ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་རྒྱུད་བཞི་ཡི་ཁྱད་ཆོས་དང་ལོ་རྒྱུས་གླེང་བརྗོད་བྱས་ཡོད་ལ་དེ་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་ཁས་ལེན་ཐོབ་ཆེད་རྒྱུད་བཞིའི་རྩོམ་མཁན་གསང་ནས་རྒྱལ་བའི་བཀའ་རུ་བཟོས་པ་ཡིན་ཚུལ་དང་ཡང་རྒྱུད་བཞིའི་ནད་གཞིའི་ན་ཚ་དང་ཟས་སྤྱོད་སྨན་དཔྱད་ལ་སོགས་ཀྱིས་བོད་མིའི་འཚོ་སྟངས་མངོན་ཡོད་པ་ལ་དམིགས་ནས་བོད་མཁས་པའི་བསྟན་བཅོས་སུ་བགྲངས་པ་དང་དེ་བཞིན་སྤྱི་ཚོགས་ཟང་ཟིང་དང་ལོ་རྒྱུས་རྙོག་དྲའི་ཁྲོད་འཇིགས་པར་དོགས་ནས་སྲུང་སྐྱོབ་ཀྱིས་གཏེར་མ་ཆགས་པ་ལ་སོགས་པ་བརྗོད་དོན་གཙོ་བོ་བྱས་ནས་རྒྱུད་བཞིའི་ལོ་རྒྱུས་དང་དེའི་ཐུན་མིན་གྱི་ཁྱད་ཆོས་དང་དེའི་རྩོམ་མཁན་ངོ་སྤྲོད་གནང་ཡོད།
བརྡ་ཆད་གཙོ་བོ། རྒྱུད་བཞི། བཀའ། བསྟན་བཅོས། གཏེར་མ།

གཅིག མཁས་པ་རྣམས་ཀྱིས་བཞེད་ཚུལ་གཅིག་མཐུན་མིན་ཚུལ།

དེ་ཡང་མཁས་དབང་ལ་ལས་རྒྱུད་བཞི་ནི་བཀའ་ཡིན་ཟེར་བ་དང་ཡང་མཁས་པ་ལ་ལས་རྒྱུད་བཞི་ནི་བོད་མཁས་པའི་མཛད་པའི་བསྟན་བཅོས་ཡིན་ཟེར་བ་དང་ཡང་མཁས་པ་ལ་ལས་རྒྱུད་བཞི་ནི་གཏེར་མ་ཡིན་ཟེར་བ་ལ་སོགས་པའི་ལྟ་བ་མི་འདྲ་བ་གསུམ་བྱུང་ཡོད་ལ། ལྟ་བ་མི་འདྲ་བ་གསུམ་པོ་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་གི་འོག་ཏུ་བྱུང་བ་ཡིན་ལ་ཐོག་མར་བསྟན་བཅོས་དང་དེ་ནས་བཀའ་བཀའ་ནས་གཏེར་མ་ཆགས་པ་སོགས་པའང་སྐབས་དེའི་སྤྱི་ཚོགས་དང་དེའི་ཡུལ་མི་དང་དེའི་ལོ་རྒྱུས་བརྒྱུད་རིམ་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པ་ཞིག་རེད། དེ་བཞིན་རྒྱུད་བཞིའི་རྩོམ་སྟངས་དང་དེའི་བརྩམས་པའི་དམིགས་ཡུལ་དང་དེའི་དགེ་མཚན་དོན་སྙིང་ལ་སོགས་པའང་སྐབས་དེའི་སྤྱི་ཚོགས་ཟང་ཟིང་དང་ལོ་རྒྱུས་རྙོག་དྲ་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། དེ་བས། དཔལ་ལྡན་རྒྱུད་བཞི་ལའང་དུས་རབས་རང་བཞིན་དང་ཆོས་ལུགས་རང་བཞིན། མི་རིགས་རང་བཞིན། ལོ་རྒྱུས་རང་བཞིན་སོགས་ཀྱང་མངོན་ཡོད་པ་ཞིག་རེད།

