གྲོགས་པོ་བསོད་དབང་གིས་ཉི་ཧོང་ནས་ཐོན་པའི་སི་པ་རུ(Subaru)རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་འདུག ངས་ཁོ་ལ་ལམ་སང་ཡི་གེ་འགའ་སྒྱུར་རོགས་བྱས་ན། རྗེས་མར་ཁོའི་རླངས་འཁོར་ནང་ལ་བསྡད་ཆོག་ཟེར་བའི་དགོད་གཏམ་ཁ་ཤས་བཤད་ཀྱིན་འདུག ཁོའི་དེ་ཅུང་ཟད་མཐོ་བའི་རིགས་ཀྱི་བྱེས་བགྲོད་རླངས་འཁོར་དེ་འདྲ་ཞིག་རེད། ཁོས་ད་དུང་དེའི་ཨེན་ཇིན(引擎)དང་། དབུགས་མདོང་།(气缸)སྲུབ་མདའ(活塞)སོགས་ཀྱི་སྐོར་ནས་ཀྱང་ང་ལ་མང་པོ་ཞིག་བཤད་ཀྱིན་འདུག་མོད། ངས་དེ་ཙམ་ཉན་མེད། ཁོས་ད་དུང་ཚོང་རྟགས་ཀྱི་སྐོར་ནས་ཀྱང་སྐད་ཆ་བཤད་སོང་། དེ་ནི་གཞི་སྔོན་པོ་ཡུག་གཅིག་ལ་སྐར་མ་དྲུག་གིས་གྲུབ་པ་ཞིག་རེད་འདུག ཁོས་དེ་ནི་སྐར་མ་སྨིན་དྲུག་རེད་ཟེར། ཉི་ཧོང་སྐད་ཀྱི་སི་པ་རུ་ཟེར་བའང་སྨིན་དྲུག་ཅེས་པའི་དོན་རེད་ཟེར། སྐར་མ་སྨིན་དྲུག ? ང་གློ་བུར་དུ་ཐ་སྙད་འདིས་གང་ཞིག་ལ་འཐེན་ནས་འགྲོ་བཞིན་འདུག ཤུའུ ཤུའུ ཤུའུ ཁོས་ད་དུང་ཡང་སྐད་འཕྲིན་གྱི་ནང་ལ་མང་པོ་ཞིག་བཤད་ནས་ཡོང་གི་འདུག
གནམ་དཔྱད་རིག་པའི་ངོས་ནས་བཤད་ན། སྐར་མ་སྨིན་དྲུག་ནི་སའི་གོ་ལ་དང་བར་ཐག་འོད་ལོ་380 ལྷག་གིས་ཆོད་ཡོད་ནའང་། དེ་ནི་སའི་གོ་ལ་དང་ཆེས་ཉེ་བའི་སྐར་ཚོགས་ཤིག་རེད། རིང་ཡང་ཐུང་སྣང་གི་བཤད་སྟངས་འདི་ལ་ང་རང་དགའ་པོ་ཞེ་དྲག་ཡོད། དོན་དག་དང་འབྲེལ་བ་མང་པོ་ཞིག་ལའང་ངས་བར་ཐག་འདི་ཡག་ཤོས་འདྲ་ཞིག་མཐོང་གི་ཡོད། དེ་བས་ངས་སྐར་མ་སྨིན་དྲུག་ཟེར་བའི་ལྷ་སའི་བུ་མོ་ཞིག་དྲན་སོང་། བུ་མོ་དེ་ང་དང་བར་ཐག་ཅུང་ཟད་རིང་ཞིང་ཤིན་ཏུ་ཉེ་བ་ཞིག་ཀྱང་ཡིན།
ལྷ་སར་བསླེབས་པའི་ལོ་གཉིས་པ་དེ་ལ་རེད། ཕལ་ཆེར་ལག་རྩེད་སྤོ་ལོ་འགྲན་སྡུར་སྤེལ་བའི་ཉིན་ཞིག་ཡིན་བསམས་སོང་། ལྟ་སྟངས་ཤིག་གིས། ངས་མང་པོའི་ནང་ནས་གཞན་དང་མི་འདྲ་བའི་བུ་མོ་ཞིག་མཐོང་བྱུང་། གཞན་དང་མི་འདྲ་ཟེར་ནའང་། མི་འདྲ་ས་མང་པོ་མེད་པ་འདྲ། གང་ལྟར། ངས་མོ་རང་དམིགས་བསལ་ཞིག་ཏུ་མཐོང་སོང་། བུ་མོ་དེས་ཁ་རས་ཤིག་ཀྱང་བརྒྱབས་འདུག མོས་མགོ་བོ་ཅུང་ཙམ་རེ་འགུལ་བ་ན། ང་ལ་སྐྲག་སྣང་རེ་སྐྱེས་ཡོང་། ངས་ལམ་སེང་གཞན་ཞིག་ལ་བལྟས་ནས་བསྡད། མི་ཚོགས་དེ་འདྲ་མང་བས་ན། མ་གཞི་ང་སྐྲག་དགོས་དོན་ཞིག་མི་འདུག་ཨང་། གང་ལྟར་ངས་བུ་མོ་དེའི་སྟོད་ཐུང་གི་ཚོས་གཞི་དང་། མིག་གི་དཀྲི་ག ལྷོ་ཁོ་རེ་ཡའི་བུ་མོ་དག་གི་སྐྲ་ཚུགས་དང་འདྲ་བའི་ཐོར་ཅོག་སོགས་ཡིད་ལ་བཟུང་ཚར། དེ་བས་ཀྱང་དཔྱད་གཞི་གལ་ཆེ་བ་ཞིག་ལག་སོན་བྱུང་བ་ནི། བུ་མོ་དེས་དགའ་འབོད་བྱེད་པའི་སྤོ་ལོ་རུ་ཁག་ནི། ཉིས་སྟོང་བཅུ་གཉིས་ལོའི་སྨན་པའི་འཛིན་གྲྭ་དང་པོ་རེད། ད་ལྟ་ང་ལ་མ་མཐའ་ཡང་ལས་ཀ་གནད་འགག་ཅན་གཅིག་འདུག དེ་ནི་ཐབས་ཤེས་གང་དྲག་གི་སྒོ་ནས་ངས་བུ་མོ་དེའི་ཁ་པར་ཨང་གྲངས་རྙེད་ཐབས་བྱེད་རྒྱུ་དེ་རེད། དེ་དུས་ཉིས་སྟོང་བཅུ་གཉིས་རེད། ངས་བུ་མོ་ཆ་མེད་དེ་ལ་ང་ཁོ་ནས་འབོད་རྒྱུའི་མིང་ཞིག་འདོགས་དགོས་སྙམ། པིར་གྱིས་ཅུང་ཟད་བསྐོར་བའི་སྨིན་མ། སྒོར་ཕྱེད་ཀྱི་ཚད་ཙམ་འཁྱིལ་བའི་ཟི་མ། རང་བཞིན་གྱིས་བབས་པའི་དཀྲི་ག། ཆེ་ཞིང་སྐྱོ་ཉམས་ཅུང་ཟད་ཞུགས་པའི་མིག་ཟུང་། འདི་དག་ཡིད་ལ་དྲན་ཚེ། ངའི་མིག་ལམ་དུ་སྐར་མ་མང་པོ་ཞིག་ཤར་གྱི་འདུག དེ་ནི་ང་རང་མགོ་ཡོམ་འཁོར་བ་ནི་མིན་པར། ཉེ་ཆར་དགའ་བའི་གླུ་དབྱངས་སྙན་མོ་ཞིག་དང་འབྲེལ་བ་ཡོད། གནམ་ལ་སྐར་མ་མང་པོ་ཤར་བཞག ། སྐར་མ་བརྒྱ་ཕྲག་མང་པོ་ཤར་བཞག ། སྐར་མ་བརྒྱ་ཕྲག་མང་པོའི་དཀྱིལ་ལ།། སྐར་མ་སྨིན་དྲུག་འདྲ་ལེ་མི་འདུག ། རེད། སྐར་མ་སྨིན་དྲུག
སྨིན་དྲུག་ལགས་ལོ་དེའི་སློབ་མ་གསར་བ་ཡིན།
ཁ་པར་ཨང་གྲངས་རྙེད་རྒྱུ་དེ་ལས་སླ་པོ་ཞིག་ཡིན་སྲིད་ཀྱང་། མངོན་ཆུང་གི་ང་ལ་མཚོན་ན་སྐད་ཆ་འདྲི་ས་ཡག་པོ་ཞིག་མ་ཐོབ་པས། གཟའ་འཁོར་མང་པོ་འགྱངས་སོང་། མཚན་མོའི་ཉལ་ཁ་དང་། སློབ་ཁྲིད་སོགས་ཀྱི་སྐབས་སུ་རྟག་ཏུ་མོ་རང་དྲན་ཡོང་གི་འདུག དྲན་གདུང་འདི་མོས་ཤེས་རོགས་བྱས་ན་སྙམ་པའི་སྡུག་བསྔལ་ཡང་ཐན་ཐུན་བྱུང་། དམིགས་བསལ་མེད་ན། ཕྱི་དྲོ་ཆུ་ཚོད་དྲུག་པ་ཕྱེད་ཀ་ཙམ་ལ་མོ་རང་རྟག་པར་ལུས་རྩལ་ར་བ་ལ་ངག་སྐྱོར་གཏོང་དུ་ཡོང་གི་རེད། ལུས་རྩལ་ར་བའི་ནང་དུ་སློབ་མ་གཞན་པའང་ཤིན་ཏུ་མང་། ང་མ་གཏོགས། ཚང་མས་སྐོར་བ་བརྒྱབས་ནས་ངག་སྐྱོར་གཏོང་གི་རེད། ཡིན་ནའང་། མཚམས་མཚམས་མོས་ནན་ཏན་བྱས་ནས་ངག་སྐྱོར་མི་གཏོང་བར་གཞན་པ་ལ་སྐད་ཆ་བཤད་ཅིང་། འཁྲིས་ཀྱི་རོགས་པ་དག་ལ་རྐང་པ་གཡུགས་ཏེ་རྩེད་མོ་བྱེད་ཀྱིན་ཡོད། སྐབས་དེ་དག་ལ་ངས་ཕལ་ཆེར་ཐག་དེ་ཙམ་མི་རིང་བའི་ལུས་སྦྱོང་བྱེད་སའི་ཆིག་རྡང(单杠)དེར་ཁེན་ནས་མོ་ལ་བལྟས་ཡོད་ངེས། ཡང་མིན་ན། རྒྱུག་ལམ་གྱི་ནང་ཕྱོགས་ལ་སོང་ནས་དེབ་ཅིག་ཀློག་ཁུལ་བྱེད་བཞིན་མོ་ལ་ལྟ་སྲིད། ཉིན་ཞིག ངས་རྒྱུད་བཞིའི་དཔེ་ཆ་ཁ་ཐུར་ལ་བསྟན་ནས་འདོན་རྩིས་བྱེད་ཀྱིན་འདུག ངོ་ཚ་ནས། འཁྲིས་ཀྱི་མི་དག་ལ་གཅིག་ལྟ་དགོས་ཐུག སློབ་དུས་དེར། ཁོ་ཚོའི་ལུས་རྩལ་སློབ་ཐུན་ནི་གཟའ་ཕུར་བུའི་ཕྱི་དྲོར་ཡིན། སྨིན་དྲུག་ལུས་རྩལ་ལ་དགའ་པོ་གཅིག་ཀྱང་མེད་པ་འདྲ། ལུས་རྩལ་སྟ་གོན་གྱི་སྐོར་བ་གཅིག་པུ་དེ་ལའང་མོ་རང་མཇུག་ཤོས་རེད། ད་དུང་ཐང་ཆད་ནས་རོ་འདྲ་ཞིག་ཆགས་འདུག མོ་ལ་ཆུ་ཞིག་དགོས་པ་འདྲ། ཡིན་ནའང་ལུས་རྩལ་དགེ་རྒན་གྱིས་མོ་དང་བཅས་པའི་སློབ་གྲོགས་གཉིས་ཀྱི་སྦལ་མཆོང་དོན་ཚན་དེ་ཚར་རྒྱུར་བསྒུགས་ནས་འདུག འདི་དག་ཚང་མ་ངས་སློབ་བྱོལ་བྱས་ནས་མཐོང་བ་ཡིན། ཡིན་ནའང་། ངས་མོ་རང་གི་ཆེད་དུ་སློབ་བྱོལ་འདི་མ་གཏོགས་བྱས་མ་མྱོང་།
ངས་ཚོད་དཔག་བྱས་པ་ལྟར་ན། སློབ་དུས་དེར། སྨིན་དྲུག་ལ་མ་མཐའ་ཡང་ལུས་རྩལ་སློབ་ཐུན་སྐབས་ཀྱི་ཨ་རྡིས་རྡ་སི(Adidas)དཀར་པོ་དེ་དང་། རྒྱུན་ལྡན་སློབ་ཁྲིད་ཀྱི་ནེ་ཁེ(Nike)ཡུ་རིང་དེ། ཁྲོམ་ལ་འགྲོ་དུས་ཀྱི་ཝན་སི(Vans)ནག་ལྷེབ་དེ། ད་དུང་ལན་པར་ཐག་མི་ཆོད་པ་འགའ་ཞིག་དང་བཅས་ལྷམ་གོག་ཆ་ལྔ་འདུག ང་རང་དགའ་ཤོས་དེ་མོ་རང་གི་ལན་པར་མེད་པའི་ལྷམ་དེ་ཡིན། ནམ་ཡང་གཙང་མ་ཞིག་དང་། སིམ་སིམ་སིམ་གྱིས་འགྲོ་བ་ཞིག་ཡོད། ཡིན་ནའང་མོའི་ལྷམ་དེ་དག་མང་ཤས་རྒྱུ་དག་མེད་པའི་རྫུས་རྟགས(冒牌)རེད། མོ་དང་བསྡུར་ན་ང་ལ་སྒོར་སུམ་བརྒྱ་སྤྲད་པའི་ཆོ་ཏན(乔丹)ཞིག་གོན་རྒྱུ་ཡོད། དེ་མིན་ངའི་ལྷམ་གཞན་པ་རྣམས་ཀྱང་ཚང་མ་རྫུས་རྟགས་ཡིན། མ་གཞི་ཆོ་ཏན་དེའང་ཕྱི་རྒྱལ་གྱི་འབྱོར་ལྡན(Jordan)དང་བསྡུར་ན་རྫུས་རྟགས་རང་ཡིན་པ་འདྲ། སྨིན་དྲུག་ལ་སྟོད་ཐུང་མང་ཤོས་ཡིན། དེ་དག་ལ་སྔོན་དུ་སྡོམ་རྩིས་རེ་བླངས་མོད། ཕྱིས་སུ་མོའི་རོགས་པ་དང་ཚང་མས་ཕན་ཚུན་གཡར་ནས་གོན་བཞིན་འདུག་པས། ངའི་མགོ་འཐོམས་སོང་། སྨིན་དྲུག་གི་གོས་ཐུང(རྐང་སྣམ)གི་སྐོར་ལའང་། བཤད་རྒྱུ་རེ་འགའ་ཡོད་མོད། ཀུན་སྤྱོད་དང་མི་མཐུན་པ་འདྲ་བས་གཡུགས་ཞོག སྨིན་དྲུག་ཁ་རས་རྒྱག་རྒྱུར་དགའ་པོ་ཞེ་དྲག་ཡོད། དེའང་ཡིན་གཅིག་མིན་གཅིག་སྔོན་པོ་ཞིག་ཡིན་དགོས། ཁ་རས་བརྒྱབས་པའི་སྨིན་དྲུག་གིས་མི་ལ་སྐད་ཆ་མང་པོ་བཤད་ཀྱི་མེད། མོའི་ལག་འཁྱེར་ལྟོ་ཕད་ནང་དུ་ཁ་རས་རྡར་ཚན་རེ་ཏན་ཏན་ཡོད་པར་ངེས། ཝུའུ་ཧན་ལ་ཁ་རས་ཀྱི་ཐོན་ཁུངས་ཤིན་ཏུ་ཛ་དྲག་དུས་དེ་ལ། ངས་རྒྱང་རིང་གི་སྨིན་དྲུག་དྲན་ཞིང་། མོའི་ཁ་རས་དེ་དག་དྲན་ཚེ། ངའི་སེམས་པ་དྲོད་ཁོལ་ཞིག་གིས་ཁེངས།
ད་ནི་ང་མོ་ལ་ཆ་རྒྱུས་ཅུང་ཟད་ཡོད་པ་འདྲ། ཡིན་ནའང་། ངས་མོ་དང་འབྲེལ་བ་མ་བྱས་ན་ཡོད་ཚད་སྟོང་པ་རེད་བསམས། གཅིག་བྱས་ན་སྟོང་པ་མིན་ཡང་སྲིད། ག་རེ་ཟེར་དགོས་རེད། གང་ལྟར་ང་རང་དགར་བསྡད་བཞག་ན་རྒྱུ་མཚན་གཅིག་ཀྱང་མེད་པ་འདྲ།
