྱ་ཡིན་པ། ཕ་སྐད་ཡིན་པ། མ་ཡིག་ཡིན་པ་སོགས་བརྒྱ་ཚར་བཏོན་ཀྱང་། དགེ་རྒན་གྱིས་བཤད་པ་ཅི་མ་བདེན་ཞེས་འགན་ཁུར་མེད་པའི་སྐད་ཆ་དེ་ལབ་ཞོར་ཉན་འདོད་མེད་པའི་མགོ་བོ་ཡུན་གྱིས་གཅུས་འགྲོ་ལ། བར་ལམ་ནས་རོགས་དངུལ་ཞེས་ཚིག་མགོ་ཙམ་གླེང་མ་ཐག་རྣ་ཀྲོག་ཀྲོག་དང་གྲིམ་རིག་རིག་གིས་ཁ་ཚུར་འཁོར་ཏེ་འཛུམ་བསྟན་ཡོང་། ནན་ཏན་བྱས་ཡོང་། མཚམས་འདིར་དུས་ཐོག་ཏུ་བློ་ཕམ་ཆེན་པོ་སྐྱེས་ཀྱང་མིག་སྔར་གྱི་ཁོ་ཚོར་ཡང་ཅི་ཁག ཡིན་ན་འང་རྗེས་སོར་ཀྱང་ད་དུང་འདི་ལྟར་ཡིན་པ་དང་འདི་ནི་བོད་ཀྱི་ཡུལ་ལུང་ཙམ་མ་ཡིན་པར་བོད་ཁམས་སྤྱིའི་སྣང་ཚུལ་ཞིག་ཡིན་པར་བསམ་ན་སྔར་བཞིན་བློ་ཕམ་ཆེན་པོ་ཞིག་ལས་ཅི་ལྷག

ལབ་ཐུན་གསུམ་པ།

ཉིན་འདི་ཚོར་བོད་ཁུལ་གྱི་ས་ཆ་སོ་སོ་དང་ལྷག་པར་དུ་རྨ་ལྷོ་དང་མཚོ་ལྷོའི་ཡུལ་གྱི་མཐོ་འབྲིང་སློབ་གྲྭ་ཁག་ཏུ་ད་ལོའི་མཐོ་རྒྱུགས་ལས་བླངས་པའི་རྒྱལ་ཁའི་བཀྲ་ཤིས་འཕྲིན་བཟང་ཕྱོགས་བཅུར་སྒྲོག་གིན་འདུག ཉམ་ཆུང་བའི་ང་ཚོ་ལ་མཚོན་ན་འཕྲིན་བཟང་འདི་དག་ནི་འཕྲིན་བཟང་ཙམ་མ་ཡིན་པས་སློབ་གྲོགས་སྒེར་ངོས་ནས་ཕར་ཟད། དེ་འབྲེལ་ཁྱིམ་མི་དང་ཉེ་འབྲེལ། སྡེ་ཚོ། ས་ཁུལ་གྱི་འཕྲིན་བཟང་ཡིན་པ་མ་ཟད། ཐ་ན་མི་རིགས་འདིའི་འཕྲིན་བཟང་ཞིག་ཀྱང་ཅི་ལ་མིན། དེ་བས་འབྲས་བུ་འདིའི་མཐུན་རྐྱེན་དུ་སོང་བའི་འབྲེལ་ཡོད་འགོ་ཁྲིད་དང་འཛིན་བདག དགེ་རྒན། ཁྱིམ་བདག ལས་བཟོ་བ་ཡོངས་ཀྱི་བླ་མེད་ཀྱི་ལས་ཀ་ལ་རྗེས་སུ་ཡི་རང་དང་སེམས་ཁོངས་ནས་གཏང་རག་གི་མཆོད་པ་འབུལ། ཡིན་ན་འང་འཕྲིན་བཟང་འདིའི་རྒྱབ་ལོགས་སུ་ལྡང་བའི་ལྷགས་རླུང་དེ་ང་ཚོས་ཇི་ལྟར་འགོག ཚན་རིག་དང་མཐུན་པའི་སྐད་གཉིས་སློབ་གསོས་བསྐྱངས་པའི་འབྲས་བུ་ནི་འདི་ཙམ་གྱིས་ག་ལ་ལངས། བརྩོན་འགྲུས་དང་རྣམ་དཔྱོད་ཉིས་འཛོམས་ཀྱི་སློབ་བུ་མང་པོ་ཞིག་མདུན་ལམ་གྱི་འཚང་ཁའི་ནང་ཉམ་ཆུང་གིས་ཕྱིར་བཀྱེད་དེ་དབུགས་རིང་གཏོང་བཞིན་ཐོད་པ་ལག་པས་སྐྱོར་ཏེ་སྡོད་པ་ནི་འཕྲིན་བཟང་འདིའི་རྒྱབ་ལོགས་སུ་ལྡང་བའི་ལྷགས་རླུང་དེས་མ་ཡིན་ནམ། ལོ་རེའི་སློབ་བསྡུའི་གྲངས་ཚད་ཇེ་ཉུང་དང་ཡང་ན་ད་ལོར་མཚོན་ན་རིག་ཚན་གྱི་སློབ་བསྡུའི་གྲངས་ཚད་ལས་ཕྲི་སྟེ་རྩིས་ཚན་གྱི་གྲངས་ཐོག་ལ་སྣོན་པའི་ལྷགས་རླུང་དེ་མི་འཁྱག་གམ། རང་རེའི་མཐོ་སློབ་ཁག་གི་སློབ་རའི་སྐྱེད་ཚལ་ལ་བཀྲག་མདངས་ཇི་འདྲ་ལྡན་རུང་། ཆེད་ལས་གསར་བའི་མེ་ཏོག་རྐང་གཅིག་བཞད་མི་ཐུབ་པ་དེ་ལྷགས་རླུང་གིས་ཁྱེར་བ་མ་ཡིན་ནམ། སྔར་ཡོད་ཀྱི་སྐད་གཉིས(ས་ཁམས། སྐྱེ་དངོས། དངོས་ལུགས། རྫས་འགྱུར་ཁ་ཕྱོགས་ཅན་གྱི)འཛིན་གྲྭ་དག་ཀྱང་འཇིག་བཞིན་ཡོད་ན་ད་ལྟའི་རྩ་བ་ཚུགས་ཤིང་རྩེ་མོ་ཅུང་ཟད་རྒྱས་པའི་གཞི་རིམ་སྐད་གཉིས་སློབ་གསོའི་ལྗང་མྱུག་གི་ལོ་མས་ཀྱང་སྐྱ་མདོག་མི་སྟོན་ཅི་ཞིག་སྟོན། དེ་བས་ང་ཚོ་ནི་ལྷགས་རླུང་གིས་སྐྱོར་བའི་འཕྲིན་བཟང་ལས་བཟི་སྟེ་སྡོད་པ་ལས་ཅི་ཞིག་བྱ། ང་ཚོར་ནམ་ཡང་འཕྲིན་བཟང་ཉི་ཚེ་བའི་སྐད་ཅིག་མའི་ཉམས་འུར་ལས་ཅི་ཞིག་ཡོད།

ལབ་ཐུན་བཞི་པ།

མེད་པོ་ཚང་ལ་དྲིན་ཅན་མང་ཞེས་པ་ལྟར། ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་གྱི་སྒོ་དམ་པོར་གཏན་ཀྱང་ནང་ལོགས་ནས་རྒྱ་རིགས་ལྷག་བསམ་ཅན་མང་པོ་ཡར་ལ་ལངས་ཏེ། བོད་རིགས་ས་ཁུལ་གྱི་མཐོ་འབྲིང་སློབ་མ་དབང་རྣོན་དག་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སློབ་རོགས་མ་དངུལ་བཙལ་ཏེ་སྦྱིན་པ་གཏོང་བཞིན་ཡོད། ཁྱིམ་ཚང་དཀའ་ཁག་ཅན་ལ་མཚོན་ན་ཕ་མའི་ཁུར་བོ་ཇེ་ཡང་དང་སློབ་མའི་གནོན་ཤུགས་ཇེ་ཉུང་དུ་བཏང་པས་རྗེས་སུ་ཡི་རང་མི་བྱེད་མཁན་སུ་ཞིག་ཡོད། ད་ནི་མཐོ་རྒྱུགས་ཀྱི་སྐར་འབྲས་བཀྲམས་ཤིང་སློབ་ཆེན་འདེམ་པའི་དུས་ལ་བབས་པ་ན། བཀའ་དྲིན་ཅན་དག་ཀྱང་ལྷག་བསམ་གྱིས་སྒུལ་ཏེ་བསིལ་ཁྱིམ་ནས་སྡོད་མ་ཚུགས་པར་ཚ་བ་ལ་གདོང་གཏད་དེ། རྒྱང་ཐག་རིང་པོ་ནས་མི་རིགས་ས་ཁུལ་དུ་ཕེབས་ཏེ་ཚོགས་ཞིང་སློབ་བུ་སྐར་གྲངས་རྩེ་གྲ་རྣམས་ལ་སློབ་ཆེན་འདེམ་རོགས་ཏུ་འདུར་གྱིན་ཡོད། མི་རིགས་སློབ་ཆེན་ཁག་ན་མ་འོངས་གངས་ལྗོངས་འཛུགས་སྐྲུན་ལ་མཁོ་བའི་སྣ་མང་ཤེས་བྱའི་ཆེད་ལས་མེད་པས་ལན་ནམ། མི་རིགས་སློབ་ཆེན་ཁག་ན་སློབ་སྦྱོང་གི་མཐུན་རྐྱེན་ཡག་པོ་མི་འཛོམས་པས་ལན་ནམ། མི་རིགས་སློབ་ཆེན་ཁག་ན་སློབ་མས་རང་ཁ་གསོ་ཐུབ་པའི་ནུས་པ་སྦྱོང་ས་ཙམ་ཡང་མེད་པས་ལན་ནམ། ནང་ལོགས་ཀྱི་དྲིན་ཆེན་ཚོས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