གཉིས། རྒྱུད་བཞི་ནི་བཀའ་ཡིན་པ།

དུས་རབས་བརྒྱད་པའི་ནང་དུ་བོད་ཡུལ་དུ་ལྷ་དང་དྲང་སྲོང་། ཕྱི་བ། ནང་བ་ལ་སོགས་པའི་ཆོས་ལུགས་ཀྱི་གྲུབ་མཐའ་མི་གཅིག་པ་མང་པོ་བྱུང་ཡོད་པ་རྒྱུད་བཞིའི་གླེང་གཞི་རུའང་གསལ་པོར་ཤེས་ཐུབ་ལ་ཆོས་ལུགས་མི་འདྲ་བ་དེ་དག་གི་རང་རང་གི་ལྟ་བ་བརྒྱུད་སྒྲོག་དང་ལྟ་བ་མི་མཐུན་པའི་གྲུབ་མཐའ་གཞན་པར་སྐྱོན་བརྗོད་དམའ་འབབ་བྱས་ནས་གྲུབ་མཐའ་རྩོད་གླེང་བྱུང་ཡོད་པ་ཞིག་རེད། གྲུབ་མཐའ་རྩོད་གླེང་ནི་སྐབས་དེའི་སྤྱི་ཚོགས་འགལ་བ་གཙོ་བོ་ཞིག་ཡིན་ལ་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཁྲོད་བན་བོན་གྱི་གོ་གནས་གལ་ཆེན་བཟུང་ཡོད་པས་རྒྱལ་པོའི་ནང་སྲིད་ལའང་བན་བོན་གྱི་འགལ་བ་ཐོན་ནས་ཕན་ཚུན་དམའ་འབེབས་དང་ཕན་ཚུན་འཁྲུག་རྩོད་བྱུང་ཡོད་པ་ཞིག་རེད། བན་བོན་གྱི་འགལ་བ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་ཞིག་ཡིན་ལ་བན་བོན་འགལ་བས་རྒྱལ་པོའི་ནང་ཁུལ་ཡང་ཕན་ཚུན་མཐུན་སྦྱོར་མེད་པར་བཟོས། རྒྱལ་པོའི་ནང་ཁུལ་གྱི་འགལ་བ་དེའང་སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་གྲས་ཤིག་ཡིན་ལ་འགལ་བ་དེ་དག་སེལ་བའི་ཐབས་མཆོག་ནི་གྲུབ་མཐའ་གཅིག་གྱུར་བྱ་རྒྱུ་ལས་མ་འདས་ལ་གྲུབ་མཐའ་གཅིག་ཡོང་བ་ལ་ཐོག་མར་ནང་སྲིད་བརྟན་དགོས་པ་ཞིག་རེད། རྒྱལ་སྲིད་བརྟན་ཆེད་དང་མི་དམངས་མཐུན་སྒྲིལ་ཡོང་ཕྱིར་རྒྱལ་