ཕ་ཡུལ་གཅིག་པའི་གྲོགས་པོ་རྡོ་རྗེ་རྒྱལ་ཡང་ཉིས་སྟོང་བཅུ་གཉིས་ལོར་གསོ་རིག་སློབ་ཆེན་དུ་ཡོང་བ་ཞིག་རེད། ངེད་ཡུལ་གྲོགས་རྣམས་ཀྱིས་ཕ་ཡུལ་གྱི་སློབ་མ་གསར་བ་རྣམས་ལ་སྣེ་ལེན་བྱེད་སྲོལ་ཡོད་པས། རྡོར་རྒྱལ་དང་ང་ཚོ་ལམ་སང་གྲོགས་པོ་ཡག་པོ་ཞིག་ཏུ་ཆགས་སོང་། བྱས་ན་འགྲིག་འདུག སྨིན་དྲུག་གི་ཁ་པར་ཨང་གྲངས་རྩད་གཅོད་བྱེད་རྒྱུའི་ལས་དོན་རླབས་ཆེན་དེ་ཁོ་ལ་བཅོལ་དགོས་འདུག བུ་རེ་བ་ཅན་ལ་རེ་ལྟོས།། གོས་རི་མོ་ཅན་ལ་རྒྱང་ལྟོས།། དུས་ཚོད་མང་པོ་འགོར་མ་སོང་། གཅིག་བརྒྱད་བརྒྱད་ཅིག་ཅིག་མོག་མོག་བཞི་ཀླད་གོར་ཀླད་གོར་བཞི། ངས་ཨང་གྲངས་དེ་དག་རང་གི་ཁ་པར་ལ་ཞིབ་ཚགས་བྱས་ནས་མནན་པ་ཡིན། ཡིན་ནའང་། ངས་ལམ་སང་མོ་ལ་འབྲེལ་བ་བྱས་མེད། ད་ནི་ང་ལ་གནད་དོན་ཞིག་ཡོད་པ་ནི་ངས་མོ་ལ་འབྲེལ་བ་བྱས་ནས་སྐད་ཆ་ཅི་ཞིག་བཤད་དགོས་པ་དེ་རེད། ང་རང་དེ་དུས་སྙན་ངག་འབྲི་རྒྱུར་ཤིན་ཏུ་དགའ་པོར་སོང་ཙང་། ངས་མོ་ལ་སྤྱིར་བཏང་གི་སྐད་ཆ་དེ་འདྲ་བཤད་མི་སྲིད།
ཡིན་ནའང་། ང་ལ་བྲེལ་འཚུབ་དང་དངངས་སྐྲག་སྐྱེ་བཞིན་འདུག ངས་མོ་ལ་སྤྱིར་བཏང་གི་སྐད་ཆ་ཞིག་ཀྱང་བཤད་ནུས་ས་མ་རེད།
སྐྱེས་པ་ཕལ་ཆེར་གྱི་བུ་མོ་རྣམས་ལ་འབྲེལ་ལམ་འཛུགས་སྟངས་དེ་ནི་ལག་འཁྱེར་ཁ་པར་བརྒྱུད་དགོས་པ་ཞིག་ཡིན་ནའང་། ང་རང་ཕལ་ཆེར་ཞེས་པ་དེའི་ནང་ལ་འགྲོ་མི་འདོད། སྨིན་དྲུག་ལ་ཐོག་མའི་བག་ཆགས་ཡག་པོ་ཞིག་འཇོག་རྒྱུ་འདིའི་ཐད་ལ་ཅིས་ཀྱང་གསར་གཏོད་མི་འདྲ་བ་ཞིག་བྱེད་དགོས་སྙམས། ཡིན་ནའང་། སླར་ཡང་ཁ་པར་མ་གཏོགས་ཅང་དྲན་ཤེས་ཀྱི་མི་འདུག སྐབས་དེ་དུས་ཀྱི་ངའི་དབུས་སྐད་ཀྱི་ལ་ཉེ་ལ་བལྟས་ཚེ། ངས་བརྒྱ་ལ་ཁ་པར་སྤྱད་ཀྱང་། བརྡ་འཕྲིན་སྐུར་རྒྱུ་ལས་ཐབས་མེད། ང་ཚོ་ཚང་མས་ཤེས་གསལ་རེད། ཁ་པར་ཨང་གྲངས་ལ་གྲངས་གནས་བཅུ་གཅིག་ཡོད་པ་ལས། དང་པོའི་ཨང་གྲངས་གསུམ་དེ་དྲ་བ་རྣམ་འབྱེད་ཀྱི་ཨང་གྲངས་ཡིན། དཔེར་ན། ཡིས་ཏུང་དྲ་བ་ལ། 134、135 ལྟ་བུ་དང་། ལེན་ཐུང་དྲ་བ་ལ། 130、131 ལྟ་བུ། གློག་འཕྲིན་ལ་133、189 ལྟ་བུ་རེད། དེའི་རྗེས་ཀྱི་ཨང་གྲངས་བཞི་དེ་ས་ཁུལ་ཨང་སྒྲིག་གི་གྲངས་ཀ་ཡིན་པ་རེད། དཔེར་ན། བོད་ལྗོངས་ལྷ་ས་ལ་0897、ལྟ་བུ་དང་། མཚོ་སྔོན་མཚོ་ལྷོ་ལ 0974 ལྟ་བུ་སོགས་ང་རང་དང་པོ་ལྷ་སར་བསླེབས་དུས་བོད་ལྗོངས་ཀྱི་ཁ་པར་ཨང་གྲངས་དེ་དག་ཀློག་ཁག་པོ་ཞིག་འདུག་ཅིང་། དང་པོ་དག་ཏུ་ཨང་གྲངས་མང་པོ་ཞིག་བརྡ་ཁྱབ་དང་གཡོ་སྒྱུ་བཤད་མཁན་མིན་ནམ་སྙམས་ནས་སྣེ་ལེན་བྱེད་མ་ཕོད། དེ་དུས་ངས་ཏག་ཏག་མཚོ་སྔོན་གྱི་ཁ་པར་ཨང་གྲངས་ཤིག་ཉར་ཡོད་པས། ངས་བཏང་བའི་ཉིས་ཧོ(ཁམས་བཟང)ཟེར་བ་ལ་སྨིན་དྲུག་གིས་ཕྱིར་ལན་མ་ཡོང་བ་ནི། ཕལ་ཆེར་མོས་ཀྱང་ས་ཁུལ་མི་གཅིག་པའི་ཨང་གྲངས་ཁྱད་མཚར་དེ་གཡོ་སྒྱུ་འཁྲབ་མཁན་ཞིག་ལ་འདོད་པས་ཡིན་སྲིད། མིན་ཡང་སྲིད།
ཨ་མདོ་དང་འབྲེལ་འདྲིས་མེད་མཁན་ཞིག་ལ་མཚོན་ན་ཨམ་སྐད་ནི་གོ་ལ་གཞན་གྱི་སྐད་ཆ་ཞིག་དང་གཉིས་སུ་མེད། དེ་བས་ཁ་པར་བརྒྱབས་ཀྱང་ཨམ་སྐད་བཤད་མི་ཉན་པ་དེའང་ཚོད་ཀྱིས་ཐིག་ཐུབ། ད་བྱས་ན་རྒྱ་སྐད་རྒྱག་དགོས་པ་འདྲ། ང་ཚོ་དང་ཐོག་ལྷ་སར་བསླེབས་དུས། འཛིན་གྲྭའི་ནང་དུ་སློབ་གྲོགས་ཕན་ཚུན་བར་རྒྱ་སྐད་མ་བརྒྱབས་ན་གོ་བརྡ་རྩ་ནས་མི་འཕྲོད། དགེ་རྒན་གྱི་སློབ་ཁྲིད་དེ་ཡིག་སྐད་དང་མཐུན་ཆེ་ནའང་། མཚམས་མཚམས་རྒན་ལགས་ཚོས་ཁོ་རང་ཚོའི་འཚོ་བ་དང་འབྲེལ་བའི་དགོད་གཏམ་ལྟ་བུ་རེ་བཤད་པ་ཡིན་ན་ཡུལ་སྐད་ཐ་མལ་བ་དེ་ཆགས་འགྲོ་བས། ཧ་ཅང་ཡང་གོ་དཀའ། ལྷ་སའི་སློབ་གྲོགས་རྣམས་ནི་གད་མོ་སྐྱིད་མདོག་ཁ་པོ་ཞིག་བྱེད་མོད། ངས་གནས་ཚུལ་ག་རེ་ལྷག་མིན་ཁྱོན་ནས་ཤེས་ཀྱི་མེད། གྲལ་མཚེས་སོགས་ལ་སྐད་ཆ་དྲིས་རྗེས། མཇུག་ཏུ་ང་རང་གཅིག་པུ་གད་མོ་ཤོར་གྱི་ཡོད། ལྷ་སའི་དགེ་རྒན་ཚོའི་སློབ་ཚན་ཁྲིད་སྟངས་དེ་ཨ་མདོ་དང་ཕྱོགས་མང་པོ་ཞིག་ནས་འདྲ་ཡི་མི་འདུག མ་མཐའ་ཡང་གསོན་ཉམས་ལྡན་ལུགས་དང་། སྤྲོ་སྣང་སྐྱེད་ཚུལ་གྱི་ཐད་ནས་རྦད་དེ་ཁ་ཁ་རེད་བཞག ངས་རྒྱ་ཡིག་གི་ཚིག་ཐུང་རེ་དཀའ་ངལ་ཆེན་པོ་མེད་པར་འབྲི་ཐུབ་ནའང་། རྒྱ་སྐད་བཤད་པ་ལ་དཀའ་ལས་ཆེན་པོ་འཕྲད་ཀྱི་ཡོད། ལྷག་པར་དུ་ངས་རྒྱའི་སྤྱི་སྐད་ཀྱི་སྒྲ་གདངས་དྲག་ཞན་དེ་རྩ་བ་ནས་མགོ་འཚོས་ཀྱི་མེད། དེ་དུས་ཀྱང་སློབ་གྲོགས་བུ་མོ་ཞིག་ལ། ངས་ཁྱེད་ལ་སྐད་ཆ་ཞིག་འདྲི(问wèn)ཟེར་བ་དེ་ངས་ཁྱོད་ལ་འོ(吻wěn)བྱེད་འདྲ་བོ་ཞིག་ལབ་སོང་། ངོ་མ་ཞབས་འདྲེན་རང་རེད།
བརྩེ་དུང་ནི་སྐད་ཆས་མཚོན་ཐབས་མེད་པ་ནང་བཞིན། ང་དང་སྨིན་དྲུག་བར་ལའང་སྐད་ཆ་བེད་སྤྱོད་གཏོང་ཐབས་མེད་པ་འདྲ། ང་རང་ནམ་རྒྱུན་ནས་བཤད་པ་ལས་འབྲི་རྒྱུ་མང་ཤོས་ཡིན་པས། ད་བྱས་ན་འབྲི་རྩལ་དེ་ལན་གཅིག་ངོམ་དགོས་འདུག སློབ་ཆུང་སྐབས་ནས་བཟུང་། བུ་མོ་རྣམས་ལ་རྒྱ་ཡིག་གི་འཕྲིན་ཡིག་མང་པོ་བྲིས་མྱོང་བས། ད་དུང་སྐད་ཆ་སྙན་པོ་ཁ་ཤས་སེམས་ན་བསྡད་ཡོད་པ་འདྲ། ངས་འཕྲིན་ཡིག་མང་པོ་ཞིག་བྲིས་པ་ཡིན། དེ་དག་ཚང་མ་གད་སྙིགས་སྒམ་ནང་དུ་ཡོད། ད་དུང་ཡང་མང་པོ་བྲིས། རང་ཉིད་ཀྱི་བློ་ཡིད་ཚིམས་པ་ཞིག་གཏན་ནས་འཁྱོང་གི་མི་འདུག ངའི་རྒྱ་ཡིག་གི་ཡིག་གཟུགས་དེ་ཅུང་ཟད་འགྲིག་བསྡད་ཡོད། རྒྱུག་བྲིས་རེ་བྱས་ན་དེ་བས་ཀྱང་ཉམས་སྣང་དོད་པོ་ཞིག་ཡོད། ཡིན་ནའང་། ངས་སྨིན་དྲུག་གིས་ང་དང་ཕྱིར་འབྲེལ་བ་མི་བྱེད་ཐབས་མེད་པའི་རྒྱུ་མཚན་ཞིག་འབྲི་ཤེས་ཀྱི་མི་འདུག
ངས་གཞི་ནས་ཐབས་ཤེས་ཤིག་རྙེད་སོང་།
ངས་སྨིན་དྲུག་ལ་ཕལ་ཆེར་ཡོད་སྲིད་པའི་ལྷན་སྐྱེས་ཀྱི་སེམས་ཁམས་དེར་དཔུང་འཇུག་བྱེད་དགོས་བསམས་བྱུང་། དེ་ནི་བྱམས་དང་སྙིང་རྗེ་རེད། ངས་རང་ཉིད་སློབ་སྦྱོང་གི་ཐོག་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དེ་ཚིག་ཉམས་སྐྱོ་ལྷང་ལྷང་བ་ཞིག་གིས་བྲིས། དབུས་སྐད་ཡག་པོ་སློབ་དགོས་པ་དེའང་ཁ་ཚ་དགོས་གཏུག་ཅིག་ཆགས་ཡོད་ཚུལ་སོགས་བཤད་པ་ཡིན། དེ་མ་གཞི་བདེན་པའང་ཡིན། ད་དུང་ངའི་ཁ་པར་ཨང་གྲངས་དང་། ཐེང་ཤུན་ཨང་ཀི(腾讯QQ号)སོགས་ཀྱང་གཤམ་ཞིག་ལ་བྲིས་པ་ཡིན། བྲིས་ཚར་བའི་འཕྲིན་ཡིག་དེ་སྙིང་གཟུགས་སམ་སྙིང་གི་བཟོ་ལྟའི་ཚུལ་དུ་ལྟེབས་མེད། དེ་ཙམ་མ་ཟད། ང་མོ་རང་ལ་དགའ་པོ་ཡོད་པའི་སྐད་ཆའང་ཅི་ཡང་བཤད་མེད། དེ་ཧ་ཅང་གལ་ཆེན་པོ་ཡིན། མ་མཐའ་ཡང་ངས་མོ་རང་ལམ་སང་མགྲོན་ཁང་ནང་ལ་ཁྲིད་རྒྱུའི་འཆར་གཞི་དེ་ད་དུང་ལག་བསྟར་བྱེད་རྩིས་ཡོད་པ་མ་རེད།
ངས་རང་ཉིད་སྨིན་དྲུག་དང་ཉེ་བར་བཅར་ཐུབ་པའི་དོན་དག་ཐམས་ཅད་ཡག་པོ་བསྒྲུབས་བཞག་ཡོད། ངའི་ལྷག་བསམ་ཡང་གཙང་མ་ཡིན། ད་ནི་ཅི་ཞིག་བྱུང་ཡང་། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་རེད།།
ངས་ཚོད་དཔག་བྱས་པ་ནི། གལ་སྲིད་སྨིན་དྲུག་གིས་གུས་པ་ལ་ཁ་ཡ་བྱས་པ་ཡིན་ན། དེའང་ཕལ་ཆེར་ཚུར་ཁ་པར་བཏང་ནས་ཡོང་བ་ཞིག་ཡིན་ངེས་བསམས་མོད། མོས་ང་ལ་ཕྱིར་འཕྲིན་ཡིག་བསྐུར་འདུག ངས་ཧ་ཅང་གཟབ་གཟབ་ཀྱི་ངང་ནས་འཕྲིན་ཡིག་གི་ཁ་ཕྱེ། ཐོག་མར་ངའི་སེམས་ལ་འདི་འདྲ་ཞིག་དྲན་སོང་། སྨིན་དྲུག་གི་རྒྱ་ཡིག་ཡིག་གཟུགས་དེ་ད་དུང་ཡང་འབྲི་སྦྱོང་མང་པོ་བྱེད་དགོས་འདུག་སྙམ། ངའི་སེམས་ཁོང་གི་ལྷ་མོས་ཡིག་གཟུགས་ཨ་ཀྱོག་པ་ཀྱོག་འདི་འདྲ་ཞིག་འབྲི་བ་ནི་ངོ་མ་དང་ལེན་བྱེད་དཀའ་བ་ཞིག་རེད། དང་པོ་དེ་ལྟར་བསམས། མཇུག་ལ་ཡག་སྣང་ཞིག་ཀྱང་སྐྱེས་ཀྱི་འདུག ངས་འཕྲིན་ཡིག་དེ་མ་མཐའ་ཡང་ཡིག་འབྲུ་རེ་རེ་བྱས་ནས་གཟབ་ནན་གྱིས་ཐེངས་ལྔ་བཅུ་ལྷག་བཏོན་ཡོད་ངེས། དེ་ཙམ་གྱིས་ཀྱང་ཚད་ས་མེད། ཕྱིས་སུ་འཕྲིན་ཡིག་དེ་ངས་ངག་སྐྱོར་གཏོང་ཐུབ་ཀྱི་ཡོད། ལྷ་ས་བའི་ལུགས་ལྟར། མོས་ཁེངས་སྐྱུངས་ཞེ་དྲག་གནང་བཞག མ་གཞི་ག་བ་ག་བ་ཞེས་པ་དེ་བྲིས་མི་འདུག་མོད། ང་ལ་དེ་འདྲ་མང་པོ་ཞིག་ཡོད་པའི་འཆར་སྣང་བྱུང་། མོ་རང་ལ་འཇོན་ཐང་དང་ནུས་པ་ཅི་ཡང་མེད་ཚུལ་དང་། ཕལ་ཆེར་ང་ལ་ལྷ་སའི་སྐད་ཡག་པོ་ཞིག་སློབ་ཐུབ་པའི་གདེང་ཚོད་ཀྱང་མེད་ཚུལ་སོགས་མེད་པའི་མེད་རབས་དེ་མང་པོ་ཞིག་བསྟར་འདུག་མོད། མཇུག་ཏུ་ང་ལ་རོགས་པ་བྱེད་རྒྱུའི་ཨ་ལན་དེ་གསལ་བོ་ཞིག་བརྗོད་འདུག ངས་མཛེས་ཉམས་ཤོམ་ལུགས་ལ་དབྱིངས་ཚུད་ནས་སློབ་སྦྱོང་དེ་ཙམ་མེད་པའི་ཉ་མ་མང་པོ་མཐོང་མྱོང་ཡོད་པས། མོ་ལ་ངོ་མ་འཇོན་ཐང་ཅི་ཡང་མེད་ཀྱང་སྲིད་མོད། དེ་གཙོ་བོ་མ་རེད། ད་ནི་གཙོ་བོ་དེ་གང་ཡིན་པ་མ་བཤད་ནའང་ཚང་མས་ཤེས་རྒྱུ་རེད།
སྨིན་དྲུག་གི་ཐེང་ཤུན་ཨང་ཀིའི་མགོ་པར་ལ T.O.P བཞག་འདུག དེ་ནི་ལྷོ་ཁོ་ར་ཡའི་རོལ་ཚོགས་གྲགས་ཅན་འཇིག་རྟེན་འབར་གས་ཆེན་མོ(BIGBANG )ཞེས་པ་དེའི་ཚོགས་མི་ཞིག་ཡིན། ང་ལ་སྨིན་དྲུག་གི་སྐད་གདངས་དེ་ཤིན་ཏུ་སྙན་པོ་ཞིག་གོ་རྒྱུ་བྱུང་། བཤད་སྟངས་དེའང་ཅུང་ཟད་བསྟན་བཤིག་ཚ་པོ་ཞིག་རེད། ངས་མང་ཙམ་ཉན་ནས་ཉུང་ཙམ་རེ་བཤད། རྒྱུ་རྐྱེན་ཅི་ཞིག་གིས་ཡིན་མིན་བཤད་ཤེས་མ་སོང་མོད། སྨིན་དྲུག་གིས་ང་ལ་བསླབས་པའི་ལྷ་སའི་སྐད་དེ་དག་ངས་ལམ་སང་ཤེས་ཡོང་བ་ཞིག་འདུག མོས་ངའི་རིག་པ་ཡག་པོ་འདུག་ཟེར། ཧུ་ཧུ། ངས་ཀྱང་དེ་འདྲ་ཞིག་རེད་བསམས།
ཉིན་ཞིག་སྨིན་དྲུག་གིས་ང་ལ་མོ་རང་གི་གྲོགས་མོ་ཞིག་གི་སྐོར་བཤད་སོང་། བསྟན་འཛིན་སྒྲོལ་དཀར། ངས་ཐོག་མར་གོ་དུས། ཏིང་འཛིན་སྒྲོལ་དཀར་ཡིན་ཤག་བྱས་པ་ཡིན། མཇུག་ལ་ཞིབ་འཇུག་བྱས་པས། ལྷ་སའི་སྐད་ནང་དུ་བསྟན་འཛིན་ལ་བསྟེན་འཛིན་ཞེས་ཡོང་གི་འདུག སྨིན་དྲུག་མོ་རང་གིས་ཀྱང་འདི་ལ་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག ངས་འདིའི་གནད་དོན་ནི་ཚིག་གྲོགས་དང་འབྲེལ་བ་ཡོད་འདུག་བསམས། དཔེར་ན་ངའི་ཕ་ཡུལ་དུ། བསྟན་ཡིག་ཁོ་ནའི་སྐབས་སུ་བསྟན་རང་ཀློག་ངེས་མོད། ཚིག་གྲོགས་སྦྱར་ནས་ཐུབ་བསྟན་ཟེར་དུས་བསྟན་གྱི་སྒྲ་འགྱུར་ནས་ཐུབ་བསྟུན་འདྲ་བོ་ཆགས་པ་དེ་འདྲ་མིན་འགྲོ་བསམས། ངས་ད་དུང་དཔེར་བརྗོད་གཞན་ཞིག་དྲན་ཡོང་། ཨ་ཁུ་སྨན་བླས་ཁོ་རང་གི་མིང་ལ་ཕ་ཡུལ་ནས་སྨན་བླ་སྐྱུབས་ཟེར་གི་འདུག་ཟེར་བ་དེ་དྲན་བྱུང་། ཡིན་ནའང་། ལྷ་སའི་སྐད་ནང་དུ་འདིའི་རིགས་ཚིག་གྲོགས་ལ་འབྲེལ་བ་མི་འདུག བསྟན་ཡིག་ཁོ་ན་བཀླགས་ཀྱང་བསྟེན་ཞེས་ཡོང་གི་འདུག ངེད་གཉིས་ནས་བསམ་བློ་མང་པོ་བཏང་མཐར་རྗེས་འཇུག་ལ་འབྲེལ་བ་ཡོད་འདུག་བསམས། དེས་ན་ལས་སླ་མོ་རེད། རྗེས་འཇུག་ག་ང་ད་ན་བ་མ་འ་ར་ལ་ས་རྣམས་བཅུ་ལ་རེ་རེ་བྱས་ནས་དཔེར་བརྗོད་བཞག་སྟེ། ག་ལེར་བཀླགས་ནས་སྒྲ་འགྱུར་མིན་ཚོད་ལྟ་བྱེད་དགོས་འདུག ངས་བཀླགས་ན་རང་བཞིན་གྱིས་ཨམ་སྐད་ལ་ཤོར་འགྲོ་བ་ཞིག་འདུག་པས། དེ་ནས་དཔེར་བརྗོད་འཇོག་མཁན་ང་བྱས། དཔེར་བརྗོད་ཀློག་མཁན་སྨིན་དྲུག་བྱས་པ་ཡིན། རྟག སྒྲ་རང་འཇགས་རེད་བཞག སྒང་། སྒྲ་འགྱུར་མ་སོང་། པད། ཨང ? སྒྲ་འགྱུར་སོང་། ངས་པེད་འདྲ་བོ་ཞིག་གོ་སོང་། ཡི་གེ་ཀློག་སྟངས་ཀྱི་གཞུང་ལུགས་ལྟར་ན། པ་ད་པད(/pat/)ལྟ་བུ་ཞིག་ཡིན་དགོས་མོད། དེ་ཡོང་གི་མི་འདུག དེས་ན་མིང་གཞི་དབྱངས་ཨ་ངེས་པ་གང་ཞིག་རྗེས་འཇུག་ད་དང་འཕྲད་ན་ང་རོ་ནི་འགྲེང་བུ་ཞུགས་པའི་ཚུལ་དུ་འགྱུར་བ་འདྲ། ད་དུང་ཁ་ཚོན་གཅོད་པ་སྔ་དྲགས་པས། དཔེར་བརྗོད་མང་པོ་འཇོག་དགོས་འདུག བགད། བསད། ནད། ལད། ཁྱད། བད། བཅད་སོགས་ཚང་མ་དབྱངས་ཨེ་ཞུགས་པའི་སྒྲ་རང་བཞིན་དུ་ཡོང་བ་ཞིག་འདུག མོས་དེ་ངོ་མ་རེད་འདུག་ཟེར། མོ་རང་གིས་སྔོན་ཆད་ཁྱད་ཆོས་ལ་ཁྱེད་ཆོས་བྲིས་པ་དང་། ནད་པ་ལ་ནེད་པ་འདྲ་བོ་དེ་འདྲ་མང་པོ་ནོར་མྱོང་ཡོད་ཟེར། དེ་ནས་ན་ལ་དཔེར་བརྗོད་བཞག སྨན། འདི་ཡང་འགྱུར་སོང་། སྨེན་འདྲ་བོ་ཞིག་ཆགས་སོང་། ལྡན། ལན། གསན། ཉན། ཚང་མ་དབྱངས་ཨེ་ལ་འགྱུར་གི་འདུག འདི་ལ་ང་རང་ཉིད་ཀྱིས་ཚོད་ལྟ་ཞིག་ཀྱང་བྱས་པ་ཡིན། ཉིན་ཞིག་ཁྲོམ་ནས་ཨ་ཅག་ཆ་མེད་ཅིག་ལ་སྐད་ཆ་དྲིས་པ་ཡིན། ཨ་ཅག་ལགས་དེ་པར་སྨན(man)བཙོང་ཡ་ཡོད་རེད་པས་ཞེས་པ་ན། ཨ་ཅག་ལགས་ཀྱིས་སྨན(man)ཟེར་བ་ག་རེ་རེད་ལབ་བྱུང་། ངས་ལམ་སང་སྨན་ལ་འགྲེང་བུ་སྦྱར་ནས་མ་རེད་མ་རེད། ཨ་ཅག་ལགས་སྨེན་ཟེར་བ་ཡིན་ཞེས་པ་ན། ཨ་ལེ། བུ་རང་དེ་ནས་ཕར་རྒྱུགས་དང་། སྨན་(སྨེན)ཁང་ཡོད་རེད་ལྟ་བུ་ཞིག་གསུངས་བྱུང་། ངས་ལགས་སོ་ཞུས་པ་ཡིན། རྗེས་འཇུག་བ་དང་། མ་དང་། འ་སོགས་ལ་འགྱུར་བ་མེད་པ་འདྲ། རྗེས་འཇུག་ར་དེའང་ར་སྒྲ་གསལ་བོར་མི་ཐོན་པ་མ་གཏོགས་སྒྲ་འགྱུར་གྱི་མི་འདུག ཡིན་ནའང་འགྱུར་ལྡོག་ལ་འགྱུན་ལྡོག་ཟེར་གྱི་འདུག་བསམས་བྱུང་། ད་དུང་སྒྲ་གསལ་པོར་མི་ཐོན་པ་རྗེས་འཇུག་ག་ཡིག་ཀྱང་ཚུད། རྗེས་འཇུག་ལ་ཡིག་དེའང་སྒྲ་འགྱུར། རྒྱལ་ལ་རྒྱེལ། ཉལ་ལ་ཉེལ་སོགས་འབྱུང་། ད་དུང་དཔལ་ལྡན་ལ་དཔེན་ལྡེན་ཟེར་བ་ཡོད། རྗེས་འཇུག་ས་ཡིག་དེ་མ་གཞི་ནས་འགྲེང་བུའི་སྒྲ་དང་ཤིན་ཏུ་ཉེ་པོ་ཡོད་པས། འགྱུར་ཡོད་མེད་བཤད་ཁག་པོ་རེད། གེ་དང་གས། ལེ་དང་ལས། དགོད་བྲོ་བ་ཞིག་ལ། ངའི་མིང་ལྕགས་འབུམ་རྒྱལ་དེ་སྨིན་དྲུག་གིས་ལྕ་འབོམ་རྒྱེལ་ཞེས་ཤོག་བུ་ཞིག་ཏུ་བྲིས་ནས་བསྐུར་བྱུང་། ངའི་མིག་ལམ་དུ་སྨན་རྫས(ལྕ་བ)གཅིག་དང་འགད་རྫས(འབོམ bomb) ཁ་ཤས་འཁོར་ཡོང་གི་འདུག དེ་ཡིས་ཕལ་ཆེར་ང་རང་ས་ལ་སྒྱེལ (རྒྱེལ)མདོག་ཁ་པོ་རེད།
ངས་སྨིན་དྲུག་གིས་འབུམ་ཞེས་པ་འབོམ་ལ་བྲིས་པ་དེར་བསམ་བློ་ཁ་ཤས་བཏང་བ་ཡིན། དེ་ལ་ཕལ་ཆེར་རྒྱུ་མཚན་ཞིག་ཡོད་སྙམ་པས། ཕྱིས་སུ་ཏག་ཏག་འགྲེལ་བའང་ཕོག་སོང་། དེའི་སྐོར་གཤམ་ནས་ལབ་ཡོང་། ངས་ནི་སྨིན་དྲུག་གི་སྐོར་དེ་མང་ཙམ་ཞིག་འབྲི་ན་བསམས་གི
སྨིན་དྲུག་ནི་བུ་མོ་སྐྱིད་པོ་ཞིག་ཡིན། བསྟན་དགྲ་ཚ་བོ་ཞིག་ཀྱང་ཡིན། ཆགས་ཉམས(性感)ལྡན་པ་ཞིག་ཀྱང་ཡོད། རིག་པ་རྣོན་པོ་ཡོད་ས་ཞིག་ཀྱང་རེད། བསམ་ཚུལ་ཡ་མཚན་ཧ་ལས་པ་མང་ས་ཞིག་ཀྱང་ཡིན། གོམ་པ་བརྒྱབས་ནས་འགྲོ་དུས་ཕིག་ཕིག་ཚ་བོ་འདྲ་ཞིག་ཡོད། དགེ་རྒན་ཚོའི་མཐོང་ལམ་ནས་མོ་རང་བུ་མོ་མ་རབས་ཤིག་ཡིན། སྐྲ་ལོའང་དམར་སྨུག་ཅིག་ཡིན། འོན་ཀྱང་། ང་རང་མོ་ལ་དགའ་པོ་ཡོད། སྨིན་དྲུག་ཞབས་བྲོ་འཁྲབ་རྒྱུར་ཤིན་ཏུ་མཁས། རང་ཉིད་ལ་སློབ་སྦྱོང་བྱེད་ཐབས་ཀྱང་ཁྱད་མཚར་ཞིག་ཡོད། ང་དང་བསྡུར་ན། མོ་ལ་ལོ་ངོ་ལྔ་ཡི་ནང་ལོགས་སུ་ཡིག་རྒྱུགས་མ་ལོན་པ་གཅིག་ཀྱང་མེད། ང་རང་ཕལ་ཆེར་མོའི་ཡོད་ཚད་ལ་དགའ། སྨིན་དྲུག་གི་ཡ་མ་ཟུང་གི་བྱ་སྤྱོད་མཐའ་དག་ཀྱང་ངའི་ས་ལ་བསླེབས་པ་ན། ཕལ་ཆེར་ལུགས་དང་མཐུན་གྱི་ཡོད།
དུས་ཚོད་ཀྱི་སྣུམ་ཞག་ལ་བརྟེན་ནས། ང་དང་སྨིན་དྲུག་གི་བར་ལ་བདེ་སྐྱིད་ཀྱི་འོ་ཟི་ཕྲ་མོ་མང་དུ་འཕྲོས། ངེད་གཉིས་བར་ལ་སྐད་ཆ་མང་པོ་ཡོང་གི་ཡོད། བཤད་རྒྱུ་མི་རྙེད་པའི་སྐབས་ཤིག་ཕལ་ཆེར་མེད། དགེ་རྒན་ཚོའི་སྐད་ཆ་བཤད་སྟངས་ལ་ལད་ཟློས་བྱས་ནས་ཀྱང་གད་མོ་མང་དུ་བགད་མྱོང་། མིག་ལ་མི་འགྲོ་བའི་སློབ་མ་སྣ་ཚོགས་ལ་རྒྱབ་བཤད་བརྒྱབས་ནས། ནག་རྐྱང་བཟོ་མྱོང་ཡོད། (བླ་བཙག་ནས་ཉལ་སར་འཕེན་མྱོང་ཡོད) ལུང་མང་པོ་འདྲེན་མཁན་གྱི་དགེ་རྒན་དག་ལ་ལུང་གི་ཞི་བདེ་རྒྱ་མཚོ་ལྟ་བུའི་བླ་དྭགས་བྱིན། ངེད་གཉིས་ཀྱིས་ཨ་སྔོན་གནམ་ཞིག་བཤད་བཤད་རྗེས། ཡང་བར་སྣང་ཁམས་ཤིག་བཤད། གནད་དང་རྒྱུ་མཚན་མེད་པའི་སྐད་ཆ་དེ་བས་མང་པོ་བཤད། གཟབ་ནན་གྱིས་བཤད་པ་ཞིག་མང་ཤས་རྩོམ་རིག་དང་རྒྱུད་བཞིའི་སྐོར་ཡིན་པ་འདྲ། ཕལ་ཆེར་ང་རང་འབྲོག་པ་ཡིན་པས་ཡིན་ས་རེད། ང་ལ་མཚོན་ན་དེ་དུས་ཨ་ཇོ་སེང་རྡོར་ལགས་ཀྱི་སྙན་ངག་ལ་དགའ་ཤོས་ཡིན། དེང་སང་ཡང་དགའ་པོ་ཞེ་དྲག་ཡོད་བསྡད་པ་ཞིག་ཡིན། ཨ་ཇོ་སེང་རྡོར་གྱི་རྗོད་བྱེད་འབབ་ལུགས་དེས་ང་ལ་ཤུགས་རྐྱེན་མང་པོ་ཐེབས་ཡོད། སྨིན་དྲུག་ལགས་ཀྱིས་ནི་ཕྱི་རྒྱལ་གྱི་བརྩམས་ཆོས་མ་གཏོགས་གཞན་མང་པོ་མི་ཀློག དེ་དག་གི་ཁྲོད་ནས་ཉམས་མྱོང་དང་བསམ་བློ་ཧ་ལས་པ་དེ་འདྲ་ཤེས་རྟོགས་བྱུང་འདུག མོས་ང་ལ་ཕྱི་རྒྱལ་གྱི་ཞིབ་འབྲི་བྱེད་ཐབས་དེ་འདྲ་མང་པོ་བསྟན་ཅིང་བཤད་མྱོང་ཡོད། ཞར་དུ་གསལ་བཤད་འགོད་པ་དེས་དོན་གྱི་ཞིབ་ཆ་སྟོན་པའི་ཡི་གེ་དག་འཇོམས་པར་བྱེད་རེད་ཟེར་བ་ཞིག་ཀྱང་ཡོད། ངས་མགོ་ཞེ་དྲག་འཚོས་ཀྱི་མི་འདུག