་སྐར་མ་བརྗེ་སྟངས་ལ་ཤུགས་བརྒྱབ་སྟེ། ནང་ལོགས་སློབ་ཆེན་གན་ལེགས་པ་དང་འདི་བཟང་ཞེས་མཛུབ་སྟོན་གྱི་ལག་པ་དགུང་ལ་འདེག་པའི་ཉམས་འགྱུར་ནི་ཇི་འདྲའི་སྙིང་ལ་ཟུག་པ་ཞིག་རེད་ཨང་། སློབ་གྲོགས་ཚོས་ཀྱང་ཐེ་ཚོམ་གྱི་མིག་རིག་རིག་གིས་གནས་ལུགས་ཀྱི་ཆེད་དུ་གནས་ལུགས་སྟོན་པའི་གཏམ་བཤད་ལ་གུས་ཚུགས་ཀྱི་ཐལ་མོ་སྦྱོར་བའི་ཉམས་འགྱུར་ནི་ལྷག་པར་དུ་ཇི་འདྲའི་སྙིང་ལ་བཏབ་པའི་ན་ཟུག་ཅིག་རེད་ཨང་། སྐར་གྲངས་ཀྱིས་མ་སླེབས་པའི་སློབ་གྲོགས་རྣམ་པ། ཁྱེད་ཅག་གིས་བྱམས་བརྩེ་དེ་འདྲ་རེག་ཐུབ་བམ། དེ་བས་རིགས་མཐུན་ཁྱིམ་བདག་རྣམ་པ། འཛིན་བདག་རྣམ་པ། དགེ་གྲོགས་རྣམ་པ། ག་ལེར་སོམས་དང་། འདི་ནི་མཐོ་རྒྱུགས་ཀྱི་རྗེས་སུ་ལྡང་བའི་ལྷགས་རླུང་གསར་བ་ཞིག་མིན་ནམ།

ལབ་ཐུན་ལྔ་པ།

ཁ་སང་དེ་རིང་རྩོམ་རིག་དང་འབྲེལ་བའི་སྐད་ཚོམས་སྣ་ཚོགས་སུ་སྒྲུང་གཏམ་དང་སྙན་ངག འབོལ་རྩོམ་སོགས་བྲིས་ཏེ་མིང་གྲགས་ཅུང་ཙམ་ཡོད་པའི་མི་སྣ་འགའ་རེ་གདན་ཞུ་བྱས། དེ་ནས་སྐད་ཚོམས་གཙོ་གཉེར་བས་རེ་བ་འདྲ་བརྒྱབ་སྟེ་འཆད་ཁྲིད་གནང་དུ་འཇུག་པའི་རླུང་འཚུབ་ཅིག་གཡུག་གིན་འདུག སྣང་ཚུལ་འདི་སྤྱིའི་ཆ་ནས་ཡག་པོ་ཡོད་དེ། སོ་སོའི་རྩོམ་འབྲིའི་ཉམས་མྱོང་དང་དཔེ་ཀློག་གི་ཁ་ཕྱོགས། རྒྱུན་སྐྱོང་གི་སྙིང་སྟོབས། མ་འོངས་པའི་འཆར་འགོད་བཅས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་ཀྱི་སྟེགས་བུ་ཞིག་ཏུ་སོང་པས་ཡིན་པར་འདོད། འོན་ཀྱང་འཆད་ཁྲིད་ཀྱི་མིང་སྟེང་ནས་ལམ་ལ་ཆས་ཏེ་འོངས་ན་དེ་འདྲའི་རན་པོ་ཞིག་མི་འདུག་བསམ་བྱུང་། རྒྱུ་མཚན་ནི་ལ་ལ་ཞིག་གི་འཆད་ཁྲིད་ལ་ཆ་ཚང་ཉན་རྗེས་སུ་བྱིན་པའི་ཚོར་བ་ནི་ཁྲིད་མ་ཡིན་པའི་འཆད་པ་འབའ་ཞིག་ཏུ་གྱུར་ཡོད་པས་སོ།། འཆད་མཁན་རྣམ་པས་ཀྱང་ཁེངས་སྐྱུང་ལྟ་བུར་སོང་པའི་ཚིག་སྣེ་རེ་སྔོན་འགྲོའི་ཚུལ་དུ་འཕེན་ཞོར་དུ་འགྲོ་ཡང་། དྲང་མོར་བཤད་ན་གྲ་སྒྲིག་དང་གོ་རིམ། གཏན་ཚིགས། སྒྲུབ་བྱེད། དམིགས་ཡུལ་སོགས་ཅི་ཡང་མེད་པར་འཕར་ལྡིང་གི་འགྲོས་ཀྱིས་ཡིད་ལ་དྲན་ཚད་ཁ་ནས་འཛེམ་དོགས་མེད་པར་བྱོ་བའི་རྣམ་ཐར་སྐྱོང་བཞིན་འདུག་པས། ཁེངས་སྐྱུངས་ཙམ་པོ་བ་དེ་ནི་མིག་ཤེལ་གྱོན་པའི་ཞར་བ་ཡིན་པ་ལྷང་ལ་འབུད་བྱེད་དུ་སོང་བ་ལས་ཅི་ཡང་མ་རེད། དཔེར་ན་གཞུང་ལུགས་དང་འབྲེལ་ཏེ་སོང་ན་རྔོ་ཆེན་པོ་མི་ཐོགས་པ་དང་ཞིབ་ཆ་ཕྱེས་ན་གནད་ཐོན་པ་ལ་གེགས་སུ་འགྲོ་བ་ལྟ་བུའི་ཁ་གཡར་བྱེད་ཚོན་པོ་རེ་བཙལ་ཏེ། མེད་པ་བཀབ་ནས་ཡོད་མདོག་མདོག་གིས་ཅི་ཡང་འཛིན་རྒྱུ་མེད་པའི་འཇའ་ཚོན་གྱི་རི་མོ་ལྟ་བུ་རེ་བྲིས་ནས་འགྲོ་གིན་འདུག་པས་འཆད་ཁྲིད་ཅེ་ན་ད་དུང་ས་ཕྱོགས་དེར་སླེབས་ཀྱི་མི་འདུག རྒྱང་གྲགས་མང་པོས་ཆོད་ཀྱི་འདུག ཆེས་གལ་ཆེ་བ་ནི་གཞན་ད་དུང་བྱེད་སྟངས་འདིར་དགའ་མོས་ཡོད་པའི་ན་གཞོན་ཡང་མང་པོ་ཞིག་ཡོད་པས་རེད། རང་གི་གནས་མལ་རྙེད་པའི་ཕྱིར་དུ་ལ་ཉུལ་ལུང་ཉུལ་བྱས་ཏེ་སྤྱི་ཚོགས་ཀྱི་གནས་སྟངས་དངོས་མ་དེ་ཡིད་ཀྱིས་ཟིན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་ཡང་དག་ཅིག་བཙལ། དེ་ནས་ལག་ལེན་གྱིས་བསྒྱུར་བཀོད་ཚ་བོ་ཞིག་བྱེད་འདོད་ཀྱི་འདུན་པས་འགུལ་གྱིན་འདུག་ན་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལས་མ་འདས་མོད། འུར་ལོང་ལ་ཉམས་འུར་གྱི་འཚང་ཁ་རྒྱག་གིན་ཡོད་ན་ཕྱིར་འབབ་སའི་བྲག་ཐེམ་རྙེད་མིན་ཡང་ཐེ་ཚོམ་གྱི་གནས་སོ།། དེས་ན་ད་དུང་འཆད་འདོད་པ་དག་གིས་ཀྱང་ཕྱི་ལ་གཞན་ཕན་དང་དྲང་བདེན་གྱི་གོས་གྱོན་ནས་ནང་ལ་མིང་གྲགས་དང་ཁ་ཕོ་ཡི་བྲོ་མི་འཇུག་པར། ག་ལེར་རང་ཉིད་མི་ལྟོགས་ཤིང་གཞན་དག་འགྲངས་སུ་འཇུག་ཐུབ་པའི་གོ་ཆོད་ཀྱི་ལེགས་སྐྱེས་རེ་བསྣམས་ནས་ཕེབས་པར་སྨོན།

ལབ་ཐུན་དྲུག་པ།

དེ་རིང་ནི་ཀྲུང་གོའི་གནམ་འོག་གི་དགེ་རྒན་དུས་ཆེན་ཐེངས་སོ་གསུམ་པ་ཚེས་དུས་རེད། ཕྱི་ལོ༡༩༨༥ལོའི་སྐབས་དྲུག་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་དགུ་བའི་སྟེང་ལོ་དེའི་ཟླ༩པའི་ཚེས༡༠ཉིན་ནི་དགེ་རྒན་དུས་ཆེན་ལ་གཏན་འཁེལ་བྱས་པ་ནས་ད་ལོའི་བར་དུ་ཡོང་ནི་རེད། སྔོན་ཆད་ཡིན་ན་དགེ་རྒན་དུས་ཆེན་སླེབས་འོངས་པ་དེ་སློབ་གྲྭས་གནང་བ་སྟེར་མིན་གྱི་སྟེང་ནས་མ་གཏོགས་མི་ཤེས་མོད། ལོ་ཕྱི་ནང་འདི་གཉིས་ལ་སྐད་འཕྲིན་དར་བའི་བཀའ་དྲིན་གྱིས་དགེ་རྒན་དུས་ཆེན་སླེབས་པའི་འུར་ཟིང་ནི་ས་འགུལ་ཐོན་པ་ཞིག་དང་འདྲ་བས་མཐོ་དམན་