པོས་གྲུབ་མཐའ་གཅིག་གྱུར་བྱ་རྒྱུར་གྱི་བཀའ་ཁྱབ་བསྒྲགས་ནས་བན་བོན་གྱི་གྲུབ་མཐའ་འགྲན་རྒྱུ་དང་རྒྱལ་ཕམ་འབྱེད་རྒྱུ་དང་ཕམ་མཁན་གནོན་རྒྱུ། རྒྱལ་མཁན་བསྐྱོབ་རྒྱུ་ཡི་བཀའ་ཁྱབ་དང་བསྒྲགས་ཡིག་སྦྱར། དེ་ལ་ནང་པས་སློབ་དཔོན་པད་མ་འབྱུང་གནས་དང་མཁན་ཆེན་ཞུ་བ་འཚོ་ལ་སོགས་པའི་སློབ་དཔོན་མང་པོ་སྤྱན་དྲངས་ནས་ཆོས་ཀྱི་གནས་ལུགས་དང་འཇིག་རྟེན་དྲང་བདེན་བརྩད་པས་བན་པ་རྒྱལ་ཞིང་བོན་པ་ཕམ། དེ་དང་བསྟུན་ནས་རྒྱལ་པོས་ཀྱང་བན་ཆོས་བསྲུང་ཞིང་བོན་ཆོས་སྤེལ་མི་ཆོག་པའི་བཀའ་ཁྱབ་བསྒྲགས། དེ་ལྟར་བོད་ཡུལ་དུ་སྟོབས་ཤུགས་ཆེ་བའི་བོན་ལུགས་ཀྱི་གྲུབ་མཐའ་དེ་ཕམ་པར་བརྒྱབ་ནས་ནང་ཆོས་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་བ་དང་སྦྲགས་རྒྱ་གར་གྱི་གཞུང་མང་པོ་བོད་དུ་སྒྱུར་བ་དང་སྔོན་གྱི་ལོ་ཙཱ་བ་དང་རྒྱལ་བ་ལོ་པཎ་སོགས་ཀྱི་བཀའ་དྲིན་དྲན་པའམ་འགྱུར་ཕྱག་གི་ཆེད་དུ་གཞུང་ལུགས་མང་པོའི་མགོར་རྒྱ་གར་སྐད་འཇོག་ཏུ་བཅུགས་པ་དང་དེ་མིན་རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོའང་མ་ཡིག་གཞིར་བཞག་ཐོག་བོད་སྒྱུར་བྱས་པས་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་ལུགས་དང་བོད་ཀྱི་རིག་གཞུང་གི་ངོ་བོ་ཕལ་ཆེར་གཅིག་པ་ལྟ་བུར་ཆགས་ཡོད་པ་རེད། དེའི་རྐྱེན་གྱིས་རྒྱུད་བཞིའང་བཀའ་ལ་གཏུགས་ནས་རྩོམ་མཁན་མི་སྣང་བྱས་པར་འདོད།