མོ་རང་ལ་མ་ལག་ཅིག་ཆགས་ཡོད་པ་འདྲ། ཡིན་ནའང་། མོས་རྩོམ་ཡིག་མང་པོ་འབྲི་ཡི་མེད། ཕྱིས་སུ་ང་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་པ་ནི། མཐའ་གཉིས་སུ་མ་ལྷུང་བའི་ཞིབ་འབྲི་ཞེས་པ་དེ་ཡིན། ཞིབ་འབྲི་ནི་གདེང་འཇོག་མིན་ནའང་། ཞིབ་འབྲི་བྱེད་སྟངས་ལས་རྩོམ་མཁན་གྱི་རྣམ་འགྱུར་གང་རུང་ཞིག་མངོན་པ་ཡིན་པས། མདོར་ན་རྣམ་འགྱུར་དེ་མཐའ་གཉིས་སུ་མི་ལྷུང་བ་ནི་གལ་ཆེན་པོ་འདུག་ཟེར། མོ་རང་ལ་འདི་འདྲའི་ཤེས་བྱ་མང་པོ་ཞིག་ཇི་ལྟར་འབྱོར་བ་བདག་གིས་གཞར་ཡང་ཤེས་ཐབས་བྲལ་མོད། ང་ལ་ཕན་ཐོགས་ཆེན་པོ་བྱུང་། མོས་ང་ལ་དང་པོ་འོས་སྦྱོར་བྱས་པའི་དེབ་ནི་བསོད་ཧྥེའི་འཇིག་རྟེན(苏菲的世界)ཞེས་པ་དེ་ཡིན། བྱིས་པ་བསོད་ཧྥེ་ལ་ཁྱད་མཚར་བའི་འཕྲིན་ཡིག་མང་པོ་ཞིག་འབྱོར་གྱིན་ཡོད། འཕྲིན་ཡིག་གི་ནང་དོན་མང་ཤོས་མཚན་ཉིད་རིག་པའི་རྒྱུན་ཤེས་ཡིན། བསོད་ཧྥེ་ཡིས་འཕྲིན་ཡིག་ལས་ཤེས་བྱ་མང་པོ་ཤེས་ཀྱིན་ཡོད་པ་དེ་འདྲ་ཞིག་རེད། བྱ་བ་ཐམས་ཅད་ལད་མོ་ཡིན།། ལད་མོའི་ནང་ནས་སུ་མཁས་ཡིན།། ངས་ཀྱང་སྨིན་དྲུག་ལ་འཕྲིན་ཡིག་མང་པོ་བྲིས། ཤེས་བྱ་རེ་ཡོད་པའང་ཨ་ཅང་ཅང་། དབུས་གཙང་རྣམས་དབུ་མེད་འབྲིར་གོམས་པས། དབུ་ཅན་ལ་དབུ་མེད་ཀྱི་ཤད་ཁོ་ན་འཐེན་གྱི་ཡོད། དཔེར་ན། རྒྱུད་བཞི་། དཔེ་ཆ་། ལྟ་བུར་ཡོད་པས། ངས་སྨིན་དྲུག་ལ་བསྐུར་བའི་འཕྲིན་ཡིག་ཐོག་མ་དེར། ཤད་ཐོབ་ལུགས་འགའ་ཞིག་དོན་དག་ཙག་ཙིག་དང་སྦྱར་ནས་བྲིས་པ་ཡིན། མོས་ང་ལ་ཡི་རང་བླ་ལྷག་གནང་གི་འདུག མོས་ཀྱང་ང་ལ་ཁ་ཤས་བསྐུར་བྱུང་། དེང་སང་ཡང་བརྗེད་མེད་པ་ཞིག་ནི། ངའི་རེ་བ་ལྟར་མོས་ང་ལ་བྲིས་པ་ཞིག་སྟེ། བུད་མེད་ཀྱི་ཟླ་མཚན་འབབ་སྟངས་ཀྱི་ནང་དོན་དེ་ཡིན། སྤྱིར་བཏང་གི་བུ་མོ་ཞིག་ལ་འདི་འདྲ་ལབ་ན་ཕལ་ཆེར་ཁོང་ཁྲོ་ལང་ལས་ཆེ་མོད། ངེད་གཉིས་ཏག་ཏག་སྨན་པ་སློབ་མཁན་ཡིན་པས། ནམ་རྒྱུན་ནས་གསང་གནས་སྐོར་གྱི་ངོ་ཚ་འཛེམ་དོགས་དེ་སྣང་མེད་འདྲ་བོ་གཏོང་ཁུལ་བྱེད། བཤད་རྒྱུད་ཀྱི་ལུས་ཆགས་ཚུལ་གྱི་ལེའུ་དེར་དང་པོ་ཟླ་མཚན་འབབ་སྟངས་དང་མངལ་འཛིན་ཚུལ་དེ་གསུངས་ཡོད་པས། ངས་ངོ་མ་ཟླ་མཚན་གྱི་སྐོར་དེ་ཤེས་ཀྱི་མི་འདུག དེ་ལ་དགེ་རྒན་གྱི་ངག་བཀོད་ལྟར་ལུང་ཚིག་མང་པོ་ངག་སྐྱོར་བཏང་མོད། ད་དུང་ཅི་ཡང་ཤེས་ཀྱི་མི་འདུག མོས་ང་ལ་བོད་ལུགས་གསོ་རིག་དང་ཕྱི་ལུགས་གཉིས་གོ་བསྡུར་བའི་རེའུ་མིག་ཅིག་ཀྱང་བཟོས་འདུག མ་གཞི་མཁན་ཆེན་ཁྲོ་རུ་ཚང་གིས་གསུངས་པ་བཞིན། དང་པོའི་ཞག་གསུམ་བཅུ་གཅིག་བུ་མི་ལེན།། མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་བར།། ཞེས་རྒྱུད་ཚིག་སྔ་ཕྱི་བརྗེས་ནས་གོ་བ་བླངས་ན། ད་གཟོད་བོད་ལུགས་ཀྱི་མངལ་ཁ་བྱེ་པ་དང་། ཕྱི་ལུགས་ཀྱི་ཁམས་དམར་འདོན་དུས(排卵期/危险期)གཉིས་འདྲ་པོ་ཆགས་ཀྱི་འདུག ཧ་ལས་པ་རེད། ངས་ལས་སླ་པོ་ཞིག་གིས་ཤེས་སོང་། རེའུ་མིག་དེ་ད་ལྟའང་ངའི་རྒྱུད་བཞིའི་བར་ན་ཡོད།
འོས་སྦྱོར་བྱས་པའི་དེབ་གཉིས་པ་ནི་ལོ་བརྒྱའི་ཁེར་རྐྱང(百年孤独)ཡིན་བསམས་སོང་། སྨིན་དྲུག་གིས་བཤད་ན། རྒྱུད་བཞི་ནི་བརྩམས་སྒྲུང་ཞིག་རེད་ཟེར། ཨ ?བོད་སྨན་གྱི་ཤེས་བྱ་ཕྱོགས་བསྡུས་བྱས་པའི་གཞུང་ལུགས་རང་བཞིན་གྱི་བརྩམས་སྒྲུང(藏医百科全书式小说)ཞིག་རེད་ཟེར། སྐད་ཆ་འདི་ལ་ང་རང་ཅུང་ཟད་ཧ་ལས། ངས་ཡ་མཚན་དང་དད་པའི་རྟེན་དུ་རྩི་བཞིན་པའི་རྒྱུད་བཞི་དེ་ཉིད། མོས་ང་དང་ཐག་ཉེ་སར་དྲུད་ཅིང་། ངའི་རྐང་འོག་ལ་བཞག་སོང་སྙམ་པའི་དོགས་འདྲོགས་དང་སྐྲག་སྣང་ཆེན་པོ་ཞིག་བྱུང་། ཞིབ་ཏུ་བསམས་ན་བདེན་པ་འདྲའང་རེད་བསམས། མི་སྣ་གཙོ་བོ་ནི་རིག་པའི་ཡེ་ཤེས་དང་། ཡིད་ལས་སྐྱེས་གཉིས་མིན་ནམ། ང་རིམ་གྱིས་ལྷོད་ལ་བབས་ནས་རྒྱུད་བཞི་ལ་བརྩམས་སྒྲུང་ཞིག་གི་ཚུལ་གྱིས་བལྟས་པ་ཡིན། དེ་ལྟར་བལྟས་པ་ལ་ཁྱད་ཆོས་མང་པོ་འདུག རྒྱུད་ཚིག་བློར་འཛིན་རྒྱུ་དེ་གཙོ་བོར་མ་ཆགས་པར། ལེའུ་དང་ནང་དོན་མུ་མཐུད་ནས་རྒྱུད་བཞི་ཡོངས་སུ་ཀློག་འདོད་པ་ཞིག་བྱུང་། བཤད་རྒྱུད་ལྟ་བུར་མཚོན་ནའང་། དང་པོ་ལུས་ཆགས། དེ་ནས་ནད་བྱུང་། དེ་ལ་གཉེན་པོ་སྒོ་བཞི་རྩལ་དུ་སྤྲུགས། མཐའ་མར་མི་ན་བ་གནས་པའི་ཚེ་རིང་གི་འབྲས་བུ་མངོན་པ་སོགས་ལུགས་དང་མཐུན་པའི་བརྒྱུད་རིམ་གྱི་གཏན་ཚིགས་མང་པོ་གསལ་བོར་མཐོང་། རྒྱུད་བཞི་བརྩམས་སྒྲུང་ལ་བལྟས་ནས་བཀླགས་པ་དེས་ངས་རྒྱུད་བཞིའི་ནང་གི་ཐ་སྙད་འཁོལ་སྟངས་དང་། ཚིག་སྔ་ཕྱི་གོང་འོག་གི་གཏན་ཚིགས་ལ་དབྱེ་ཞིབ་བྱེད་འདོད་པ་ཞིག་ཆགས་སོང་། དེ་ནི་ཧ་ལས་པ་ཞིག་རེད། རྒྱུད་བཞིའི་བརྗོད་བྱ་དེ་དེང་རབས་གསོ་རིག་དང་མཐུན་མི་མཐུན་གྱི་ཆ་ནས་ཁྱད་པར་གང་འདྲ་ཡོད་མེད་འདིར་ཁ་ཚོན་བཅད་ནས་བཤད་མི་སྤོབས་ནའང་། རྗོད་བྱེད་ཀྱི་ཆ་ནས་བཤད་ན་དེ་ནི་ལྷད་མེད་ཟེར་བ་དེ་རེད་འདུག ངས་ད་ལྟ་འབྲི་བཞིན་པའི་རྩོམ་ལྟ་བུ་འདི་ཚོར་གོང་འོང་སྡེབ་འཁྲུག་དེ་ཙམ་མ་ཤོར་བའང་ཕྱོགས་མང་ས་ཤིག་ནས་རྒྱུད་བཞིའི་ཤུགས་རྐྱེན་ཐེབས་ཡོད་ངེས། དེ་བས་ངས་རྒྱུད་བཞི་འདི་རང་གི་རྩོམ་རིག་སློབ་དེབ་ཅིག་ལའང་བརྩིས་ནས་ཡོད། ཡིན་ནའང་། ང་ལ་བསམ་ཚུལ་གཞན་ཞིག་བྱུང་། ངས་བལྟས་ན་རྒྱུད་བཞིའི་འབྲི་ཐབས་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་(魔幻现实主义)བེད་སྤྱོད་བྱས་འདུག ཅིའི་ཕྱིར་ཞེ་ན། སྟོན་པ་སྨན་གྱི་བླ་མའི་ཐུགས་དང་སྐུ་དང་ཡོན་ཏན་དང་། འཕྲིན་ལས་སོགས་ལས་སྤྲུལ་བའི་དྲང་སྲོང་རིག་པའི་ཡེ་ཤེས་དང་། ནམ་ཡང་གསུང་ཁོ་ནས་ལས་སྤྲུལ་བའི་དྲང་སྲོང་ཡིད་ལས་སྐྱེས་རྣམ་གཉིས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པའི་ནང་དུ་འཕུར་ཞིང་ལྡིང་བ་ནི་ལོ་བརྒྱའི་ཁེར་རྐྱང་ནང་གི་བྱིས་པ་ཞིག་བཙས་དུས་ནས་རྔ་མ་སྐྱེས་ཡོད་པ། མཛེས་མ་རཱེ་མེ་ཏེ་སི་གནམ་ལ་འཕུར་སོང་བ་དང་རྟོག་བཟོ་བྱས་པའི་ཆ་ནས་འདྲ་ས་མང་པོ་ཡོད་པར་སྙམས། སྨིན་དྲུག་གད་མོ་བགད་ནས་མོས་དེ་འདྲའི་རྙོག་དྲ་ཞིག་ལ་བསམ་བློ་བཏང་མ་མྱོང་ཟེར། དེའང་ཁག་མེད། ལོ་བརྒྱའི་ཁེར་རྐྱང་ལ་མི་སྣ་མང་བ་དང་། མི་སྣ་དེ་ཚོའི་མིང་རིང་དྲགས་པ་སོགས་ཕན་ཚུན་འཁྲུལ་སོ་ཆེ་ལུགས་ཀྱིས་ངས་འཁྲིས་ལ་རྟག་པར་ཁྱིམ་རྒྱུད་ཀྱི་རེའུ་མིག་དེ་བཟུང་ནས་བལྟས་མྱོང་བ་དྲན། རྒྱུད་བཞི་ལའང་ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག་དང་། བྱེ་བྲག་གི་ས་བཅད་ཤིན་ཏུ་མང་བས། ང་རང་རྟག་པར་མགོ་འཐོམས་ཀྱི་ཡོད། འདི་ནས་བརྩིས་པའི་ལོ་ངོ་མང་པོ་ཞིག་གི་རྗེས་སུ། ངས་རང་གི་སློབ་མ་རྣམས་ལ་དཀྱིལ་འཁོར་རྒྱུད་འགྲེམས་ཞེས་པའི་སྨན་ཐང་གི་སྡོང་འགྲེམས་ལས་ཀྱང་ལྟ་བདེ་བ་དང་། རྒྱུད་ཀྱི་ལེའུ་འི་མིང་ཡོངས་སུ་ཚང་བ་ཞིག་ཇུས་འགོད་བྱས་པ་ཡིན། ཁོ་ཚོར་ཅུང་ཟད་ཕན་སྲིད་སྙམ།
སྨིན་དྲུག་ངེད་གཉིས་ཀྱིས་ཁ་བརྡ་མང་ཆེ་ཤོས་ཁ་པར་ནང་ནས་བྱེད་ཀྱིན་ཡོད། ངོ་ཐུག་ན་སྐད་ཆ་མང་པོ་བཤད་རྒྱུ་མི་འདུག མོས་ངའི་གདོང་ལ་ཐད་ཀར་ལྟ་མི་ཐུབ། ལམ་ལ་འགྲོ་དུས་མོ་ངའི་གཞུག་ནས་མ་གཏོགས་འགྲོ་རོགས་བྱེད་ཀྱི་མ་རེད། དེས་ང་རང་ལའང་བློ་འཚབ་རེ་སྐྱེས་ཡོང་གི་ཡོད། ངེད་གཉིས་ཆར་བའི་ནང་ནས་རྒྱུག་ཤར་གློད་རྒྱུར་དགའ་པོ་ཡོད། ཕལ་ཆེར་ཆར་བ་རེ་བབས་ཚེ། ཡང་ན་མོས་འགྲོ་དང་དང་། ཡང་ན་ངས་མར་ཐོན་ཤོག་ཅེས་པའི་བརྡ་འཕྲིན་རེ་སྐུར་ངེས། ལྷ་ས་ནས་ཆར་བ་ཧ་ལམ་མཚན་མོ་མ་གཏོགས་མི་འབབ་པས། ངེད་གཉིས་ཀྱང་སློབ་མའི་ཚོགས་པ་ཉལ་ཁང་དུ་མ་བསླེབས་སྔོན་ཙམ་ལ་ཕྱིར་ལོག་ཡོང་གི་ཡོད། ངའི་དབུས་སྐད་དེ་མཁྲེགས་པོ་ཞེ་དྲག་ཅིག་ཡོད་ནའང་། སྨིན་དྲུག་གིས་ནམ་ཡང་རྣ་བ་བླགས་ནས་ཉན་ངེས། མ་གོ་ས་ནས་བསྐྱར་དུ་འདྲི། ཡིན་ནའང་། སྔོན་ཆད་དང་བསྡུར་ན་འདྲི་དགོས་ས་ཉུང་དུ་མང་པོ་ཕྱིན་ཡོད། ཡང་ཆར་བ་འབབ་པའི་མཚན་མོ་ཞིག་ལ་རེད། མོས་ང་ལ་སྐད་ཆ་འདི་འདྲ་ཞིག་བཤད་སོང་། མ་གཞི་དབུས་གཙང་དང་དབུས་གཙང་བར་ལ་སྐད་ཆའི་ཐོག་ནས་གོ་བརྡ་མི་འཕྲོད་པ་ཅི་ཡང་མེད་ནའང་། མོ་ལ་ནམ་རྒྱུན་ནས་སྐད་ཆ་བཤད་ས་ང་དང་བཅས་པའི་ཁ་ཤས་ཤིག་ལས་མེད་ཟེར། སྨིན་དྲུག་གིས་སྐད་ཆ་འདི་བཤད་མ་ཐག་ངའི་སེམས་སུ་ཐོག་མར་འདི་ལྟར་དྲན། ཨེ་བདེན་ནམ། ཁ་ཤས་ཟེར་བ་དེར་སུན་པ་ལ། སྐད་ཆ་བཤད་ས་དེ་ང་རང་གཅིག་པུ་ཡིན་ན་དགའ་བ་ལ། ཡིན་ནའང་། རིམ་གྱིས་ང་ལ་སྐྱོ་བ་ཁ་ཤས་ཀྱང་བསླེབས་སོང་། མོ་རང་ངོ་མ་ཁེར་རྐྱང་ཞིག་རེད་ཨང་སྙམས། དགའ་སྐྱོ་གཉིས་དང་ལྷན་དུ། སྐབས་འདིར་ངའི་སེམས་ལ་དགེ་ཆོས་ཀྱི་ཚིགས་བཅད་ཅིག་དྲན་འོང་། སྐྱེས་པའི་ཕ་ཁྱིམ་གཏན་གྱི་སྡོད་ས་མིན།། རང་ལམ་བཙལ་བས་རང་མགོ་ཐོན་པ་དཀའ།། ལུང་སྟོང་ཡུ་མོ་འདྲ་བའི་བུ་མོ་ལ།། ཚེ་རབས་གཅིག་གི་གྲོགས་ནི་ང་ཡིས་བྱེད།། ངས་མོ་རང་ལ་བདེ་སྐྱིད་ཀྱི་མི་ཚེ་ཞིག་སྤྲོད་དགོས་བསམས། སྨིན་དྲུག་གི་སྐད་ཆ་དེ་ལ་ཅིས་ཀྱང་གོ་རྒྱུ་ཞིག་འདུག་ཨང་། མོས་ང་ལ་གོ་བརྡ་གཞན་ཞིག་སྤྲོད་ཀྱིན་ཡོད་པ་འདྲ་ཨང་། མཚན་མོ་དེར་ང་རང་ཕལ་ཆེར་གཉིད་ཡོད་ས་མེད།
