མཚམས་ཁང་བསྟན་བསམ་ལགས་ཀྱིས་འཕུལ་ཡིག་གཉིས་ཀྱི་ཆེད་དུ་ཆ་ཚང་ལ་གོ་རིམ་ལྡན་པའི་རྩོམ་ཡིག་རིང་པོ་ཞིག་བྲིས་འདུག་པ་ཧ་ཅང་ལེགས། རྗེས་སུ་ཡི་རངས་ཡོད། ཐོག་མའི་དོན་ཅན་གྱི་འ་འགོ་འདོད་མཁན་ཚོ་ལའང་འདི་ལས་ལྷག་པའི་གསལ་བཤད་ཅིག་མི་དགོས། འདིའི་སྐོར་ལ་དྷི་ལྷ་ལྡན་ལགས་དང་རྒན་རྡོ་དགོན་གསང་བདག་རྡོ་རྗེ་སོགས་ཀྱིས་བྲིས་པའི་ཚིག་དུམ་རེ་གཉིས་ཀྱང་མཐོང་མྱོང་། ལོ་བཅུའི་ཡར་སྔོན་ཞིག་ཏུ་བདག་གིས་ཀྱང་འདིའི་ཕྱོགས་ལ་རྩོམ་ཐུང་ཞིག་བྲིས་མྱོང་བས་ད་ནི་བསྐྱར་བཤད་དུའང་འགྲོ་ལས་ཆེ། འོན་ཀྱང་། དེང་སྐབས་ནི་གཞན་གྱིས་ཅི་ཟེར་ལ་རྣ་བ་གཏན་ནས་མི་གཡོར་བར་རང་འདོད་དང་ཕྱོགས་ལྷུང་གི་གཏམ་གྱིས་ཉི་མ་སྐྱེལ་མཁན་མང་ཞིང་། ལྷག་པར་དུ། ལྟ་རྒྱ་ཐོས་རྒྱ་ཆུང་ཞིང་དཔེ་ཀློག་ཐན་ཐུན་ཙམ་གྱིས་ཡིད་ཚིམ་པའི་གཞོན་སྐྱེས་རེ་གཉིས་ཀྱིས་ཀྱང་། ཐོག་མའི་དོན་ཅན་གྱི་མགོ་ནི་འས་འཕུལ་ཡིན་པ་ལས་མས་འཕུལ་ནི་རྩ་བ་ནས་མི་འགྲིག་གོ་ཞེས་རང་ཚིག་སྔ་ཕྱི་འབྲེལ་མི་ཆགས་པའི་རྩོམ་ཐུང་འགའ་རེ་དྲ་ལམ་དུ་འཁྱར་ནས་འགྲོ་བ་མཐོང་བས། ཡང་བསྐྱར་དེ་དག་ལ་གསལ་བཤད་ཀྱི་དཔེར་མཚོན་འགའ་རེ་དྲངས་ན་སྙམ་བྱུང་། འདི་ལ་གྲུབ་མཐའི་ཕྱོགས་འཛིན་དང་ཡུལ་ལུང་གི་ཁ་འཛིན་སོགས་རྩ་བ་ནས་མེད་ལ། སི་ཏུ་དང་བྲ་སྟིའི་ལུགས་ཟེར་བའི་སུམ་རྟགས་ཀྱི་དགོངས་འགྲེལ་མི་འདྲ་བ་དེ་ཙམ་ཡང་མིན་ནོ།།
འོན་ཀྱང་། ལ་ལ་ཞིག་ནི། ཐོག་མའི་འགོ་དང་ལུས་ཀྱི་མགོ། །ཞེས་པ་ལྟ་བུའི་ལུང་ཚིག་གཅིག་ལ་ཤི་འཐམ་རོ་འཐམ་བྱེད་པ་ལས་བོད་ཀྱི་མཁས་པ་མང་པོས་ལག་ལེན་གྱི་སྟེང་ནས་ཇི་ལྟར་བེད་སྤྱོད་གནང་ཡོད་པ་རྩ་བ་ནས་མི་ཤེས། དེའི་རིགས་སུ་གྱུར་པ་ལ་མཁས་གྲུབ་ཆོས་ཀྱི་རྒྱལ་པོས། ལུང་ཙམ་སྐྱབས་སུ་འཛིན་པ་བླུན་པོའི་ཕུལ། །ཞེས་གསུངས་པ་ནང་བཞིན་དེ་དག་གིས་རིགས་པ་དང་ལག་ལེན་གཙོ་བོར་འཛིན་དགོས་པ་སོགས་ལ་བསམ་བློ་ཅི་ཡང་གཏོང་གིན་མེད།