དེ་ཡང་མི་རིགས་སོ་སོའི་རང་རང་གི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་ཆོས་ཉིད་ཀྱི་དབང་གིས་གཞུང་རྩོམ་ཚུལ་ལའང་མི་འདྲ་བ་མང་ཞིང་དེ་དག་ལ་རང་རང་གི་ཁྱད་ཆོས་དང་རང་རང་གི་དགེ་མཚན་ཡོད་ལ་རྒྱ་གར་གྱིས་གཞུང་བཀའ་ལ་གཏུགས་ཅིང་རྒྱ་ནག་གིས་གཞུང་རང་ལ་གཏུགས་པ་བོད་པས་གཞུང་བླ་མར་གཏུགས་པ་སྟེ་རྩོམ་པ་པོ་སྣང་མ་སྣང་གིས་བཀའ་དང་བསྟན་བཅོས་གཉིས་སུ་དབྱེ་ཞིང་རྩོམ་མཁན་སྣང་བ་དེ་ལའང་རང་མཚན་ཐོག་མར་འཇོག་པ་དང་མཇུག་ཏུ་འཇོག་པ་སྟེ་མི་རིགས་སོ་སོའི་རང་རང་གི་གཞུང་རྩོམ་ཚུལ་མི་འདྲ་ཞིང་རྒྱ་གཞུང་མང་པོར་རྩོམ་པ་པོ་མེད་པར་སངས་རྒྱས་ཀྱི་བཀའ་ལ་གཏུགས་པ་ནི་སྤྱི་ཚོགས་ཀྱི་མི་རྣམས་ཡིད་ཆེས་པའི་ཕྱིར་དུ་ཡིན་པ་དང་རྒྱ་ནག་གི་སྙན་གྲགས་ཀྱི་ཆེད་དུ་ཐོག་མར་རང་ཉིད་ཀྱི་མཚན་མིང་འབྲི་བ་དང་བོད་པས་རྩ་བའི་བླ་མའམ་རང་གི་སློབ་དཔོན་ལ་དྲིན་བཟོ་བའི་ཕྱིར་དུ་རྩོམ་པ་པོའི་མཚན་མིང་ཐོག་མར་མི་འབྲི་བར་གཞུང་གི་མཇུག་ཏུ་འབྲི་བ་བཅས་གཞུང་རྩོམ་ཚུལ་མི་འདྲ་བ་རེ་ཡོད་པ་ནི་མི་རིགས་སོ་སོའི་རང་རང་གི་ལུགས་སྲོལ་གོམས་གཤིས་དང་འཚོ་བའི་གནས་སྟངས། སེམས་ཁམས་ལྟ་བ་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཡིན་ལ། ང་ཚོ་བོད་ཀྱི་ཡི་གེ་འདི་ཉིད་རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ནས་གསར་དུ་བཟོས་པ་དང་ནང་བསྟན་རིག་པའང་སྟོན་པ་ཤཀྱ་ཐུབ་པའི་སྲོལ་གཏོད་པ་དང་དེ་མིན་རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོའང་རྒྱ་གཞུང་ཇི་མ་ཇི་བཞིན་བོད་དུ་སྒྱུར་བ་ལ་སོགས་ཀྱི་དབང་གིས་བོད་པའི་རིག་གཞུང་ལའང་རྒྱ་གར་གྱི་རིག་གཞུང་གི་ཤན་ཞུགས་ནས་གཞུང་ཕལ་ཆེ་བ་ཞིག་གི་རྩོམ་མཁན་མི་སྣང་བར་བྱས་པ་དང་བོད་པའི་གསོ་རིག་རྒྱུད་བཞི་འདི་ཉིད་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་ཆོས་ལུགས་མི་འདྲ་བ་དུ་མའི་ཡོངས་སུ་ཁས་ལེན་ཐོབ་ཆེད་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རང་མཚན་མ་བྲིས་བར་སངས་རྒྱས་སྨན་བླ་ཡི་སྤྲུལ་པ་སྟོན་པ་དྲང་སྲོང་རིག་པའི་ཡི་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་གཉིས་ཀྱིས་ཕན་ཚུན་ཞུ་བ་ཞུས་ལན་གྱིས་ཚུལ་དུ་གསུངས་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་གྱིས་རྒྱུད་བཞི་ནི་བཀའ་ལ་བཞེད་པ་ཞིག་ཡིན་ལ། བཀའ་ལའང་ཞལ་ནས་གསུང་བའི་བཀའ་དང་རྗེས་སུ་གནངས་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ་ལ་སོགས་པ་མང་པོ་ཡོད་པའང་རྒྱུད་བཞིའི་རྩོམ་སྟངས་དང་དེའི་ཁྱད་ཆོས་ཁོ་ན་ལས་གསལ་བོར་རྟོགས་ཐུབ་པ་ཞིག་ཡིན་ལ་རྒྱུད་བཞི་ནི་ཕྱི་ཚུལ་ཀྱི་ཐོག་ནས་བལྟས་ན་སངས་རྒྱས་སྨན་བླའི་ཞལ་ངོས་ནས་བྱུང་བའི་གསུངས་བཀའ་ཡིན་པ་དང་བཀའ་དེའང་སྐལ་ལྡན་གྱི་རྗེས་སུ་གནངས་བ་སྟེ་ནང་དོན་གསོ་བ་རིག་པ་ཡིན་པ། བྱིན་གྱིས་བརླབས་ཡུལ་ནི་གཡུ་ཐོག་རྙིང་མ་ཡིན་པ་སྟེ་སྨན་བླའི་བྱིན་རླབས་གཡུ་ཐོག་རྙིང་མ་ལ་ཞུགས་ནས་བརྩམ་པར་འདོད་དོ། །

གསུམ། རྒྱུད་བཞི་ནི་བོད་མཁས་པའི་མཛད་པའི་བསྟན་བཅོས་ཡིན་པ།

ལོ་རྒྱུས་དོན་དངོས་ལྟར་ན་རྒྱུད་བཞི་ནི་རྒྱལ་བ་བདེ་གཤེགས་ཀྱི་གསུངས་གནང་བ་ཞིག་མིན་ལ་གཤེན་རབ་མི་བོ་ཆེས་མཛད་པ་ཞིག་དེ་བས་ཀྱང་མ་ཡིན། དེ་ནི་བོད་མཁས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་ཁྱད་འཕགས་ཀྱི་བློ་དང་སྐབས་དེའི་རྒྱ་གར་ནག་དང་བལ་ཡུལ་ལ་སོགས་པའི་གསོ་དཔྱད་ཀྱི་སྙིང་པོའི་ཡང་སྙིང་སྟེང་དེ་སྔའི་བོད་ཀྱི་གསོ་དཔྱད་ཀྱི་སྙིང་བོ་བསྡུས་ལེན་བྱས་ནས་བྱུང་བ་ཞིག་ཡིན་ལ་ད་ལྟའི་བར་དུ་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་མངའ་བའི་གནའ་བོའི་བོད་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་ལ་ད་ལྟ་སྤྱི་ཚོགས་འདི་ཙམ་འཕེལ་རྒྱས་སོང་ཡང་འདིའི་ནང་དུ་ནོག་ནོག་གི་སྐྱོན་ཏིལ་འབྲུ་ཙམ་མ་རྙེད་ལ་འདིའི་ཐོག་མཐའ་བར་གསུམ་གང་ལ་བལྟས་ཀྱང་ཚིག་སྐྱོན་དང་ཟློས་སྐྱོན་སོགས་གང་ཡང་མེད་པ། ཚིག་དོན་རྒྱ་ཆེ་ཞིང་གཏིང་ཟབས་པ་དང་མགོ་ནས་རྐང་མཐིལ་བར་གྱི་ན་ཚ་མ་ལུས་རྗེན་པར་བསྟན་པ་དང་ཕྱི་ནང་གསང་གསུམ་ལ་སོགས་པའི་གྲུབ་མཐའ་ཡོངས་ཀྱི་མཁས་ལེན་པ། བརྗོད་བྱ་ལེགས་ཀྱང་བརྗོད་བྱེད་ཀྱི་ཚིག་གི་སྡེབ་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ།། དེ་ཕྱིར་རྒྱུད་བཞི་ནི་བོད་མཁས་པའི་མཛད་བསྟན་བཅོས་ཡིན་ཞེས་ཀྱང་བཤད་པ་ཡིན།

བཞི་བ། རྒྱུད་བཞི་སྲུང་སྐྱོབ་ལས་གཏེར་མ་ཆགས་པ།

ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་བགྲོངས་པ་དང་འབངས་གྱེན་ལོག་བྱས་པའི་རྐྱེན་གྱིས་རྒྱུད་བཞི་འདི་ཉིད་འཇིགས་པར་བསམ་ནས་ལོ་ངོ་བརྒྱ་དང་ལྔ་བཅུ་རིང་ལ་བསམ་ཡས་ཀྱི་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་པས་གཏེར་མར་ཡང་གྱུར་བ་ཡིན་ནོ། །