མ་གཞི་ང་རང་སྨིན་དྲུག་གི་ཡོད་ཚད་ལ་དགའ་མོད། གལ་ཏེ་བྱེ་བྲག་ལ་བབས་ནས་ཞིབ་ཆ་ཞིག་བཏོད་དགོས་ཟེར་ན། ཁོ་བོ་དགའ་ས་ནི། སྨིན་དྲུག་ལགས་ཀྱི་གོས་ཐུང་གི་ཆ་གས་མ་སྙོབས་པའི་ཉྭ་རིལ་དེ་དང་། ཅུང་ཟད་གྱེན་ལ་སྤུངས་པའི་རྐུབ་ཤ་མེར་མེར་དེ། གསང་གནས་དང་མ་ཐུག་ཙམ་གྱི་བརླ་རྐང་ཕྲ་མོ་དེ། ད་དུང་ཉག་ཅིང་མཉེན་ལྕུག་དོད་པའི་རྐེད་པ། རྒྱུག་པའི་ཚེ་ན་མི་སེམས་ཀྱང་ལྷན་དུ་བསྒུལ་བར་བྱེད་པའི་ནུ་མ། མཇིང་ཚིགས་དང་རྣ་རྩ་ལ་ཉལ་བའི་སྐྲ་ཉག་ཟ་ཟི། གསེར་ཐིག་(黄金分割线)དང་མཛེས་དཔྱོད་ལ་མཐུན་པའི་གདོང་གི་སྐྱི་རིས(轮廓)། འབུར་ཞོམ་དོ་མཉམ་པའི་སྣ་དབང་། སྙན་པོ་སྐད་ཀྱི་འདེགས་འཇོག་སྒྱུར་བའི་ལྕེ་དབང་། དཔེ་འཇོག་ས་མི་རྙེད་པའི་མཆུ་ཡི་འདབ་མ། དངོས་ཡོད་གོ་ལྡོག་པར་བྱེད་པའི་མིག་ཟུང་དེ་དག་ཡིན་ཞིང་། དེ་བས་ཀྱང་ང་རང་དགའ་ཤོས་ཡོད་པ་ནི། སྨིན་དྲུག་གི་གཞན་ལ་མེད་པའི་ཞིབ་ཚགས་དང་གཟབ་ནན། གཏན་ཚིགས་དང་རིགས་ལམ་གྱིས་ཕྱུག་པའི་བསམ་པའི་འཁྱེར་སོ། ད་དུང་གནས་ལུགས་མེད་པའི་གཡེར་བག་བྱེད་སྟངས། ཕར་ཕར་འགྲོ་དུས་ཁ་ཕྱིར་ལ་འཁོར་ནས་སྟོན་པའི་འཛུམ་མདངས་དེ་དག་ཡིན་ནོ།།
ད་ནི། ངེད་གཉིས་ཀྱི་རྒྱུན་ལྡན་མིན་པའི་རོགས་ཐུག་རྒྱག་སྟངས་དེ་མི་ཁ་ཤས་ཤིག་གིས་མཐོང་ཡོད་པ་འདྲ། དཀྲོགས་གཏམ་རེའང་མཆེད་ནས་ངའི་རྣ་ལམ་དུ་བསླེབས་སོང་། ངས་སྨིན་དྲུག་གིས་དེ་ལ་ལྟ་སྟངས་ག་འདྲ་ཡོད་མེད་མི་ཤེས་མོད། ང་ལ་དཀྲོགས་གཏམ་དེ་ཚོ་སྙན་པོ་ཞིག་འདུག གང་ལྟར་ངེད་གཉིས་ཀྱི་སུས་ཀྱང་འགྲེལ་བཤད་ཅི་ཡང་བརྒྱབས་མེད་ཚོད། བར་སྐབས་དེ་ཙམ་ནས་བཟུང་། ང་ལ་འགྱུར་བ་ཞིག་འབྱུང་བཞིན་འདུག ངའི་དབུས་སྐད་སློབ་པའི་དམིགས་ཡུལ་དེ་སློབ་ཁྲིད་ཀྱི་ཆེད་དུ་མ་ཡིན་པར་སྨིན་དྲུག་ཁོ་ནའི་ཆེད་དུ་འགྱུར་བཞིན་འདུག དེ་བས། ངའི་དབུས་སྐད་ཀྱི་དམིགས་ཚད་ལའང་འགྱུར་བ་ཐེབས་ཀྱིན་འདུག ད་ནི་དབུས་སྐད་ཧ་གོ་བ་ཙམ་གྱིས་མི་ཆོག་པར། ཉམས་དང་བྲོ་བ་ཡོད་པའི་དབུས་སྐད་ཅིག་བཤད་ཤེས་རྒྱུ་དེ་རེད། ཡིན་ནའང་། ངས་ཐོག་མར་དབུས་དང་ཨ་མདོ་གཉིས་ཀྱི་བར་ལ་གོ་བརྡ་མི་འཕྲོད་པའི་རྐྱེན་དེ་འཚོལ་དགོས་བསམས་བྱུང་། ཐ་སྙད་དང་བརྡ་སྤྲོད་འགྲོ་སྟངས་ནི་གཅིག་པ་རེད། གསལ་བཤད་སུམ་ཅུའི་ཀློག་སྟངས་ཀྱང་ཕལ་ཆེར་མཐུན། བཤད་པའི་ཚེ་ན། གོ་བརྡ་འཕྲོད་ཀྱི་མི་འདུག དེ་ག་རེ་བྱས་པ་རེད། དབྱེ་ཞིབ་མང་པོ་བྱས་པས། གནད་གཅིག་རྙེད་སོང་བ་འདྲ། ངས་འདི་འདྲ་ཞིག་བསམས་སོང་། གནད་དོན་གཅིག་དེ་དབྱངས་བཞི་ལ་ཐུག་འདུག ཨི་ཨུ་ཨེ་ཨོ། དང་པོ་ཨི་ཨུ་གཉིས་ལ་མཚོན་ན། ཨམ་སྐད་དུ་ཨི(/ɘ/)དང་ཨུ(/ɘ/)གཉིས་ཀློག་སྟངས་གཅིག་པ་འདྲ་བོ་ཆགས་ཡོད། དེ་བས་ཨ་མདོ་བས་གཏི་མུག་ཟེར་བ་དང་། ཨུ་ཚུགས་ཟེར་བ་སོགས་ལ་གཏུ་མིག་དང་ཨི་ཚིགས་སོགས་ཨི་ཨུ་གཉིས་ཇི་ལྟར་བརྗེས་ཀྱང་ཀློག་སྟངས་ལ་འགྱུར་བ་འགྲོ་གི་མེད། ཨ་མདོ་བས་ཡི་གེ་འདིའི་རིགས་ནོར་སླ་པོའང་ཡོད། དབུས་གཙང་ལ་མཚོན་ན་དབྱངས་འདི་གཉིས་ནི་གཏན་ནས་ནོར་མི་སྲིད་པ་ཞིག་སྟེ། སྒྲ་འབྱིན་སྟངས་མི་འདྲ་བས་སོ།། ཨི(/i/)ཨུ(/u/)གཉིས་ཀྱི་སྒྲ་འབྱིན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་འདུག གཏི (/di/)མུག(/muk/)ལྟ་བུ་དང་། ཨུ(u)ཚུགས(/tsuk/)ལྟ་བུ་དབུས་ལ་མཚོན་ན་དང་པོ་དབྱངས་ཁོ་ནའི་ཐད་ནས་ཀྱང་ནོར་སོ་ཅི་ཡང་ཡོད་པ་མ་རེད། ངའི་ཕ་ཡུལ་ནས་དབྱངས་ཨེ་དེ། ཨེ(/ei/)འདྲ་བོ་ཞིག་ཀློག་གི་རེད། ཨེ་དེ་གསལ་བཤད་ལ་ཞུགས་ནའང་དེ་འདྲ་འོང་། གུ་གེ(/gei/)ལྟ་བུ། ངའི་ཕ་ཡུལ་ནས་ཨེ་དང་མིང་གཞི་དབྱངས་ཨ་ངེས་པར་རྗེས་འཇུག་ས་སྦྱར་བ་གཉིས་སྒྲ་གཅིག་ཡིན། ཨེ་དང་ཨས་ལྟ་བུ། དབུས་གཙང་གི་དབྱངས་ཨེ་དེ། ཨེ(/ai/)འདྲ་བོ་ཞིག་ཀློག་གི་འདུག གུ་གེ(/gai/)ལྟ་བུ། དབུས་གཙང་བའི་ཨེ་དང་ཨས་གཉིས་ཀྱང་འདྲ། ཡིན་ནའང་དབུས་གཙང་ཁ་སྐད་དུ། དབྱངས་ཨེ་དེ་ཨི་ལ་འགྱུར་བ་ཞིག་ཀྱང་ཡོང་གི་འདུག ཚེ་རིང་ལྟ་བུར་མཚོན་ན། དབུས་གཙང་གི་ཁ་སྐད་དུ་ཚི་རིང་ཞེས་ཡོང་གི་འདུག དེ་བས་ཡི་གེར་མ་དག་པ་ཁ་ཤས་ཀྱིས་ནམ་རྒྱུན་ནས་ཚི་རིང་ཞེས་རང་གི་མིང་ལ་ཡིག་ནོར་འབྲི་བཞིན་ཡོད། བདེ་སྐྱིད་ལའང་། བདི་སྐྱིད་ཟེར། སྐྱིད་ལ་ཡ་བཏགས་དེ་ཙམ་མི་གསལ། བདི་སྐིད། མ་སྐེས་ཨ་མ། ཨེ་དང་འདྲ་བར། དབྱངས་ཨོ་འང་མདོ་དབུས་གཉིས་ཀློག་སྟངས་མི་མཐུན། ངའི་ཕ་ཡུལ་ནས་ཨོ(/ʊ/)དང་། སོ(/sʊ/ )ལྟ་བུ་ཞིག་འདོན། དབུས་ནས། ཨོ(/ɔː/)དང་། སོ(/sɔː/)ལྟ་བུ་ཞིག་ཀློག ཨ་མདོའི་ལུང་པ་ཁ་ཤས་ནས། དབྱངས་ཨོ་ཅན་ལ་རྗེས་འཇུག་ས་དང་འབྲེལ་སྒྲའི་འི་སྦྱར་ཚེ། ན་རོ་བོར་བའི་ཚུལ་གྱིས་ཀློག་གི་འདུག ཆོས་ལ་ཆས། ངོས་ལ་ངས་ལྟ་བུ། མོའི་ལ་མའི། ཁོའི་ལ་ཁའི་ལྟ་བུ། ཡི་གེའང་འདི་ལྟར་ནོར་ན་འབྲི་མཁན་དེ་ཕལ་ཆེར་ཨ་མདོ་བ་ཞིག་ཡིན་པས་ཁྱབ། དབུས་གཙང་བས་འདི་དག་ནོར་མི་སྲིད། ཡིན་ནའང་དབུས་གཙང་བས་དབྱངས་ཨུ་དང་ཨོ་གཉིས་ཀྱི་སྟེང་ནས་ཡི་གེ་ཁ་ཤས་ནོར་སྲིད། བུ་མོ་ལ་བོ་མོ་ལྟ་བུ། དེ་བས་སྨིན་དྲུག་གིས་ངའི་མིང་གི་འབུམ་དེ་འབོམ་ཞེས་བྲིས་པའང་འདི་ཡིས་ཡིན་པ་འདྲ། བོ་མོ་ཞེས་པ་འདི་ངའི་ཕ་ཡུལ་གྱི་རྒན་པ་རྣམས་ཀྱིས་འདི་ལྟར་ཟེར་མོད། ངེད་གཞོན་པ་ཚོས་ཞི་མོ་ཟེར། འབྱུང་དང་འབྱོང་། རོང་དང་རུང་ལྟ་བུར་མདོ་དབུས་གཅིག་གྱུར་བྱས་ནས་འཁྲུལ་སོ་ཡོད། ཡིན་ནའང་འདི་ལ་ཡིག་ནོར་འབྲི་མཁན་ཉུང་བ་འདྲ། གོང་གི་དབུས་སྐད་ཀྱི་སྒྲ་འདི་དག་ཚུལ་བཞིན་དུ་འབྱིན་པ་ཡིན་ན། མི་མང་པོ་ཞིག་གིས་ཁྱེད་རང་དབུས་པ་ཞིག་དང་ནོར་ཉེན་ཡོད། ད་དུང་ཁ་ལུགས་ལ། ཨེ་ནི་ཟེར་བ་དང་། ག་རེ་ཟེར་དགོས་རེད་ལྟ་བུ་ཅིས་ཀྱང་སྐད་ཆའི་ཐོག་མཐའ་བར་གསུམ་ལ་གང་བྱུང་དུ་འཇོག་དགོས། དེས་ན་ངས་ཀྱང་སྨིན་དྲུག་ལ་དབུས་སྐད་འདྲ་ཆགས་པོ་རེ་ཤོད་ནུས་ས་རེད། དབྱངས་ཀྱི་སྐོར་ལ་དེ་ཙམ་དྲན། མདོ་དབུས་གཉིས་ལ་གོ་བརྡ་མི་འཕྲོད་པའི་གནད་གཉིས་པ་དེ། ཡ་བཏགས་དང་ར་བཏགས་ཀྱི་ཡི་གེ་རེད་སྙམས། དབུས་གཙང་དུ། བྱ་ལ་ཅ། ཕྱ་ལ་ཆ། པྱ་ལ་ཇ་ལྟ་བུ་བྱས་ནས་ཀློག་གི་རེད། ངའི་ཕ་ཡུལ་དུ་བྱ་ཕྱ་པྱ་གསུམ་ལ་ཞ་དང་འདྲ་བར་བ་(wa)སྒྲ་ཅུང་ཞིག་ལྡན་པར་ཀློག དེ་བས་ངའི་ཕྱི(ཞི)རོ་ཟེར་བ་དེ་སྨིན་དྲུག་ལགས་ཀྱིས་ཁོ་རང་ཚོའི་ཕྱི(ཆི)དྲོ་ཡིན་པ་ཤེས་ཀྱི་མེད། དེ་བས་སྐབས་འདི་འདྲ་ལ། 下午 ལྟ་བུ་ཞིག་བཤད་ན་མ་གཏོགས་གོ་བརྡ་མི་འཕྲོད། ར་བཏགས་ཀྱི་ཡི་གེའང་ཁ་ཤས་འདུག་བསམས་སོང་། གཅིག་དེ་སྲ་ཡིག་རེད། དབུས་པས། སྲ(ཟ)ཟེར། ཨ་མདོ་ལ་ཀློག་སྟངས་ཁ་ཤས་བྱུང་འདུག སྲ(ཟ)དང་། སྲ(ཧྲ)དང་། སྲ(ཀྲ)ཞེས་ཀློག་མཁན་ཡོད། སྲོག(ཟོག) ཆགས། སྲོག(ཧྲོག)ཆགས། སྲོག(ཀྲོག)ཆགས་སོགས་ཆབ་སྲིད་སོགས་ཀྱང་དེ་འདྲ་འབྱུང་། ཡིན་ནའང་། ངས་ད་ལྟ་ནས་བཟུང་། སྲ (ཟ)རང་ཀློག་ན་འགྲིག་གི་འདུག “ དཔེ་མི་སྲིད་པའི་ཡག་པོ་རེད” ལྟ་བུ། གཞན་དེ་གྲ་ཡིག་རེད་བསམས། མ་གཞི་ག་ཡིག་དེ་ཁཱ་སྒྲ་རིང་པོ་འདྲ་ཞིག་ཀློག་པས། ར་བཏགས་སྦྱར་ནའང་། ཁྲ་ལྟ་བུ་ཞིག་ཡོང་བར་གོ གྲོགས་པོ་ལ་ཁྲོགས་པོ་འདྲ་བ་ཞིག་བཀླགས་ནས་བཤད་པ་ཡིན།