ཡང་འགའ་ཞིག་གིས། སྔོན་གྱི་པར་མ་དང་བྲིས་མ་རྣམས་སུ་མས་འཕུལ་བྲིས་ཡོད་པ་ཞིག་མ་མཐོང་ངོ་། །མེད་དོ། །གལ་ཏེ་ཡོད་ཀྱང་ནོར་བ་ཡིན་ནོ་ཞེས་པོ་ཏི་ཁྲི་སྟོང་མང་པོ་བཀླགས་ཡོད་མདོག་གིས་ཁྲམ་བཤད་ལྡབ་ལྡིབ་སྨྲ་བར་བྱེད་མོད། དངོས་ནས་བཤད་ན་དེ་དག་གིས་ཕྱོགས་ཙམ་ཡང་མཐོང་མི་འདུག་པས་ཡིད་རྟོན་བྱ་རྒྱུ་ཅི་ཡང་མེད།
ངས་དེ་དག་ལ་འདི་ལྟར་དྲི་བ་ཞིག་འདྲི་འདོད། གལ་ཏེ་ཁྱོད་རང་དགེ་ལུགས་པ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱོད་ཀྱིས་རྗེ་ཡབ་སྲས་ཀྱི་གསུང་འབུམ་པར་མ་ཁ་ཚང་ཞིབ་མོར་བཀླགས་ཨེ་མྱོང་། ཁྱོད་ལ་མཚོན་ན་དེ་ཡང་པོ་ཏི་མང་ཆེས་པས་བསྐྱུར་ཞོག །ཁྱོད་ཀྱིས་ལམ་རིམ་ཆེན་མོ་ཞིབ་ཏུ་བཀླགས་ཡོད་དམ། དེའི་ནང་དུ་ཐོག་མའི་དོད་དུ་འགོ་ཞེས་བྲིས་ཡོད་པ་ག་ཙམ་འདུག་གམ།
སྤྱིར་སྔོན་གྱི་བྲག་བརྐོས་དང་པར་མ་བྲིས་མ་ཐམས་ཅད་དུ་གཉིས་ཀ་བྱུང་ཡོད་པ་དང་། དེ་གཉིས་ལས་ཀྱང་ད་དུང་མས་འཕུལ་ཅན་མང་བས་འདི་ལ་དག་མི་དག་དང་འགྲིག་མི་འགྲིག་གི་སྐད་ཆ་ལབ་རྒྱུ་ཡོད་པ་མ་རེད། འོན་ཀྱང་། མང་ཕྱོགས་དང་རིགས་པའི་འཐད་ཕྱོགས་གཙོ་བོར་འཛིན་རྒྱུ་ནི་གལ་ཆེའོ།།
འདི་ནས་ང་ཚོས་མཉམ་དུ་ལམ་རིམ་ཆེན་མོའི་པར་མ་འགར་ཇི་ལྟར་བྱུང་ཡོད་པ་ལ་བལྟ་བར་བྱ་སྟེ། སྤྱིར་བོད་ཡུལ་དུ་ལམ་རིམ་ཆེན་མོའི་པར་མའང་མི་འདྲ་བ་མང་དུ་བཞུགས་མོད། འདིར་གྲགས་ཆེ་བའི་དགའ་ལྡན་པར་མ་དང་བཀྲས་ལྷུན་པར་མ། འབྲས་སྤུངས་པར་མ་དང་བླ་བྲང་པར་མ་རྣམས་ལ་གཞིར་བཟུང་སྟེ་མཐར་ཆགས་སུ་བཀླག་པར་བྱའོ།།
“མན་ངག་ཐམས་ཅད་བསྡུས་པའི་(མགོ་)ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །ཞེས་འབྱུང་བ་ལྟར།” “ཉོན་མོངས་སུན་འབྱིན་པ་དང་མངོན་གྱུར་(མགོ་)གནོན་པ་དང་།” “དེ་ཙ་ན་ཉོན་མོངས་(མགོ་)གནོན་པ་དང་།” “ཉོན་མོངས་པ་གང་(མགོ་)འབུར་འབུར་ལ་ཡང་དང་ཡང་དུ་མདུང་བུ་འདེབས་དགོས།” “སྦྱོང་བ་མེད་ཅིང་ཐུན་(མགོ་)ལ་ཚིག་ཙམ་ཞིག་དྲན་པར་བྱས་ནས།” “གྲངས་མེད་གསུམ་གྱི་(མགོ་)རྩོམ་པའི་བྱང་ཆུབ་སེམས་དཔའ་ལའང་།” “ཐུན་(མགོ་)ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པ་སྔོན་དུ་བཏང་།” “ཕྱི་མ་ལ་སྡུག་བསྔལ་བའི་ (མགོ་)ཚུགས་པར་འགྱུར་རོ། །” “ཉོན་མོངས་(མགོ་)གནོན་པ་ལ་བསམ་གཏན་དང༌།” “ཉམས་ལེན་ལ་གཏུགས་པ་ན་ལམ་གྱི་(མགོ་)མཇུག་རགས་རིམ་བསྒྲིགས་པའི།” “ཡི་དམ་བཅས་པ་དེ་ཡང་(མགོ་)མི་ཐོན་ལ་གཞན་འགྲུབ་པའི་ཡང་གེགས་སུ་འགྱུར།” “ཉོན་མོངས་མངོན་གྱུར་(མགོ་)གནོན་པ་ཙམ་སྲིད་ཀྱི།” “ཀུན་རྫོབ་རིགས་པས་དགག་གོ་ཞེས་(མགོ་)བསྒྲེ་བྱས་པ་ལ།” “རང་བཞིན་གྱིས་སྟོང་མི་སྟོང་ལ་གཞུང་གི་(མགོ་)མཇུག་ཐམས་ཅད་དུ་མཛད་དོ། །” “རྒྱུ་མཚན་མཚུངས་པའི་(མགོ་)སྙོམས་ནི།” “རྡོ་འཕེན་པའི་ལག་(མགོ་)ནས་འཛིན་པ་དང་འདྲ་བར།” གོང་དུ་དྲངས་ཡོད་པ་དག་ནི་ལམ་རིམ་ཆེན་མོར་བྱུང་བའི་ལུས་ཀྱི་མགོ་མ་ཡིན་པའི་མས་འཕུལ་ལམ་མ་མགོ་ཅན་རྣམས་ཡིན་ལ། རིགས་འདྲ་ཐམས་ཅད་བརྩིས་ན་ཉི་ཤུ་རྩ་གཉིས་བྱུང་ཡོད།
ཐོག་མའི་དོན་ཅན་གྱི་འ་འགོ་ཅན་གཉིས་བྱུང་ཡོད་པ་ནི་འདི་ལྟར།
“མངལ་དུ་ཞུགས་པ་ནས་(འགོ་)བཟུང་སྟེ་སྐད་ཅིག་ཙམ་ཡང་མི་སྡོད།” “ལྷག་མཐོང་བསྒོམ་པའི་(འགོ་)ཡིན་གྱི། ཉེར་བསྡོགས་དང་པོ་ཙམ་གྱི་ཐོག་མ་མིན་ཏེ།”
ལམ་རིམ་དུ་བྱུང་ཡོད་པ་འདི་དག་བསྡུར་ནས་བལྟས་ནའང་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ཐོག་མའི་དོན་ཅན་ལ་མ་མགོ་ཅན་མང་དུ་བྲིས་ཡོད་པ་རྟོགས་པར་འགྱུར་རོ།།
འདི་དག་ཡོད་ཚད་ནོར་བར་ཁས་ལེན་ན་ནི་ཧ་ཅང་ཐལ་བར་འགྱུར་ལ། གདམ་ངར་འདོད་ན་ནི་འས་འཕུལ་ཅན་ཁོ་ན་ལ་དེ་འདྲའི་ཤི་འཐམ་བྱེད་དགོས་དོན་ཅི་ཡོད། བདག་གིས་འས་འཕུལ་ཅན་ཚང་མ་ནོར་འདུག་ཅེས་རྩ་བ་ཉིད་ནས་བརྗོད་མྱོང་མེད། མས་འཕུལ་ཅན་མང་དུ་བྱུང་ཡོད་པ་འདི་དག་ལ་ཡང་ཁྱེད་རྣམས་ཀྱིས་གཟིགས་ཤིག་ཅེས་ཞུ་འདོད་པ་དེ་ཡིན།
བདག་གིས་ན་ནིང་ལོ་མཇུག་ནས་བཟུང་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་(བྲིས་མ་)མགོ་ནས་མཐར་ཆགས་སུ་བཀླགས་ཤིང་མཇུག་ཀྱང་གྲུབ་ལ་ཉེ། བྲིས་མའི་པོད་ཉི་ཤུ་རྩ་གྲངས་བཞུགས་ལ་དེ་དག་གི་ཁྲོད་དུ་ཐོག་མའི་དོན་ཅན་གྱི་མགོ་ལ་འས་འཕུལ་བྲིས་ཡོད་པ་གཅིག་ཀྱང་མ་མཐོང་། ཚང་མ་མས་འཕུལ་ཤ་སྟག་བྲིས་འདུག་གོ།།
དེས་ན། མ་མགོ་ཡན་ལག་དམ་པ་སྟེ། །འ་འགོ་ཐོག་མའམ་འཕེལ་བའི་སྒྲ། །ཞེས་པ་འདི་ས་པཎ་མཆོག་གི་གསུང་ཡིན་པ་བདེན་ན། ས་སྐྱའི་ཆོས་བརྒྱུད་འཛིན་པ་ཕལ་ཆེར་གྱིས་ལག་ལེན་གྱི་སྟེང་ནས་ཐོག་མའི་དོན་ཅན་གྱི་སྒྲ་ལ་འ་འགོ་མི་འབྲི་བར་མ་མགོ་རྐྱང་པ་བྲིས་ཡོད་པ་མང་ཞིང་། དེ་མ་ཟད་ས་པཎ་རང་གི་གསུང་རྩོམ་(སྡེ་དགེའི་པར་མ་)དུའང་ཐོག་མའི་དོན་ཅན་ལ་མས་འཕུལ་ཁོ་ན་བྲིས་ཡོད་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
དེའི་སྟབས་ཀྱིས་རྔོག་ལོ་ཆེན་པོས། མ་མགོ་ཡན་ལག་དམ་པ་སྟེ། །འ་འགོ་ནད་དང་སྐྱོན་ལ་སོགས། །ཞེས་གསུངས་ཡོད་པ་དང་། ས་པཎ་མཆོག་གིས་ཀྱང་། མགོ་མཇུག་མགོ་ནི་མ་མགོ་ལ། །ནད་སོགས་འགོ་བ་འ་འགོ་ཡིན། །ཞེས་འཕུལ་ཡིག་གཉིས་ཀྱི་ཁྱད་པར་ཡང་དག་པར་གཏན་ལ་ཕབ་ཡོད་མོད། འོན་ཀྱང་། ས་པཎ་གྱིས་སླར་ཡང་། མ་མགོ་ཡན་ལག་དམ་པ་སྟེ། །འ་འགོ་ཐོག་མའམ་འཕེལ་བའི་སྒྲ། །ཞེས་གསུངས་ཡོད་པ་འདི་ལ་དོགས་གཞི་ཧ་ཅང་ཆེའོ།།
མས་འཕུལ་འབྲི་བ་འདི་ལ་ཡང་ཁུངས་མེད་པ་ཞིག་ག་ལ་ཡིན། བསྟན་འགྱུར་དུ་བཞུགས་པའི་མངོན་བརྗོད་འཆི་མེད་མཛོད་དུའང་། ཕྱུག་པོ་དཔོན་པོ་གཙོ་བོ་དང་། །དཔོན་མགོ་མགོ་འདྲེན་རྗེ་བོ་དང་། །ཞེས་གསུངས་ཡོད་ལ། བསྟན་འགྱུར་པར་མ་བཞི་པོ་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པས། མགོ་འདྲེན་ཞེས་པ་འདི་གཅིག་པུས་ཀྱང་མགོ་པ་མགོ་དཔོན་མགོ་བརྗོད་མགོ་ཁྲིད་མགོ་རྔ་མགོ་མཇུག་སོགས་དང་། དཔོན་མགོ་ཆུ་མགོ་རྐ་མགོ་གྲལ་མགོ་ཆོས་མགོ་རི་མགོ་དང་། གླུ་ཡི་མགོ་མ་གཏམ་གྱི་མགོ་མ་སོགས་ལ་རིགས་འགྲེ་གཅིག་གིས་མ་ཁྱབ་པ་མེད་དོ། །
ད་དུང་བསྟན་འགྱུར་ཁྲོད་ཀྱི་སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ་ལས། མགོ་མེད་ཅེས་པ་ནི་ཨོཾ་ཞེས་བྱ་བ་མགོ་བོ་དང་བྲལ་བས་སོ། །ཞེས་པ་དང་། ཡང་། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་ལས། མགོ་དང་མགོ་མིན་ཞེས་བྱ་བ་ནི་ཨ་དང་ཧ་སྟེ། ཡི་གེ་ཐམས་ཅད་ཀྱི་ཐོག་མཐའ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟ་བུ་སྟེ། བཀའ་བསྟན་པར་མ་ཐམས་ཅད་དུའང་ཐོག་མའི་དོན་ཅན་ལ་མས་འཕུལ་བྲིས་ཡོད་པས་དེ་དག་ལུང་དྲངས་པས་ག་ལ་ལང་། དཔེ་དག་མོ་འདི་འདྲ་ཁུངས་སུ་མི་ཆེ་ན་ད་ནི་ཁུངས་གང་ལ་གཏུགས།
རྒན་རྡོ་དགོན་ཚང་གིས་འཕུལ་ཡིག་འདི་འདྲ་གླེང་སློང་བྱེད་མཁན་རྣམས་ཀྱང་བཞད་གད་ཀྱི་ཡུལ་དུ་བཞག་ཡོད་མོད། ཁོང་གིས་ཐོག་མའི་དོན་ཅན་གྱི་མས་འཕུལ་ཅན་མང་དུ་ཡོད་པ་མ་གཟིགས་པ་ཡིན་ལས་ཆེ།
སྤྱིར་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་ཞིག་ཡིན་ཕྱིན་རྒན་པོའི་ཨུ་ཚུགས་དང་གཞོན་པའི་གསར་བཤད་ལ་ཅེར་ནས་མ་འདུག་པར་བཀའ་བསྟན་གསུང་རབ་མང་པོར་ཞིབ་མཇལ་བྱོས་དང་ཁྱོད་ལ་ནམ་ལངས་ཉི་ཤར་ལྟ་བུའི་ངེས་ཤེས་ཤིག་སྐྱེ་འོང་ངོ།།
འདིའི་སྐོར་ལ་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་ཚང་གིས། བྱ་བའི་འགོ་དང་ལུས་ཀྱི་མགོ་ཞེས་ཁྱད་པར་འབྱེད་པའི་རིགས་པ་དེས་ཆུ་མི་ཐུབ་ཅེས་གསུངས་ཡོད་ལ། དེང་དུས་ཀྱི་བརྡ་སྤྲོད་སྨྲ་བའི་དབང་པོ་དཔའ་རིས་སངས་རྒྱས་མཆོག་གིས་ཀྱང་། ཡན་ལག་ལྔ་བོ་ལས་མཆོག་ཏུ་གྱུར་པ་མགོ་ཡིན་པར་དཔེ་བླངས་ནས། ཚོགས་པའི་གཙོ་བོ་ལ་མགོ་བ་དང་། སེམས་ཅན་ཀུན་གྱི་སྐྱབས་མཆོག་ལ་མགོན་པོ་ཞེས་དང་། མགོ་ནི་དངོས་པོའི་མིང་དང་། འགོ་ནི་བྱ་བའི་མིང་སྟེ། འབྱར་བའི་དོན་ཡིན་པས། འགོ་འདྲེན་ལྟར་བྲིས་པ་མ་དག་པའོ། །ཞེས་གསུངས་ཡོད་པ་དག་ལ་གཞི་བཅོལ་ནས་གཅིག་གྱུར་གྱི་ལས་ལ་གཞོལ་ན་ཧ་ཅང་ལེགས་མོད། དཔེ་དེབ་གཅིག་གི་ནང་དུའང་མགོ་མཇུག་ཅེས་པའི་ཐ་སྙད་འབྲི་བཞིན་དུ། ཡང་འགོ་བརྗོད་དང་མཇུག་རྩོམ་འདི་ལྟར་འབྲི་བའི་རྩོམ་སྒྲིག་པ་གླེན་པ་ཧ་ཅང་མང་ངོ་།།
འདི་ལྟ་བུ་ལ་མཁས་དབང་དགེ་ཆོས་ཀྱིས་ཤ་ལ་དགའ་བས་ཤ་རྙེད་པ་དང་ཆང་ལ་དགའ་བས་ཆང་རྙེད་པར་གསུངས་པ་ནང་བཞིན། ཐོག་མའི་དོན་ཅན་གྱི་འ་འགོ་ཅན་བཙལ་ནས་རྙེད་ཅིང་མས་འཕུལ་ཅན་རྣམས་མཐོང་ཡང་མ་མཐོང་བའི་ཚུལ་གྱིས་ས་འགེབས་རྡོ་འགེབས་བྱེད་པ་འདི་ཡང་མཚར་རོ།།
བོད་ཀྱི་བརྡ་སྤྲོད་རིག་པར་ཞིབ་ཆ་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་འཕུལ་ཡིག་ལས་མིང་ལ་མས་འཕུལ་ཁྱབ་ཆེ་བ་དང་། བྱ་ཚིག་ལ་འས་འཕུལ་གཙོ་ཆེ་བ་འདི་ཡང་ཤེས་ན་ལེགས་ཤིང་། བོད་ཡིག་གི་རྒྱུན་བཀོལ་བྱ་ཚིག་ལ་རྣམ་གྲངས་ཆིག་སྟོང་ལྷག་ཡོད་པ་ལས་འས་འཕུལ་གྱིས་བརྒྱ་ཆའི་དྲུག་ཅུ་ལྷག་ཟིན་ཡོད་པ་ལ་བསམ་གཞིག་གནོངས་དང་། འཕུལ་ཡིག་མི་འདྲ་བ་འདི་གཉིས་ཀྱིས་མིང་དང་བྱ་ཚིག་གི་རྣམ་གཞག་ཇི་ལྟར་ཐག་བཅད་ཡོད་པའང་ཤེས་འོང་ངོ་།།
མདོར་ན་སྔོན་དང་ད་ལྟའི་མཁས་པ་རྣམས་ཀྱིས་ལག་ལེན་གྱི་སྟེང་ནས་ཇི་ལྟར་བེད་སྤྱོད་གནང་ཡོད་པ་དེ་གཙོ་བོར་བཟུང་ན་འོས་ཤིང་། འཕུལ་ཡིག་འདི་གཉིས་གདམ་ངར་བཞག་ཀྱང་ཆོག་མོད། གདམ་ང་མང་ཆེས་ན་ཡི་གེ་གཅིག་གྱུར་ལ་རྙོག་དྲ་སློང་བ་ཙམ་ལས་དམིགས་བསལ་གྱི་དགོས་པ་ཅི་ཡང་མ་མཐོང་ངོ་།།
སྔོན་གྱི་བཙན་པོ་དག་གི་རིང་ལ་བོད་ཀྱི་ཆོས་དང་རིག་གནས་ཀྱི་དོན་དག་ཆེ་མ་ཆུང་གསུམ་བཀས་བཅད་གཅིག་གིས་ཆོག་མོད། ད་ནི་དུས་ཀྱི་སྙིགས་མ་འདིར་ང་ཚོས་གནད་དོན་ཆུང་ཆུང་འདི་འདྲ་ཡང་ཡང་གླེང་ནའང་ཐག་གཅོད་མི་ཐུབ་སྟེ། ང་ཚོ་ལ་བགྲོ་གླེང་བྱེད་པའི་དབང་ཆ་ཡོད་པ་ཙམ་ལས་ཐག་གཅོད་ཀྱི་དབང་ཆ་བྲལ་བའི་ཕྱིར་རོ།།
དེས་ན་བོད་ཀྱི་རིག་གནས་ལོ་རྒྱུས་གང་ཞིག་ཡིན་ཡང་། དོན་ལ་ཆེར་མི་གནོད་ནའང་སྐད་བརྡའི་ཕྱོགས་ནས་ལམ་ཐོག་གཅིག་ཏུ་འབབ་མི་ཐུབ་པར་ཕྱོགས་དང་རིས་སུ་ཆད་པ་ཧ་ཅང་མང་བས་ང་ཚོ་ལ་དེ་དག་གཅིག་གྱུར་བྱེད་རྒྱུའི་དབང་ཆ་བྲལ་བ། ནུས་པ་མེད་པ། ཐོབ་ཐང་དབེན་པ་སྟེ། མེད་པ་གསུམ་གྱིས་མནར་བའི་ང་ཚོས་ང་བདེན་དང་ཁྱོད་ནོར་གྱི་ལབ་གླེང་མང་བར་ཡང་དགོས་པ་ཅི་ཞིག་ཡོད་ཨང་།
ཞེས་པ་འདི་ཡང་གྲོགས་པོ་ཞིག་གིས་དྲི་བ་ཞིག་གནང་བའི་རྐྱེན་བྱས་ཏེ་པདྨ་ཅན་གྱི་གྲོང་ཁྱེར་དུ་ལྡོང་ཆུ་ཤེལ་དུ་འབོད་པས་ཤར་མར་བྲིས་པ་དགེའོ།།2020.4.4
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2514
དཔྱད་མཆན་སྤེལ།