རྒན་གཞོན་བར་མ། སྐྱ་སེར་དཀར་དམར་སུས་ཀྱང་མ་ཤེས་ས་མི་འགྲོ་ནི་ཞིག་རེད། རྒྱུ་མཚན་ནི་རྒྱུ་མཚན་ཡོད་མེད་གཉིས་ཀས་སྐད་འཕྲིན་བརྒྱུད་དེ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་མཆོད་པ་འབུལ་བ། ཕྱག་འཚལ་བ། མིག་ཆུ་ཕུད་པ། གཡང་ཁུག་བསྐུར་བ་སོགས་ཀྱི་ལས་ལ་བྲེལ་ནས་རྡུལ་འཚུབ་ལྟ་བུ་ཞིག་འཕྱུར་གྱིན་འདུག གང་ལྟར་ཀྱང་། ངས་ནི་ཕྱོགས་གཉིས་ནས་དགེ་རྒན་དུས་ཆེན་འདིའི་ངོ་སོ་དགུང་ལ་བསྟོད་ཀྱིན་ཡོད་དེ། གཅིག་ནི་དགེ་རྒན་དུས་ཆེན་ལས་འཕྲོས་ཏེ་གཞན་དག་ན་འང་རང་ཉིད་ལ་ཐར་ལམ་སྟོན་པའི་བླ་མ་དང་སློབ་དཔོན་དག་ཀྱང་རྗེས་སུ་དྲན་འོངས་གིན་འདུག་པས། བལྟས་ཚོད་ཀྱིས་ཕལ་ཆེ་བ་ཞིག་ནི་དགེ་རྒན་དང་སློབ་དཔོན། བླ་མ་སོགས་ངོ་བོ་དབྱེར་མེད་དུ་གཟིགས་ཐུབ་པའི་རྟོགས་པ་མཐོན་པོ་ཅན་ཤ་སྟག་རེད་འདུག་སྙམ་བྱུང་པས་ལོས་ཀྱང་བསྟོད། གཉིས་པ་དེ་ནི་དགེ་རྒན་རྣམས་ལ་མཚོན་ན་དུས་ཆེན་འདི་ནི་འགྲམ་ལྕག་ཚ་བེར་བ་ཞིག་སྟེ། སློབ་བུ་དག་གི་བསྟོད་ཚིག་དང་བཀའ་དྲིན་གཏང་རག་གི་ཁྲི་སྟེང་ལ་ལྷོད་ལྷོད་ཀྱིས་བཞུགས་ཆོག་པ་ནི་འགའ་རེ་ཞིག་ལས་ཨེ་ཡོད་དམ་སྙམ་བྱུང་། གལ་ཏེ་མེད་ན་མང་པོ་ཞིག་གི་ངོ་གདོང་ཚ་བེར་བེར་ཏུ་མི་འགྱུར་བའི་ངེས་པ་ནི་གཏན་ནས་མེད་པས་འགྲམ་ལྕག་འདི་ནི་སྐུལ་ལྕག་ཅིག་ཅི་ལ་མིན། དེ་འདྲ་བྱུང་ན་དགེ་རྒན་དུས་ཆེན་འདིའི་ངོ་སོ་མི་བསྟོད་གང་ལ་བསྟོད། གཞན་བཀའ་དྲིན་དྲན་ཤེས་པ་དག་ཀྱང་གཡམ་རྒྱུགས་ཙམ་མིན་པར་དོན་གྱིས་ཡིན་ཚེ་རྗེས་སུ་ཡི་རང་བར་བྱའོ།། མཇུག་མཐར་བསམ་ཚུལ་ཙམ་པོ་འདི་ནི་སློབ་བུ་འགས་དྲ་སྟེང་ནས་རང་ཉིད་ལ་རྟེན་འབྲེལ་ཞུས་པ་དང་མཉམ་དུ་ངོ་གདོང་ཚ་བེར་བེར་གྱིས་ཤར་མར་བྲིས་ཏེ་ཚམ་ཚོམ་མེད་པར་སྤེལ་བ་ལགས་པས་འགལ་སྐྱོན་ཅི་རིགས་མཐོལ་ལོ་བཤགས་སོ།།༼

ལབ་ཐུན་བདུན་པ།

སྟོན་པ་དང་བླ་མ། སློབ་དཔོན་ལ་སོགས་པའི་ཐ་སྙད་སྦྱར་ཏེ་ཆེ་བསྟོད་ཇི་འདྲ་བྱས་ཀྱང་། གཡོ་འགུལ་དང་རྣམ་འགྱུར་ཅི་ཡང་མེད་པར་སྔར་བཞིན་སློབ་བུ་ཚོའི་བདེ་སྡུག་གི་རྗེས་སུ་གྲིབ་མ་བཞིན་འདེད་ཅིང་། ཡོན་ཏན་མེད་པ་དང་བསམ་བློ་མེད་པ། སྙིང་སྟོབས་མེད་པ། མིག་རྒྱང་ཐུང་བ། ཐབས་ཀྱིས་སྟོང་པ་ལ་སོགས་པའི་སྐད་ཅོར་བརྒྱབ་སྟེ་དམའ་འབེབས་ཇི་འདྲ་བྱས་ཀྱང་། ན་ཟུག་དང་བློ་ཕམ་ཅི་ཡང་མེད་པར་སྔར་བཞིན་སློབ་བུ་ཚོའི་མདུན་ལམ་གྱི་ཆེད་དུ་ནངས་དགོང་མཚན་གསུམ་ལ་ག་ལེར་རྒྱུགས་པ་ནི་ཁ་རོག་གེར་སྡོད་པའི་དགེ་རྒན་དེ་ཚོ་རེད། ཁོམ་ལོང་ཅུང་ཟད་བྱུང་ཚེ་ལུང་བ་གང་བཤད་འཇོག་པའི་གྲས་སུ་འང་དགེ་རྒན་དེ་ཚོ་མེད་ལ། ཅུང་ཟད་ཡིད་ལ་འཁོར་ཚེ་ལུང་བ་གང་བྲིས་འཇོག་པའི་གྲས་སུ་འང་དགེ་རྒན་དེ་ཚོ་མེད། ཁོ་ཚོ་ནི་ཁ་རོག་གེར་བསྡད་དེ་ལག་དངོས་སུ་འགུལ་ནས་སློབ་བུ་ཚོའི་ཟ་ས་དང་འཐུང་ས། རྩེ་ས་དང་ཉལ་ས། སློབ་ས་དང་སྦྱོང་ས། ཐ་ན་གཏོང་ས་བཅས་སུ་མཚམས་དང་ཚིགས་མེད་པར་སྐྱ་ལོག་གེར་ཁོམ་གྱིན་མེད་པ་དེ་ཚོ་རེད། ཁྱོད་ཚོ་ཁ་རོག་གེར་སྡོད། དགེ་རྒན་དེ་ཚོ་ལ་བརྗིད་ཉམས་དང་མཁས་ཉམས་འདྲ་བསྟན་ནས་ཐ་སྙད་འགའ་རེ་དང་དཔེ་མཚོན་འགའ་རེ་བཏུས་འོངས་ཏེ་སློབ་གསོ་གཏོང་ཁུལ་མ་བྱེད་ཨང་། ཁོ་ཚོའི་སེམས་ན་སློབ་མ་མ་གཏོགས་མེད་པས་གཏམ་ཨ་གསར་ཅན་གྱི་ཁ་ཕོ་དེ་དག་རྣ་བའི་སྒོ་རྩ་རུ་འང་བསུ་གི་མ་རེད། ཁྱོད་ཚོ་ཁ་རོག་གེར་སྡོད། དགེ་རྒན་དེ་ཚོར་ཁྱོད་ཚོའི་ཤེས་ཚད་དེ་ཙམ་ཀྱང་མེད་པ་ག་ལ་ཡིན། གྱང་བཞིན་བརྩིགས་པའི་འབྲི་དེབ་ཀྱི་མདུན་དུ་ལབ་རྒྱག་ཁོམ་ཞིག་གང་ན་ཡོད། དགེ་རྒན་དེ་ཚོར་ཁྱོད་ཚོའི་སྙིང་སྟོབས་དེ་ཙམ་ཀྱང་མེད་པ་ག་ལ་ཡིན། བདག་མེད་གཏད་མེད་ཀྱི་སློབ་བུ་ཚོ་བསྐྱུར་ཏེ་དཔའ་རྟགས་སྟོན་ས་ཞིག་གང་ན་ཡོད། དགེ་རྒན་དེ་ཚོར་ཁྱོད་ཚོའི་བསམ་བློ་དེ་ཙམ་ཀྱང་མེད་པ་ག་ལ་ཡིན། མིག་ཟུང་སྐར་ཚོགས་བཞིན་ལྷེམ་པའི་མདུན་དུ་ཁེར་ཚུགས་ཀྱིས་འགྲེང་ས་ཞིག་གང་ན་ཡོད། དགེ་རྒན་དེ་ཚོར་ཁྱོད་ཚོའི་མིག་རྒྱང་དེ་ཙམ་ཀྱང་མེད་པ་ག་ལ་ཡིན། ཀློག་འདོན་གྱི་དབྱངས་རྟ་བྲག་ཅ་བཞིན་མཆེད་འོངས་དུས་རྒྱབ་ཁུག་འཁུར་ནས་འགྲོ་ས་ཞིག་གང་ན་ཡོད། དགེ་རྒན་དེ་ཚོར་ཁྱོད་ཚོའི་ཐབས་ཤེས་དེ་ཙམ་ཀྱང་མེད་པ་ག་ལ་ཡིན། ཟ་ཁོམ་འཐུང་ཁོམ་ཡང་མེད་པའི་དུས་ལ་མགོ་དགྱེ་སྟེ་ལུས་གཟུར་ནས་བཤད་དེ་འདུག་ཁོམ་ཞིག་གང་ན་ཡོད། འདང་ཞིབ་ཏུ་རྒྱོབས། དགེ་རྒན་ནི་བསླབ་དེབ་སློབ་ཁྲིད་བྱེད་མཁན་ཁོ་ན་ཞིག་གིས་མ་ཡིན་ཏེ། ཕ་མ། བདེ་སྲུང་། ཞབས་ཞུ། རྩིས་གཉེར། སྒོ་སྲུང་། ཇ་མ། སྨན་པ། ཁ་ལོ་བ། བརྡ་བ། འཚེམ་བཟོ། ཕྱགས་མཁན་ལ་སོགས་པའི་ཚོགས་སྤྱི་ཞིག་སྟེ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ནི་དེ་བས་ཀྱང་ངོ་།། དགེ་རྒན་དེ་ཚོ་ལ་ཁ་ཡག་དང་ངོ་དགའ་དགོས་ས་མ་རེད། སྙན་གྲགས་དང་གོ་ཐོབ་དགོས་ས་མ་རེད། ཨ་གསར་དང་ཁ་ཕོ་དགོས་ས་མ་རེད། ཚུལ་འཆོས་དང་གཡོ་སྒྱུ་དགོས་ས་མ་རེད། ཕྱི་ཚུལ་དང་བརྗིད་ཉམས་དགོས་ས་མ་རེད། འགྲོ་ཐབས་དང་འདུག་ཐབས་དགོས་ས་མ་རེད། དེ་ལས་ལྡོག་སྟེ། ནན་ནན་ཏིག་ཏིག་རེད། དངོས་ཡོད་གནས་ཚུལ་རེད། བློ་དཀར་སེམས་དཀར་རེད། རིགས་ཞེན་གནས་ཞེན་རེད། རང་འགན་རང་འཁུར་རེད། བཤད་རྒྱུ་ཉུང་ཉུང་རེད། སྒྲུབ་རྒྱུ་མང་པོ་རེད། མདོར་དེད་ན། ཁ་རོག་གེར་སྡོད་པའི་དགེ་རྒན་ཚོ་ནི་དགེ་རྒན་རེད།

ལབ་ཐུན་བརྒྱད་པ།

དེང་སང་སྙན་ངག་འབྲི་མཁན་མང་པོ་འབྱུང་གིན་འདུག འདི་ནི་དགའ་འོས་པའི་དོན་དག་ཅིག་རེད། རྒྱུ་མཚན་ནི་སྙན་ངག་འབྲི་ལ་དགའ་བ་ནི་བསམ་གཞིགས་གཏང་རྒྱུར་དགའ་བ་དང་གནས་ལུགས་འཚོལ་རྒྱུར་དགའ་བ། བརྩེ་བ་ཆེན་པོ་ལྡན་པ། དྲང་བདེན་བསྙེག་པར་ཕྱོགས་པ། སྤྱོད་ངན་སུན་འབྱིན་པར་སྤྲོ་བ། མཐར་གཏུགས་ན་འཚོ་བའི་ཆེད་དུ་རིག་གནས་ལ་དུངས་ཤིང་། རིག་གནས་ཀྱི་ཆེད་དུ་འཚོ་བ་ལ་ཞེན་པའི་རྟགས་མངོན་གསལ་དོད་པོ་ཞིག་རེད། དེ་ལས་ལྡོག་སྟེ། སྙན་ངག་འབྲི་མཁན་ལ་མཐོང་ཆུང་དང་དམའ་འབེབས་བྱེད་སྤྲོ་ཞིང་སྙན་ངག་ནི་ཤེས་རྒྱ་ཆུང་ཞིང་མཐོང་རྒྱ་དོག་པ། ཁོམ་དྲགས་ཏེ་ལས་རྒྱུ་མེད་པའི་ཅོལ་ཆུང་འབའ་ཞིག་གི་ལས་ཀ་རུ་བརྩི་བ་ནི་མཐོ་དམན་བར་མ་སུ་ཞིག་ཡིན་རུང་དེ་ནི་ཅི་བཤད་འདི་བཤད་མེད་པའི་སྨྱོ་བཤད་དང་། ཡང་ན་སྙིང་བོ་མེད་ཀྱང་འཇོན་ཚུགས་སྟོན་ལ་དགའ་བ། རང་གི་ཉེས་སྐྱོན་རྣམ་ཀུན་སྦ་ལ་བྱང་བའི་རིགས་སུ་ཚུད་པ་ཤ་སྟག་སྟེ། དེའི་རིགས་ནི་གཞུང་ཆེན་དུ་འཛུལ་ནས་ཉམས་རྟོགས་ཀྱི་གད་མོ་དགོད་ཀྱང་དད་མོས་ཀྱི་བ་སྤུ་ཙམ་ཡང་ལྡང་བར་མི་བྱའོ།། ཡིན་ན་འང་སྙན་ངག་འབྲི་རྒྱུ་དགའ་བ་ཙམ་གྱིས་སྙན་ངག་པར་འགྱུར་བའི་ངེས་བ་མེད་དེ། མི་རིགས་སུ་ལ་མཚོན་ན་འང་སྙན་ངག་པ་ནི་ཉུང་ཤས་ཤིག་ལས་མེད་དོ།། གལ་ཏེ་སྙན་ངག་འབྲི་མཁན་ཡོད་དོ་ཅོག་གིས་རང་ཉིད་སྙན་ངག་པ་ཞིག་ཏུ་འགྱུར་བར་བརྩོན་པ་ནི་གོལ་ལམ་ཆེན་པོ་ཞིག་ཡིན་ཏེ། བསམ་བློ་དང་དམིགས་ཡུལ་འདི་ཁོ་ནའི་སྒང་ནས་སྙན་ངག་འབྲི་བ་དང་སྙན་ངག་ལ་ཤུགས་རྒྱག་གིན་ཡོད་ན་ནི་འཕྱ་དམོད་གཟེད་ཀྱང་ཏག་ཏག་ཁྲིགས་སེ་རེད། སྙན་ངག་ནི་ཚོར་སྣང་ཐན་ཐུན་འབྲི་བྱེད་དང་། གཞན་སྐྱོན་བཙལ་ནས་འབྲི་བྱེད། དུངས་སེམས་དམར་རྗེན་སྟོན་བྱེད་ཁོ་ན་མ་ཡིན་ཏེ། དེ་ནི་མིག་མདུན་གྱི་དངོས་ཡོད་འཚོ་བ་བརྒྱུད་དེ་བསམ་གཞིགས་ཀྱི་ཁམས་ཇེ་ཡངས་དང་མཐོང་ཐོས་ཀྱི་སྣེ་ཇེ་རིང་དུ་བསྲིངས་ནས། རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་མ་དོར་བའི་རིག་ཚན་ཁག་ལ་འཇུག་པའི་སྒོ་འབྱེད་ལྡེ་མིག་དང་ཡང་ན་ལམ་གྱི་འཕྲུལ་འདེགས་སུ་འགྱུར་རྒྱུ་ནི་གནད་ཀྱི་དོན་པོའོ།། རང་རེའི་ལོ་རྒྱུས་སྟེང་གི་སྐྱེས་ཆེན་རྣམ་པའི་རྣམ་ཐར་དང་རྟོགས་བརྗོད་སོགས་ནས་ཀྱང་དཔེ་བརྗོད་གསོན་པོ་འདྲ་རྙེད་ཐུབ་པ་ནི། སྙན་ངག་མི་འབྲི་བའི་མཁས་པ་ཞིག་གཏན་ནས་བཙལ་ཐབས་མེད་ལ། སྙན་ངག་པ་ཁ་ཤས་ལས་སྙན་ངག་ཁོ་ན་བྲིས་ཏེ་སྡོད་པའི་མཁས་པ་འང་བརྩི་རྒྱུ་མེད་པ་ནང་བཞིན་རེད། དེ་བས་སྙན་ངག་ནི་རྩེད་སྤྱད་མ་རེད། སྙན་ངག་ནི་ལམ་གྱི་རྒྱགས་བྲོ་རེད། སྙན་ངག་ནི་སྐད་ཡིག་གི་དབུགས་རེད། ང་རང་ཆུང་དུས་ནས་སྙན་ངག་འབྲི་རྒྱུར་དགའ། རང་གི་ནུས་ཚོད་ཀྱི་སྙན་ངག་མང་པོ་བྲིས་ཡོད། ངས་དེ་དག་སྙན་ངག་ཡིན་མིན་མི་ཤེས་མོད་སྙན་ངག་ཅིག་གི་ཚད་དུ་བཟུང་ནས་མུ་མཐུད་དུ་མཚམས་མ་ཆད་པར་བྲིས་མྱོང་། དགའ་ཕྱོགས་འདིའི་མུ་བསྐྱངས་པའི་འབྲས་བུ་ལ་ང་རང་དཔེ་ཀློག་ལ་དགའ་བ་ཞིག་ཏུ་གྱུར་པ་མ་ཟད། དཔེ་ཆ་སྣ་མང་ཀློག་པར་སྤྲོ་བ། ཡིན་མིན་གཉིས་ཀ་ལ་བསམ་གཞིགས་གཏོང་རྒྱུར་དགའ་བའི་མི་ཞིག་ཏུ་དངོས་འབྲེལ་ཆགས་སོང་། ད་ལྟ་དཔེ་ཆ་ཤེས་མཁན་གྱི་གྲལ་དུ་ཚུད་ཐུབ་མེད་ཀྱང་དཔེ་ཆ་ལ་དགའ་བའི་མི་གྲལ་ལ་འཚངས་ཡོད་པས་རྒྱུ་འབྱོར་གྱིས་ཕྱུག་པའི་བདེ་སྐྱིད་ནི་ག་འདྲ་ཞིག་ཡིན་པ་མི་ཤེས་རུང་། ཡིད་ཆེས་དང་སྤོབས་པ་ཡིས་ཁེངས་པའི་རང་གི་བསམ་པའི་འཚོ་བ་ནི་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རེད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2529