ཁོ་བོ་སློབ་སྦྱོང་ལ་ཤིན་ཏུ་སྐྱོ་པོ་ཡོད། མ་མཐའ་ཡང་ངས་སྨིན་དྲུག་ཡིད་ཚིམས་པའི་སྐར་མ་ཞིག་ལེན་མ་མྱོང་། བསླབས་འབྲས་གཟེངས་དངུལ(奖学金)ཞིག་རེག་རྒྱུ་ནི་ཕ་རིའི་སྤང་རྒྱན་རེད། ཡིག་ཚད་ལོན་ཙམ་བྱུང་ན་དགའ་ཤོས་ཡིན། དེ་བས་སྨིན་དྲུག་གིས་མཇུག་རྒྱུགས་དག་ལ་ཉེ་བའི་ཚེ་ན། ང་ལ་ཡིག་ཚད་ལོན་པར་བྱེད་རོགས་ཞེས་ནས་ཁ་ཏ་ལབ་ཀྱི་ཡོད། ཡིན་ནའང་། ངས་དབུས་སྐད་བསླབས་པའི་གྲུབ་འབྲས་འདིའི་སྒང་ལ་མོ་རང་ཧ་ལས་ཀྱི་ཡོད། སེམས་པ་འདི་ལ་འགྲོ་འགྲོ།། དམ་པའི་ཆོས་ལ་ཕྱིན་ན།། ཟེར་ནས་ང་ལ་ཚིག་རྒྱག་ཨེ་ཕོག་ལྟ་ཡི་རེད། ཟུར་གཞན་ཞིག་ནས་སྨིན་དྲུག་གིས་ཀྱང་ཨམ་སྐད་མང་པོ་ཤེས་ཀྱི་ཡོད། ཨ་མདོའི་འབྲོག་སྐད་ཀྱི་ཤ་སྒྲ་དེར་ཧྲ་ལྟ་བུ་ཞིག་ཟེར་བ་མ་གཏོགས་གཤིས་ཀྱིས་ཧྲ་ཐ།(སྲལ)
ལོ་ངོ་བཞི་ཙམ་ཕྱིན་པ་ན། ངས་མི་ཚོར་ང་རང་ཨ་མདོ་བ་ཡིན་ལུགས་མ་བཤད་ན། སུས་ཀྱང་ངའི་སྐད་ལ་མཉན་ནས་ཨ་མདོ་བ་ཡིན་པ་ཤེས་མི་ཐུབ། ལྷག་པར་དུ་ཨ་མདོ་བས་མི་ཤེས། ད་ནི་ངས་སྨིན་དྲུག་ལ་བཅངས་པའི་བརྩེ་བ་དེའང་ཅུང་ཟད་ཞི་འཇགས་སུ་གྱུར་ནས། ངེད་གཉིས་ནི་ལོ་ངོ་མང་པོར་གཤིབས་པའི་བཟའ་ཚང་དང་འདྲ་བར། སྔོན་གྱི་འཁྲུག་ཆ་དོད་པོ(浪漫 romantic)དེའང་ཏོག་ཙམ་ཟུར་འདྲ་བོ་ཆག་འདུག ཉིན་ཞག་ཆིག་སྟོང་བཞི་བརྒྱ་དྲུག་ཅུ།། ཆུ་ཚོད་སུམ་ཁྲི་ལྔ་སྟོང་ཆིག་བརྒྱ།། དུས་ཚོད་ཀྱིས་ཡོད་ཚད་ལ་དྭངས་སྙིགས་ཕྱེ་ནས་སྐབས་འདིར་བསླེབས་པ་ན། ངས་སྨིན་དྲུག་གི་སྒང་ནས་གནད་དོན་ཁ་ཤས་ཤིག་མཐོང་མགོ་བརྩམས། ངས་ཚིག་སྦྱོར་གྱི་སྟེང་ལ་ནུས་ཤུགས་བཏོན་ཡོད་པའི་རྩོམ་རྩལ་ཅན་ཁ་ཤས་ལ་མོས་མ་རངས་པའི་རྣམ་འགྱུར་འཛིན་གྱིན་འདུག མོས་དེ་ནི་གསོག་གསོབ་ཀྱི་ཅ་ལག་ཅིག་ལ་མཐོང་གི་འདུག ངས་ཡིད་འགྱུར་གྱི་ཐོག་ལ་སྒྱུ་རྩལ་བླ་ལྷག་བཀོལ་ཡོད་པའི་གངས་རི་ཞེས་པའི་ལྷུག་རྩོམ་དེ་མོས་གངས་རི་དང་འབྲེལ་བ་དེ་ཙམ་མི་འདུག་ཟེར། ངས་སེམས་ལ་འདི་འདྲ་ཞིག་མཐོང་། མོ་ལ་ང་རྒྱལ་ཅུང་ཟད་ཡོད་པ་འདྲ། མ་རེད། ང་རྒྱལ་ཧ་ཅང་ཆེ་བ་འདྲ། མོ་རང་ལ་ང་ལས་ལྷག་པའི་འཇོན་ཐང་ཞེ་དྲག་ཡོད་དྲན་གྱི་ཡོད་པ་འདྲ། མོ་རང་གིས་ཕྱི་རྒྱལ་གྱི་བརྩམས་ཆོས་ཁ་ཤས་བཀླགས་པ་དེས་མོ་རང་མཐོ་ཚད་ཅིག་ལ་བསླེབས་ཡོད་སྙམ་གྱིན་ཡོད་པ་འདྲ། རེད། མ་གཞི་སྨིན་དྲུག་ལགས་ལ་བསླབས་འབྲས་གཟེངས་དངུལ་དེ་ཐེངས་ཁ་ཤས་རེག་མྱོང་ཡོད་རེད། སྒོར་མོ་དེ་དག་གིས་ང་ལ་ལེགས་སྐྱེས་ཀྱང་ཁ་ཤས་ཉོ་མྱོང་ཡོད། དེ་ཙམ་གྱིས་མ་འོངས་པར་རྩོམ་པ་པོ་བྱེད་པའི་ཕུགས་བསམ་ཅན་ཞིག་དང་བསྡུར་ན། ང་རྒྱལ་བྱེད་རིན་འདུག་གམ། མོའི་མོ་རང་གི་སྐར་མ་དང་། བསམ་བློ། གང་ཅིའི་ཐད་ནས་ང་ལས་འཇོན་པོ་ཡོད་པར་འདོད་ཀྱིན་ཡོད་པ་འདྲ། རྟ་འདོ་བ་རང་གི་ཡན་ཞིག། ཁྱིམ་ཆུང་མ་རང་གི་མན་ཞིག། བརྩེ་དུང་བརྒྱ་ཡོད་ཀྱང་། ངས་རང་ཉིད་ལས་ཁྱད་དུ་འཕགས་པའི་བུད་མེད་ཅིག་དང་། འཚོ་བ་སྐྱེལ་ཐུབ་ས་མ་རེད་ཨང་། ངའི་ཀླད་པའི་ནང་དུ་བསམ་ཚུལ་འདི་འདྲ་ཞིག་གི་མྱུ་གུ་རིམ་གྱིས་འབུས་ཏེ། འུབས་ཀྱིས་བསིལ་གྲིབ་ནག་ཡོར་རེར་བྱེད་པའི་སྡོང་རྒན་ཞིག་ཏུ་ཆགས་མགོ་ཚུགས། སྨིན་དྲུག་གི་བཟོ་ལྟ་དང་། སྐད་ཆ་ཕལ་ཆེར་ཞིག་ལས་ངས་མོའི་ང་རྒྱལ་དང་ཆེ་ཚུགས་ཁོ་ན་མཐོང་གི་འདུག
གཅིག་བྱས་ན་སྨིན་དྲུག་ལགས་ཀྱིས་དེ་འདྲ་ཞིག་འདོད་ཀྱི་མེད་ཀྱང་སྲིད་མོད། གང་ལྟར་མོས་ངའི་སེམས་ལ་རྨ་ཁ་བཟོས་ཚར་སོང་། དེ་ཙམ་ནས་བཟུང་ང་ཞོགས་པར་ཕལ་ཆེར་ལང་གི་མེད། སློབ་གྲོགས་གཞན་པ་རྣམས་ཀྱང་ཐབས་ཟད་ནས་ང་ལ་སྐད་རྒྱག་གི་མ་རེད། ཞོགས་རྩལ་ཡང་མང་པོ་རྒྱུག་མྱོང་མེད། མོས་ཞོགས་པ་ང་མཐོང་འདོད་འདུག་རྒྱུག་ཤར་གློད་དུ་ཡོང་རོགས་ཟེར་ནས་མགོ་སྐོར་གཏོང་རྩིས་བྱེད་མོད། ཚུལ་འདི་ལས་ངས་མོ་ལ་ཉེས་ཆད་རིགས་ཤིག་གཅོད་ཀྱིན་ཡོད། མོས་ད་དུང་ང་ལ་རྣམ་འགྱུར་ཁ་ཤས་ཀྱང་བསྟན་མྱོང་བ་འདྲ། ང་མོ་ལ་ཅུང་ཟད་སུན་གྱིན་འདུག འཛིན་བདག་དགེ་རྒན་གྱིས་ཀྱང་ང་རང་ཐེངས་མ་འགར་བཟུང་མྱོང་། སྡེ་ཁག་གི་མགོ་ཁྲིད་ཀྱིས་ཀྱང་སློབ་གསོ་མང་པོ་རྒྱག་གི་འདུག ཡིན་ནའང་། ད་རུང་ལང་མི་འདོད་པ་དེ་སྔར་བཞིན་རེད་བཞག ངས་སྨིན་དྲུག་དང་ཁ་རྩོད་བྱེད་མ་མྱོང་། ངས་རང་གི་རྣམ་འགྱུར་ཡོད་ཚད་སློབ་གྲྭའི་སྒྲིག་སྲོལ་དང་འགལ་བའི་ཐོག་ནས་མོ་ལ་བསྟན། འདི་ལྟར་བྱས་ན་ད་གཟོད་ངའི་བློ་བཟོད་ཅུང་ཟད་བདེ། བསམ་ཡུལ་ལས་འདས་པ་ཞིག་ནི། གཟའ་འཁོར་མང་པོ་འགོར་བའི་ཉིན་ཞིག་ལ། སྡེ་ཁག་མགོ་བས་ང་རང་གཞུང་ལས་ཁང་ལ་ཤོག་ཟེར། ཡང་ངས་ཕན་ཐོགས་མེད་པའི་སློབ་གསོ་ཞིག་ཉོ་དགོས་པ་རེད་ཨང་བསམས་ནས་སོང་། འཛིན་བདག་དགེ་རྒན་ཡང་དེར་འདུག ང་མགོ་བསྒུར་ཏེ་ཡུན་རིང་ཞིག་ལ་ལངས་དགོས་པའི་གྲ་སྒྲིག་བྱས་ནས་བསྡད། ཅི་ཧི་པེན་ཅ(吉合本加)ད་རེས་ཡར་རྒྱས་ཞེ་པོ་ཕྱིན་འདུག་ག་ཟེར། སྐད་ཆ་དེ་བཤད་མཁན་མགོ་བ་རེད། ཁོས་ང་ལ་ཟུར་ཟ་བྱེད་བཞིན་འདུག མགོ་བས་ཡག་པོ་འདུག་ཡག་པོ་འདུག་ཟེར་བཞིན་ངའི་སྐེ་ལ་ཁ་བཏགས་གཡོགས་བྱུང་། ང་རང་འཇིག་རྟེན་འདིར་ཧང་འདི་ལས་སངས་པ་མེད། ད་རེས་ཁྱེད་རང་ཐོ་གཅིག་ཀྱང་ཐེབས་མི་འདུག་ག ཡར་རྒྱས་ཞེ་དྲག་ཕྱིན་འདུག་ཟེར། What the hell !? (གནས་ཚུལ་ག་རེ་ལྷག་པ་རེད)ང་རང་འཐོམས་ས་གསུམ་ནས་འཐོམས་ཏེ། ཧ་གོ་འདི་གོ་མེད་པ་ཞིག་ཆགས་སོང་། ངས་ལམ་སང་ཁ་བཏགས་དང་བྱ་དགའི་དཔེ་དེབ་དེ་དག་ཁྱེར་ནས་བྲོས་པ་འདྲ་ཞིག་བྱས་ནས་ཉལ་ཁང་ནང་ལ་བརྒྱུགས་ནས་སོང་བ་ཡིན། ངས་རྩད་གཅོད་ཡག་པོ་ཞིག་བྱེད་དགོས་བསམས་བྱུང་། དོན་དག་འདི་དཔེ་ལ་མི་སྲིད་པ་ཞིག་རེད། འཛིན་དཔོན་ལགས་ནམ་རྒྱུན་ང་དང་འདྲིས་པོ་ཡོད་པས། ངའི་དོགས་གཞི་བྱེད་ས་གཅིག་ཁོ་རང་ཡིད་ལ་དྲན་བྱུང་། ཡིན་ནའང་ངས་ཁོ་ལ་སྐད་ཆ་དྲིས་མེད། གལ་སྲིད་ཁོ་རང་མིན་ཚེ། འཛིན་བདག་དགེ་རྒན་གྱིས་ཧ་གོ་ན་དཔེ་བསགས་པ་རེད་བསམས་བྱུང་། ཉིན་གཉིས་པར། ང་ཞོགས་རྩལ་རྒྱུག་ཏུ་སོང་བ་ཡིན། མ་གཞི་དེ་ནི་བརྟག་དཔྱད་ཀྱི་ཆེད་དུ་ཡིན་མོད། ཡུན་རིང་མ་སོང་མ་སོང་གཅིག་སོང་བ་དེར་སློབ་གྲོགས་ཚོ་ཧ་ལས་ཀྱི་འདུག ཡིན་ནའང་། ངས་མི་ཞིག་གི་རྣམ་འགྱུར་ལས་ཞིབ་ཆ་ཁྱད་མཚར་ཞིག་མཐོང་སོང་། དེ་ནི་ངེད་ཀྱི་འཛིན་གྲྭའི་མི་རྩིས་ཐོ་རྒྱག་མཁན་དེ་བསྟན་འཛིན་སྒྲོལ་དཀར་རེད་འདུག མོ་ངའི་དྲང་ཐད་དུ་བསླེབས་པ་ན། ང་ལ་ལྟ་བཞིན་འཛུམ་ཙམ་བྱས་ནས་ཅི་ཞིག་བྲིས་སོང་། ཨང ? རེད། བསྟན་འཛིན་སྒྲོལ་དཀར་ནི་སྨིན་དྲུག་གི་ནང་ཚགས(闺密)དེ་མིན་ནམ། རིག་པའི་བུ་ལ་བརྡ་ཞིག། རི་སྤྱང་སྔོན་མོ་ཐོ་ཞིག། ངས་ཡོད་ཚད་ཧ་གོ་སོང་། ངས་བྱ་དགའི་དཔེ་དེབ་དེ་བསྟན་སྒྲོན་ལགས་ལ་ཕུལ་བ་ཡིན། ད་དུང་མོ་ལ། རྗེས་མར་ཐོ་ཡག་པོ་རྒྱག་རོགས། ང་ཞོགས་པར་ལང་མྱོང་མེད་ཅེས་ཞུས་པ་ཡིན།
གལ་ཏེ་སྨིན་དྲུག་མེད་ན། ང་རང་སློབ་གྲྭ་ནས་ཕྱིར་འཕུད་བྱས་ཡོད་ཀྱང་སྲིད། ཡིན་ནའང་། འདི་ཐམས་ཅད་ཀྱི་འབྱུང་རྩ་མོ་རང་ཡིན་པ་རེད། མོ་རང་གི་མི་འོས་པའི་ང་རྒྱལ་དང་མ་འཇོན་འཇོན་མདོག་དེ་ལན་པ་རེད། ཡིན་ནའང་། ལྷོད་ལ་བབས་ནས་བསམ་བློ་ཞིག་བཏང་ན། སྨིན་དྲུག་ལགས་ངོ་མ་བཀའ་དྲིན་ཆེན་པོའང་རེད་བསམས། ད་དུང་རྒྱུས་དེ་ཙམ་མེད་པའི་བསྟན་འཛིན་སྒྲོལ་དཀར་ལགས།
སེམས་འགུལ་རབ་རིབ་ཅིག་དང་མཉམ་དུ་ངས་རེབ་དེར་སྨིན་དྲུག་ལ་བསམ་ཤེས་བྱས་པ་ཡིན། མོ་ལ་ལེགས་སྐྱེས་ཤིག་ཀྱང་སྤྲོད་དགོས་བསམས། ང་རང་ལོ་ངོ་གསུམ་ཙམ་ལ་སློབ་གྲྭའི་ནང་ནས་རྨིད་ལྔ་སྟོང་གི་ཨང་དང་པོ་དེ་ལེན་མྱོང་ཡོད་པས། ཕྱིས་སུ་སློབ་གྲྭའི་ཚབ་བྱས་ནས་ཉིང་ཁྲི་ལ་འགྲན་སྡུར་བྱེད་དུ་འགྲོ་བའི་བཀའ་བབས་བྱུང་། ལུས་རྩལ་པ་བྱས་ན་ཉིན་རེར་སྒོར་བདུན་ཅུའི་ཕོགས་ལེན་ཡ་འདུག ད་དུང་བྱ་དགའ་རེག་ན་དེ་ལས་མང་བ་རེད། གལ་ཆེ་ཤོས་དེ་སློབ་ཁྲིད་ལ་མ་སོང་ན་འགྲིག་གི་རེད། ད་དུང་གཟའ་འཁོར་རེ་རེའི་ནང་དུ་སྨིན་དྲུག་གི་འཛིན་གྲྭ་དང་མཉམ་དུ་ལུས་རྩལ་སློབ་ཐུན་ཞིག་ཀྱང་འཚོགས་ཐུབ་ཀྱི་རེད། དེའང་འགྲིག་གི་བསམས། ཡིན་ནའང་སྔ་དྲོ་ནས་ལངས་ཏེ། ལུས་རྩལ་སྦྱོང་དགོས་འདུག སྔ་དྲོ་མ་སོང་ན་ཆད་པ་སྒོར་སུམ་ཅུ། ཉིན་གང་མ་སོང་ན་སྒོར་བདུན་ཅུ། ང་ཕལ་ཆེར་ལ་ཉལ་ནས་བསྡད་པ་ཡིན། ད་རེས་མིང་ཐོ་རྒྱག་མཁན་ཡོད་མ་རེད། དགའ་བ་ལ། ཡང་མཚམས་མཚམས་སྔ་མོ་ནས་དཔེ་ཀློག་ཁང་ལ་ཕྱིན་པ་ཡིན། ཕྱི་དྲོར་ལུས་རྩལ་སྦྱོང་བརྡར་ལ་ཞུགས་པ་ཡིན། དེ་བས་ངའི་ཕོགས་ཀྱི་ཕྱེད་ཀ་ཆད་པ་ལ་ཤོར་སོང་། ལུས་རྩལ་པའི་ཟ་མ་དེ་རིན་མེད་རེད་འདུག་པས། ངས་ཕྱེད་ཀ་ལས་མེད་པའི་ཕོགས་དེ་བསགས་ནས་སྨིན་དྲུག་ལ་ལྷམ་ཞིག་ཉོ་དགོས་བསམས་ཀྱང་། ཙག་ཙིག་གི་འགྲོ་སོང་རེའང་འདུག་པས་མང་པོ་གསོག་མ་ཐུབ། ཡིན་ནའང་། ཉིང་ཁྲི་ནས་ཕྱིར་ལོག་དུས། ང་ལ་སྒོར་མོ་བདུན་སྟོང་ཙམ་ཞིག་འདུག ཝ་སེ། བྱ་དགའི་འཛིན་ཡིག་ཁ་ཤས་ཀྱང་འདུག ངས་རང་ཉིད་ལ་རྩིས་འཁོར་གསར་བ་ཞིག་ཉོས་པ་ཡིན། ལྷག་མའི་སྒོར་རྣམས་ཀྱིས་ཨ་རྡིས་རྡ་སི་ལན་པར་གྱི་བུད་མེད་དཔར་མའི་རོ་སེ་བཞི་བ་ཞིག་ཉོས་པ་ཡིན། ལྷམ་དེ་ང་རང་དགའ་ཤོས་ཡིན། ལྟ་བས་ཆོག་མི་ཤེས་པ་ཞིག་མཛེས། ལྷམ་གྱི་ཚད་གཞི་དེ་ཨང་གྲངས་སུམ་ཅུ་སོ་ལྔ་ཚེག་ལྔ་ཡིན། སྨིན་དྲུག་གི་མིག་མཐར་དགའ་བའི་མཆི་མ་འཁྱིལ་སོང་།
ངའི་སློབ་ཐོན་དཔྱད་རྩོམ་ལ་ལོ་དེའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་རེག་པ་དེས། སྨིན་དྲུག་ཕལ་ཆེར་ང་ལ་ལྟ་སྟངས་ཆེན་པོ་འགྱུར་ཡོད་ངེས། མོས་ཁ་བཏགས་བསྣམས་ནས་ང་ལ་རྟེན་འབྲེལ་ཞུ་བཞིན་འདུག ཡིན་ནའང་ངའི་སེམས་ནས་དེ་ཙམ་དགའ་པོ་ཡོང་གི་མི་འདུག དཔྱད་རྩོམ་དེ་ཇི་ལྟར་བྲིས་པ་ང་ཁོ་ནས་ཤེས་ཀྱི་ཡོད། ཡར་ནས་གཅིག་བཤུས། མར་ནས་གཅིག་དྲངས། དགེ་རྒན་ཚོའི་མིག་འཕྲུལ་དུ་འཇུག་ཆེད། ལུང་དྲངས་ས་དེ་དག་ཕལ་ཆེར་ཞིག་དཔེ་ཆ་རྫིག་པོ་རྐྱང་རྐྱང་ཡིན། བཀའ་འགྱུར་བསྟན་འགྱུར་གསོ་རིག་གཅེས་བསྡུས། ཏུན་ཧོང་གསོ་རིག་ཡིག་ཆ་བདམས་བསྒྲིགས། འཕྲུལ་གྱི་ཐེ་གུ་རྒུ་བསྐོར། དྭགས་པོ་སྨན་གྱི་ཐོར་འབུམ། བྱང་ཁོག་དམར་བྱང་གསལ་བའི་སྒྲོལ་མེ། བི་ཇི་པོ་ཏི་ཁ་སེར། སྨན་དཔྱད་ཟླ་བའི་རྒྱལ་བོ། ་་་་
སློབ་མཐར་ཕྱིན་ཁ་ལ་མོ་དེར། མི་མང་པོ་ཞིག་གིས་རང་རང་གི་བརྩེ་དུང་ལ་མཇུག་སྡོམ་བྱེད་ཀྱིན་ཡོད། ཡང་ན། བདེ་སྐྱིད་ཀྱི་འབྲས་བུ་འབྱུང་། ཡང་ན། སྡུག་བསྔལ་གྱི་མཆི་མ་འཁྲིགས། ཡང་ན། དང་ལེན། ཡང་ན། རྒྱབ་འགལ། ཡིན་ནའང་། ང་དང་སྨིན་དྲུག་ལ་མཚོན་ན་དེ་དག་གཅིག་ཀྱང་མིན་ལས་ཆེ།
དོན་ངོ་མར་བཤད་ན། ངེད་གཉིས་ཀྱིས་ཕན་ཚུན་ལ་བརྩེ་དུང་གི་རྣམ་འགྱུར་གསལ་པོ་ཞིག་མ་བསྟན་པ་འདྲ། མོས་ཀྱང་ང་ལ་ཅང་ཟེར་མ་མྱོང་། ཁྱེད་རང་ང་ལ་ཡིད་ཆད་དམ། དོན་དམ་པར་བཤད་ན། ངེད་གཉིས་ཀྱི་འབྲེལ་བ་དེ་དགའ་རོགས་ལས་ཀྱང་མཛེས་པ་ཞིག་ཡོད་པས། ངེད་གཉིས་ཀྱི་སུས་ཀྱང་གནས་སྟངས་འདི་ལ་གཏོར་བརླག་བྱེད་ཐུབ་ཀྱི་མེད་པ་འདྲ། སློབ་གྲྭ་ཐོན་ཁའི་ས་སྲོད་ཅིག་ལ། ངེད་གཉིས་རྫོང་རྒྱབ་ཀླུ་ཁང་དུ་འཆམ་འཆམ་ལ་སོང་བ་ཡིན། རིམ་གྱིས་ས་རུབ་སོང་། མཚམས་མཚམས་སུ་རྡོ་སྟེགས་སོགས་ལ་བསྡད་ནས་ངལ་གསོས། ངས་ཐོག་མར་མོ་ལ་གླུ་དབྱངས་ཁ་ཤས་བླངས། རེ་ཞིག་ཕྱིན་པ་ན། ངེད་གཉིས་ཀྱིས་ཕན་ཚུན་གྱི་ངོའང་མཐོང་གི་མི་འདུག བྱ་སྐད་ཀྱུར་ཀྱུར་རེ་མ་གཏོགས་ཤིན་ཏུ་ནས་ལྷིང་འཇགས་ཡིན། ཁ་རོག་གེར་བསྡད། ད་ནི་ངས་གཞས་ཀྱང་གཏོང་མི་ནུས་པ་ཞིག་འདུག སུས་ཀྱང་སློབ་གྲྭ་ལ་ལོག་དགོས་ཚུལ་དེ་བཤད་མ་སོང་། ངེད་གཉིས་ཀྱིས་ཅི་ཞིག་ལ་བསྒུགས་ནས་ཡོད་པ་འདྲ། ཡང་ན་སྐད་ཆ་ཞིག ཡང་ན་རྣམ་འགྱུར་ཞིག འཁོར་ཡུག་དེ་ཧ་ཅང་ལྷིང་འཇགས་ཤིག་ཡིན་ནའང་། ངའི་ཀླད་པའི་རྒྱ་དར་འོག་ལ་འུར་འུར་ཟིང་ཟིང་གི་རྣམ་པ་ཞིག་ཆགས་ཡོང་གི་འདུག ང་ལ་སྐབས་དེར་བསམ་བློ་འདི་འདྲ་ཞིག་འཁོར། སྨིན་དྲུག་གི་ཕ་མ་གཉིས་ཀྱིས་མ་མཐའ་ཡང་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་དེར་འཚོ་བ་རོལ་གྱི་ཡོད་རེད། གུས་པའི་ཕ་མ་ནི་རྒྱང་རིང་རྨ་ཆུའི་ནང་ལོང་གི་འབྲོག་པ་དཀྱུས་མ་ཞིག་ཡིན། བོད་རིགས་ཡིན་པ་འདྲ་ཡང་། གོམས་གཤིས་དང་བསམ་བློའི་ཐད་ནས་རྦད་དེ་མི་འདྲ། སྨིན་དྲུག་གི་ཕ་མ་གཉིས་ནི་ནམ་རྒྱུན་ནས་ཆོས་ལུགས་གྲུབ་མཐའ་ལ་དང་དོད་ཡོད་ས་ཞིག དེའི་སྟེང་ལ་ང་ད་དུང་བོན་པོ་ཞིག་རེད་འདུག་ཨང་། ད་དུང་འབྲེལ་བ་མེད་པ་ཁ་ཤས་ཤིག་དྲན་པ་ནི། ངའི་ཡུལ་མི་རྣམས་ཀྱིས། ཀ་ར་ལ་ཅི་ནི་ཟེར་མི་ཤེས་ལ། ཆག་པ་ལ་རྡར་ཚན་ཡང་ཟེར་མི་ཤེས། ཆང་ཕོར་ལའང་གྷི་ལ་སི་མི་ཟེར་ལ། གློག་ཞུ་ལ་སྦི་ཇི་ལི་ཡང་མི་ཟེར། ལྕགས་རྟ་ལ་རྐང་སྒ་རིས་མི་ཟེར་ཞིང་། ཚོང་རྟགས་ལ་ལན་པར་དང་། མེ་འཁོར་ལ་རི་ལུ་སོགས་ཀྱང་མི་ཟེར། ངའི་ཕ་མ་གཉིས་ཀྱིས་བཤད་ཤེས་པ་ནི། ཀ་ར་ལ་པེ་ཐང་ཟེར་གྱི་ཡོད། ཆང་ཕོར་ལ་པེས་ཙི་ཟེར་བ་ཡིན། གློག་ཞུ་ལ་ཧྲིག་ཏུན་ཟེར་གྱི་ཡོད། ཚོང་རྟགས་ལ་ཕེ་ཙི་ཟེར་བ་ཡིན། མེ་འཁོར་ལ་ཧོ་ཁྲེ་ཟེར་གྱི་ཡོད། སོང་ཙང་། བར་ཐག་དེ་ཅུང་ཟད་རིང་པོ་རེད་བཞག མདོར་ན་ང་དང་སྨིན་དྲུག་ཀྱང་བར་ཐག་རིང་པོ་རེད། ཤིན་ཏུ་ཉེ་སྣང་འདུག་ཀྱང་། དོན་དུ་ཧ་ཅང་རིང་པོ་རེད། ངས་སྨིན་དྲུག་གི་ལག་པ་དང་ངའི་ལག་པའི་བར་ལ་སོར་གང་ལས་མེད་པ་ཤེས་མོད། བར་ཐག་དེ་ནི་འོད་ལོ 380 ལས་ཀྱང་རིང་པོ་ཞིག་འདུག་བསམས། ཡང་གཅིག་བཤད་ན། ངའི་སེམས་ནས་སྨིན་དྲུག་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་འདུས་ཀྱི་ལྷ་མོ་ཞིག་ལ་རྩི་མྱོང་བས། ངས་མོ་དང་མཉམ་དུ། ཇ་དང་ཚྭ་ཁུའི་ལོ་རབས་བཤད་ཐུབ་ས་མ་རེད་ལ། ངས་མོ་དང་ལྷན་དུ། ཤ་དང་རྩམ་པའི་ཞིབ་ཆ་ལའང་ལྟ་ནུས་ས་མ་རེད། དེ་བས་ཀྱང་འཇིགས་སུ་རུང་བ་ནི། ང་ཡི་ལྷ་མོའི་སེམས་ཤིག་ན།། ངའོ་སྙམ་པའི་བློ་ཞིག་ཡོད།། ངས་དེ་ལ་བསམ་བློ་གཏོབ་ཐུབ་ཀྱི་མི་འདུག ད་ནི། ཆུ་ཚོད་བཅུ་གཅིག་སྐར་མ་ཉི་ཤུར་བསླེབས་འདུག འགྲོ་གས་ཞུས་པས། མོའང་གཞི་ནས་གཉིད་ལས་སད་པ་ལྟར། འོ་རེད། ད་འགྲོ་དང་ཟེར། ལམ་བར་ནས་སྐད་ཆ་ཅི་ཡང་མ་བཤད་པ་འདྲ། ངའི་གོམ་སྟབས་དེ་ཙམ་མི་མགྱོགས་ནའང་། མོས་ངའི་རྗེས་ཆོད་ཀྱི་མི་འདུག མོ་རང་ཅུང་ཟད་ཐང་ཆད་ཀྱི་ཡོད་པ་འདྲ།
གུས་པ་སློབ་མཐར་ཕྱིན་ནས་ལོ་གཉིས་པ་དེར། སྨིན་དྲུག་གིས་ཀྱང་སློབ་ཐོན་དཔྱད་རྩོམ་འབྲི་དགོས་ཡོད། མོས་ཀྱང་སྔོན་ཆད་ཁོ་བོ་སྡོད་སའི་སྨན་ཁང་དེར་དངོས་སྦྱོང་གནང་འདུག ངའི་དཔྱད་རྩོམ་དང་བསྡུར་ན། སྨིན་དྲུག་གི་དེ་ནི་རྣམ་པ་གསར་བ་ཞིག་རེད། མོས་སྨན་རྟ་སཱ་ཀ་རཱ(साकरा Sugar)ལ་ཞིབ་འཇུག་བྱས་འདུག སྡོམ་རྩིས་རིག་པ་དང་། གཤིབ་སྡུར་རིག་པ། རྫས་འགྱུར་རིག་པ་སོགས་ལ་འབྲེལ་འདྲིས་གང་འཚམ་གྱིས་དཔྱད་པ་གནང་ཡོད་ལ། ལྷག་པར་དུ་ཀ་ར་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དང་། ཀ་རའི་རྒྱུ་དང་། ཕབ་ལུགས་ཕབ་སྟངས། ཀ་རའི་ནུས་པ་སོགས་ད་དུང་རོ་མངར་བ་ཞེས་པ་ལའང་འབྱུང་བ་ས་ཆུའི་ཤས་དང་སྦྱར་ནས་དཔྱད་འདུག མོའི་དཔྱད་རྩོམ་ལས་ངས་ཁཱ་ཐན་རྩི(卡坦精)ཞེས་པ་ནི་འཇིག་རྟེན་སྟེང་གི་རོ་མངར་ཤོས་དེ་ཡིན་པ་ཤེས་སོང་། དེ་ལས་ཀྱང་ཡ་མཚར་བ་ཞིག་ནི་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་གི་ཀ་རའི་མིང་དེ་ཕལ་ཆེར་གཅིག་པ་རེད་འདུག ཚང་མས་ས་ཀ་རའམ་ཤ་ཁ་ར་ལྟ་བུ་ཞིག་ཟེར་གྱི་འདུག མོས་ལུང་ཁ་ཤས་ལས་དྲངས་མེད། གཅིག་དེ་རྒྱུད་བཞི། གཅིག་དེ་ཤེལ་གོང་ཕྲེང་། གཅིག་དེ་ཅི་ཞན་ལིན(季羡林)གྱི་ས་ཁ་རའི་ལོ་རྒྱུས་བཅས་ཡིན། ཞིབ་འཇུག་སྣ་ཚོགས་བྱས་མཐར། མོ་ལ་སྡོམ་ཚིག་འདི་འདྲ་ཞིག་བསླེབས་འདུག དུས་རབས་ཉི་ཤུའི་ནང་ནས་བཟུང་། གཉན་རིམས་གདུག་པ་ཅན་ལ་ཀ་ར་གནོད་པར་དོགས་ནས་ཀ་ར་ནད་ཐོག་ཏུ་མི་སྤྱོད་པ་ནི་ནོར་འཁྲུལ་ཞིག་རེད་འདུག་ཅེས་པ་དེ་རེད། དེ་དུས་ང་རང་མངའ་རིས་ལ་བསླེབས་འདྲོག་ཡིན་པས། ལས་ཀ་ཅུང་ཟད་མང་ནའང་། མོའི་དཔྱད་རྩོམ་གྱི་ཚིག་སྦྱོར་མི་བདེ་ས་དང་། གཏན་ཚིགས་དང་འགལ་བ་ཡོད་པ་དག་ལ་ཞུ་དག་རེ་བྱས་པ་ཡིན། ད་དུང་སྨིན་དྲུག་གི ppt དེ་གུས་པས་ཇུས་འགོད་བྱེད་རྒྱུ་བྱུང་ཡོད། ངས་དེའི་སྒང་ལ་དུས་ཚོད་ཀྱང་ངེས་ཅན་ཞིག་བཏང་བས། མོས་དགའ་ཤོས་བྱེད་ཀྱིན་ཡོད། ངའི་སེམས་ནས་དེ་ནི་ཚད་དང་ལྡན་པའི་དཔྱད་རྩོམ་ལེགས་ཤོས་ཤིག་ལ་མཐོང་བ་མ་ཟད། མོ་རང་གི་འཛུམ་མདངས་དང་འདྲ་བའི་རོ་མངར་ཤོས་ཤིག་ལའང་མཐོང་གི་ཡོད། ངས་ཆོག་མཆན་ཡོད་པའི་སྒོ་ནས་གྲོགས་པོ་འགའ་ལའང་བསྟན་པ་ཡིན། ཁོ་ཚོས་གདེང་འཇོག་མཐོན་པོ་གནང་སོང་། ཞིབ་འཇུག་སློབ་མའི་ཆུ་ཚད་ལས་ཀྱང་བརྒལ་འདུག་ཟེར། ཡིན་ནའང་། ཐེངས་དེའི་ཕུལ་བྱུང་དཔྱད་རྩོམ་ལ་བདམས་ཐོན་བྱུང་མེད། ངས་མོ་ལ་ཡིད་ཕངས་ཚུལ་གྱི་སེམས་གསོ་རེ་ཞུས་མོད། མོས་འཁང་ར་ཅི་ཡང་བྱེད་ཀྱི་མི་འདུག
མངའ་རིས་ཀྱི་གུང་གསེང་དང་པོ་དེ་བཞག་ན། ངེད་གཉིས་ཀྱིས་ལྷ་ས་ནས་མཉམ་དུ་ཁ་ལག་ཟ་རྒྱུ་བྱས་བཞག་ཡོད། དུས་ཆད་དེར་རང་རང་ས་ནས་རེ་སྒུག་ཀྱང་ཡུན་རིང་བྱས་ཡོད། ཕྱིར་ལྷ་སར་སླེབས་པའི་ཉིན་མོ་དེར་ང་ཅུང་ཟད་ཅིག་འཚབ་ཀྱིན་འདུག ཉིན་གཉིས་པར་འགྲོ་ཆོག་པའི་ཁ་ཆད་བྱས་པ་ཡིན། དེ་ནས་ལམ་སང་གྲོགས་པོ་འབྲུག་ཐར་འབུམ་ཁྲིད་ནས་ནུབ་ཟས་ཟ་ཁང་ཞིག་ལ་སོང་བ་ཡིན། ངས་ནུབ་ཟས་ཟ་སྐབས་ཀྱི་སྡོད་ལུགས་ཟ་སྟངས། འཐུང་ལུགས་ལྡད་སྟངས་དེ་ལན་གཅིག་སློབ་དགོས་འདུག གྲོགས་པོས་ང་ལ་ཡག་པོ་བསླབས་བྱུང་། གཡོན་ལ་ཚེབ་དང་གཡས་ལ་གྲི་དེ་བཟུང་། གཡོན་པས་ཤ་ལ་བཙུགས་ནས། གཡས་པས་དལ་གྱིས་གཅིལ། ཆང་དམར་དེ་ཕོར་བ་ལ་གསུམ་ཆ་གཅིག་ཙམ་བླུགས། གྲོགས་པོས་ཆང་ཕོར་གྱི་སྦོམ་ས་ནས་བཟུང་ན། ཆང་གི་དྲོད་ཚད་ལ་འགྱུར་བ་ཐེབས་འགྲོ་ཟེར་བས་ན། ཕོར་རྐང་ཕྲ་ས་ནས་བཟུང་། ཁམ་དང་པོ་དེ་ཁ་ནང་ནས་ཅུང་ཟད་དཀྲུགས་ནས་བཏུང་ན་དེ་ནི་བྲོ་བ་མྱོང་སྟངས་ཤིག་ཡིན་ཟེར། ཟ་མ་ལྡད་དུས་སྒྲ་འབྱིན་མི་རུང་བས་ཁ་བཙུམ་དགོས་ཟེར། ང་རང་ཉིད་ཀྱིས་གསར་གཏོད་བྱེད་འདོད་པ་ཞིག་ནི། གད་མོ་བགད་ཙམ་བྱས་ཤིང་འཛུམ་ཙམ་བྱས། སྐྲ་ལ་རེག་ཙམ་བྱས་ནས་བསྒུར་ཙམ་བྱས། ངས་རང་གི་ཁ་གཏད་ཀྱི་མི་འདི་སྨིན་དྲུག་ཡིན་སྣང་བྱས། ངས་གློག་བརྙན་ལས་ཀྱང་ཡག་པ་ཞིག་འཁྲབ་ཤེས་ཀྱི་འདུག ངས་ཞིབ་ཆ་འདི་དག་ཐེངས་ཁ་ཤས་ལ་སྦྱོང་བརྡར་བྱས། ད་ནི་ཉིན་གཉིས་པ་དེར་སྣང་དག་ཅི་ཡང་མེད་པར་སྙམས།
ཡིན་ནའང་། ཉིན་གཉིས་པའི་ཆུ་ཚོད་བཅུ་པ་ཙམ་ནས་ངས་སྨིན་དྲུག་ལ་ཡི་གེ་ཞིག་བཏང་བའི་ནང་དོན་ནི་འདི་འདྲ་རེད་བཞག ང་རང་ད་ལྟ་གནམ་གྲུ་འབབ་ཐང་ལ་བསླེབས་ཚར་ཡིན། རྗེས་མར་གོ་སྐབས་བྱུང་ན་མཉམ་དུ་ཁ་ལག་ཟ་ག་འགྲོ། སྐབས་དེར་ང་རང་འཚབ་ཀྱི་མེད། ངའི་གོ་བ་ལེན་སྟངས་ལྟར་ན། སྐབས་འདིའི་རྗེས་མ་ཟེར་བ་འདི་དུས་ཚོད་ཅིག་ལ་ཕལ་ཆེར་ངོས་འཛིན་བྱེད་ཀྱི་མི་འདུག དེ་ནི་འགྲེལ་བཤད་མ་ཕོག་པའི་རྒྱུད་བཞིའི་ནང་གི་ཐ་སྙད་ཅིག་དང་ཤིན་ཏུ་འདྲ།
ངས་ད་ལྟ་བསམ་བློ་བཏང་ན། ང་ལ་སྨིན་དྲུག་གི་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་འདུག ངའི་དབུས་སྐད་ལ་མོ་སྐད་ཀྱི་ཆ་ཅུང་ཞིག་འདྲེས་ཀྱི་འདུག མ་གཞི་ལྷ་སའི་སྐད་དེ་བུ་མོ་ཚོས་བཤད་ན་སྙན་ལུགས་ཁ་ཁ་ཞིག་ཡོད་ཨང་། སྨིན་དྲུག་པར་ལེན་ལའང་དགའ་པོ་ཞེ་དྲག་ཡོད། དགའ་ཕྱོགས་དེ་ངས་ཀྱང་བརྒྱུད་འཛིན་བྱས། པར་ལེན་པ་ལ་དམིགས་ཡུལ་ཡོད་སྲིད་ཀྱང་། ངེད་གཉིས་ཀྱིས་དམིགས་ཡུལ་མེད་པའི་ངང་ནས་འཚོ་བའི་ཟ་ཟུར་གྱི་སྣང་བ་མི་བྱེད་པའི་ཞིབ་ཆ་མང་པོ་པར་ལ་ལེན་གྱི་ཡོད། སློབ་གྲྭ་ཐོན་རྗེས་རང་རང་གིས་རང་རང་ལ་པར་ཆས་རེ་ཉོ་རྒྱུ་བྱས་ཡོད། ངས་གཉིས་ཉོས་པ་ཡིན། མོས་ཀྱང་ཕལ་ཆེར་ཉོས་ཡོད་ངེས།
མངའ་རིས་སྤུ་རང་ནས་བུད་མེད་སྐོར་ཞིག་གི་མིང་ལ་ཀྲུའུ་མོ་ཟེར་གྱི་འདུག བརྟག་པས་ན་སྲུ་མོ་རེད་བཞག དབུས་གཙང་གི་ཀློག་ཐབས་སུ་སོང་བས། སྲུ(ཟུ)མོ་ཞེས་བྲིས་ན། ལུང་སྐད་ཀྱི་ཉམས་ཐོན་གྱི་མི་འདུག་པས། ཀྲུའུ་མོ་ཞེས་བྲིས་པ་ཡིན་ཟེར། ངས་སྲ་ཡིག་འདི་རྒྱ་ནག་ལྟར། སྒྲ་མང་ཡི་གེ(多音字)ཞིག་ལ་བཞག་ན་ཅི་འདྲ་ཡོད་འགྲོ་སྙམ། སྲ(sa)སྲ(sha)སྲ(zha)
མངའ་རིས་འབྲོག་པ་རྣམས་ཀྱི་སྐད་ཁ་ཤས་ཨ་མདོ་དང་འདྲ་བར་དཔྱི་ལ་དཔྱི(གཤི)ཟེར་མོད། དེང་སང་ཡི་གེ་ཀློག་ཐབས་དབུས་གཙང་ལྟར་དུ་ཡིན་པས། ཡང་དག་པའི་ཐ་སྙད་འདི་ཡིག་ཐོག་ཏུ་འབྲི་བར་དཀའ་ལས་ཡོང་གི་ཡོད། གཤི་བྲིས་ན་ཡིག་ནོར་བྱུང་། དཔྱི(ཇི)བྲིས་ན་ལུང་པའི་སྐད་དང་མ་མཐུན། འཕྱུགས་དང་འཆུགས། ཕྱུར་བ་དང་ཆུར་བ། ཕྱ་པ་དང་ཆ་པ་སོགས་ཀྱང་སྒྲ་གདངས་ཉེ་ལུགས་ཀྱིས་འབྲི་ཚུལ་སྣ་ཚོགས་བྱུང་བར་སྙམས།
མངའ་རིས་ཀྱི་སྨན་པ་ཞིག་གིས་ང་ལ་འདི་འདྲ་ཞིག་བཤད་སོང་། ཁྱེད་ཚོ་ཨ་མདོ་སྐད་ཀྱི་བ(wa)ཟེར་བ་དེ་ཅི་རེད། ཀློག་སྟངས་དེ་འདྲའི་ཁྱད་མཚར་ཟེར། ངས་ཁོ་ལ་དཀར་ལེབས་དྲུང་ཡིག་གི་ལུང་ཞིག་ངག་སྐྱོར་བཏང་བ་ཡིན། བོད་ཡིག་སྦྱོར་ཀློག་སྡེབ་ཀྱི་ཚེ།། བརྗོད་པ་སྔ་མར་བ་ཡོད་ན། བ་ལས་ཝ་རུ་འབོད་པ་མིན།། དཔེར་ན་བ་ཤ་བ་རུ་ར།། བ་ལུ་བ་དགའ་བ་སོ་བཞིན།། བརྗོད་པ་ཕྱི་མར་བ་ཡོད་ན།། ཝ་ལས་བ་རུ་འབོད་པ་མིན།། དཔེར་ན་ཤ་བ་རུ་བ་དང་།། ཡུ་བ་དགའ་བ་སོ་བ་བཞིན།།
ངས་འདི་ལྟར་རང་ཉིད་གཅིག་པུས་ལུང་པ་སྣ་ཚོགས་ཀྱི་ཡུལ་སྐད་ལ་ཞིབ་འཇུག་ལྟ་བུ་རེ་བྱས། མ་གཞི་དེ་ནི་སློབ་ཆེན་སྐབས་ཀྱི་གོམས་གཤིས་ཤིག་ལས་ཅི་ཡང་མ་རེད།
སྨིན་དྲུག་དང་མཉམ་དུ་དབུས་སྐད་སྦྱངས་པ་ལས། ང་ལ་འཆར་གཞིའི་ནང་དུ་མེད་པའི་ཕན་ཐོགས་གཞན་ཞིག་བྱུང་བ་ནི། ངའི་ཡིག་ནོར་ཧ་ཅང་ཡང་ཇེ་ཉུང་ལ་ཕྱིན་སོང་། ཨམ་སྐད་ཀྱིས་ནོར་སླ་བ་དག་དབུས་སྐད་ཀྱིས་བཀླགས། དབུས་སྐད་ལ་ནོར་སླ་བ་དག་ཨམ་སྐད་ཀྱིས་བཏོན། གཅིག་གི་ཞན་ཆ་གཅིག་གིས་བསྐངས་པ་འདྲ་བོ་ཞིག་བྱེད་རྒྱུ་བྱུང་། བཀའ(gua)དྲིན་ཆེ་སོང་སྐར་མ་ལགས།། ཐུགས(thuk)རྗེ་ཆེ་སོང་སྨིན་དྲུག་ལགས།།
ལོ་ངོ་མང་པོ་ཞིག་ཕྱིན་སོང་། ད་ལྟ་སྨིན་དྲུག་གིས་ག་རེ་གནང་གི་ཡོད་འགྲོ། ཡང་ན་ང་དང་འདྲ་བར། ལས་ཀ་རྫུན་མ་དག་ལ་པར་རེ་བརྒྱབས།། བསྡུས་འཕྲིན་སྙན་མོ་བྲིས་ནས་འཕྲིན་རེ་སྤེལ།། ཁ་བྱང་དང་གྲངས་ཀ་ལ་ཏག་ཏག་མེད་པའི་རེའུ་མིག་མང་པོ་ཞིག་པར་སློག་བརྒྱབས་ནས་བཞུགས་ཡོད་དམ། མེད་ཀྱང་སྲིད། ངས་མི་ཤེས།
གྲོགས་པོ་བསོད་དབང་གིས་ང་ལ་ཁ་པར་བསླེབས་སོང་། སྐད་འཕྲིན་དུ་ལན་མི་བྱེད་པ་ཅི་ཡིན། ཁོམ་ལོང་མེད་དམ་ཟེར། ངས་ཧ་ཅང་ཚིག་ཐག་ཆོད་པོའི་ངང་ནས། ཁྱེད་ཀྱི་རླངས་འཁོར་སི་པ་རུ་དེ་ཞེ་དྲག་ཡག་པོ་འདུག་ཅེས་བཤད་པ་ཡིན། ཡིན་ནའང་ངས་རླངས་འཁོར་དེ་མཐོང་མ་མྱོང་། རྗེས་མར་ངས་ཀྱང་ཁྱེད་ཀྱི་རླངས་འཁོར་དེ་འདྲ་ཞིག་ཉོ་སྲིད་ཅེས་བཤད། ཁོས་ཧ་ཧ་ཡ་ཡ་ཟེར། ཨ་པ་ལེ་ལེ(སྐུ་མཁྱེན)ངའི་ཡི་གེ་དེ་ཚོ་ཐེབས་ཆག་ཅིག་སྒྱུར་རོགས་ཟེར། ད་ལྟ་ངས་བསོད་དབང་གི་ཡི་གེ་དེ་ཚོ་སྒྱུར་གྱིན་ཡོད། ཡིན་ནའང་། ང་ལ་སྐད་གཉིས་ཚིག་མཛོད་དེ་འདྲ་ཅི་ཡང་མེད། ངས་ཕལ་ཆེར་རང་གིས་ཐ་སྙད་འགའ་གསར་བཟོ་བྱས་ནས་སྒྱུར་རྒྱུ་རེད།
ཡིན་ནའང་། ངའི་ཀླད་པའི་ནང་ལོགས་ཡོངས་སུ་སྨིན་དྲུག་གིས་ཁེངས་བཞག ངའི་བག་ཆགས་ཀྱི་ཟབ་ས་ཞིག་ཏུ། ད་དུང་ཡང་། སྨིན་དྲུག་ཁྲ་མོ་སིམ་སིམ་སིམ།། སིམ་སིམ་སིམ་གྱིས་འགྲོ་བཞིན་གདའ།།
*ལྷུག་རྩོམ་འདི་གུས་པ་ལྷ་སར་བསྡད་རིང་། རང་ཉིད་ཀྱི་ཐབས་ཤེས་འགའ་ཞིག་སྤྱད་ནས་སྐར་མ་སྨིན་དྲུག་ལགས་དང་ལྷན་དུ་དབུས་སྐད་བསླབས་པའི་བརྒྱུད་རིམ་ཙམ་ཞིག་ཡིན་ཙ་ན། འདི་བཞིན་སྐད་བརྡ་རིག་པའི་ཆེད་ལས་དང་འབྲེལ་བ་ཆེན་པོ་མེད་ཅེས་ཀྱང་ཞུ་བའོ།། བཀྲ་ཤིས་བདེ་ལེགས།
རྩོམ་རྒྱག་མཁན། དབྱངས་ཅན་ལྡིང་ཁང་།
2020.4.1 Darchen
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2517
དཔྱད་མཆན་སྤེལ།