ལྔ། རྒྱུད་བཞི་ནི་བཀའ་དང་བསྟན་བཅོས་གཏེར་མ་གསུམ་ག་ཡིན་པ།

སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་ཆབ་སྲིད་ཀྱི་དགོས་མཁོ་ཡི་དབང་གིས་གཡུ་ཐོག་རྙིང་མས་རང་མཚན་གསང་ནས་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་ལ་གཏུགས་ནས་ཕྱི་བཀའ་ལྟར་བཅོས་པ་དང་དེའི་ནད་ཀྱི་རྒྱུ་རྐྱེན་དང་ནད་ལུགས་ན་སྟངས། ནད་གཞི་ནད་རྟགས། ཟས་སྤྱོད་ཕན་གནོད། ཟས་སྤྱོད་ཕན་གནོད། ནད་བཅོས་བརྒྱུད་རིམ་ལ་སོགས་པ་ཆ་ཚང་ཞིང་ནོར་འཁྲུལ་མེད་པས་ནང་བསྟན་བཅོས་ལྟར་མཛད་པ་སྟེ་ཐོག་མར་བསྟན་བཅོས་དང་དེ་ནས་བཀའ་ལ་སྒྱུར་བའང་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་ལ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་ཟང་ཟིང་དང་ཆབ་སྲིད་ཀྱི་གནས་བབས་བརྟན་པོར་མིན་པའི་གནས་ཚུལ་འོག་རྒྱུད་བཞིའི་རྩོམ་མཁན་ཡང་སྦ་གསང་གནང་སྟེ་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་ཡོད་ལ་དེ་ལྟ་བུའི་སྤྱི་ཚོགས་ཀྱི་གནས་བབས་ཟང་ཟིང་དང་ཀྱག་ཀྱོག་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཕྱི་བཀའ་དང་ནང་བསྟན་བཅོས་ལྟར་སྦྱར་ནས་རྒྱུད་དོན་ཡོངས་སུ་རྫོགས་པར་བསྟན་ཡོད་ལ་ཡང་དུས་ཀྱི་ཟང་ཟིང་དང་ལོ་རྒྱུས་ཀྱི་རྐྱེན་དབང་གིས་ལོ་མང་གཏེར་དུ་སྦས་པ་ལས་གཏེར་མ་གྱུར་བ་སྟེ་མདོར་ན་རྒྱུད་བཞི་ནི་བཀའ་ཡིན་ལ་བསྟན་བཅོས་ཀྱང་ཡིན་ཞེས་བརྗོད་པ་ཆོག་པ་མ་ཟད། གཏེར་མ་ཡང་ཡིན་ཞེས་བརྗོད་ཆོག འདི་ལྟར་བརྩམས་ཆོས་རིག་གཞུང་གཅིག་ལ་བསྟན་བཅོས་དང་བཀའ་གཏེར་མ་བཅས་ཀྱི་ཆ་ཡོངས་སུ་ཚང་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བློ་གྲོས་ཀྱི་རྩོམ་རྩལ་ཁྱད་འཕགས་ཤིག་ཡིན་པ་མ་ཟད། དཔལ་ལྡན་རྒྱུད་བཞི་ཡི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན་ནོ། །

དེ་ལྟར་རྒྱུད་ཀྱི་ལྷ་ཆོས་མི་ཆོས་དང་ངོ་མཚར་རྩ་བདུན། དེ་བཞིན་དུ་རྒྱུད་ཡིག་སྐད་གསར་བཅད་དང་དེའི་གསེར་མཆན་ཟངས་མཆན། དེ་མིན་བཻ་རོ་ཙ་ན་དང་སློབ་དཔོན་པད་མ་གྲྭ་བ་མངོན་ཤེས་ལ་སོགས་པའི་འབྲེལ་ཡོད་ལོ་རྒྱུས་མི་སྣ་དག་གིས་ཀྱང་རྒྱུད་བཞི་འདི་ཉིད་དུས་རབས་བརྒྱད་པའི་ནང་བྱུང་བའི་བརྩམས་ཆོས་ཤིག་ཡིན་པ་གསལ་པོར་ཤེས་ཐུབ་ལ། གཞན་ཡང་རྒྱུད་བཞིའི་མཇུག་བྱང་དུའང་ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང་། སོ་མ་རཱ་ཛ་སོགས་རྒྱ་ནག་ནས་བསྒྱུར་བའི་གཞུང་དང་། འཁོར་ལོའི་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་པའི་གཞུང་རྣམས་ཀྱི་སྙིང་པོ་བསྡུས་ནས་བརྩམས་པར་བཞེད་པ་དང་། འགའ་ཞིག་གིས་བདག་ཅག་གི་སྟོན་པ་སྨན་རྒྱལ་གྱི་སྐུར་བཞེངས་ནས་རྗེས་སུ་གནང་བཀའ་དངོས་སུ་བཞེད་པ་དང་། འགའ་ཞིག་གིས་བཀའ་དངོས་ཡིན་ཡང་སློབ་དཔོན་པདྨས་བསམ་ཡས་དབུར་རྩེར་གཏེར་དུ་སྦས་པ་གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མར་བཞེད་པ། 【1】ཞེས་སོགས་བཀོད་པ་ལྟར་ལྟ་བ་མི་མཐུན་པ་དུ་མ་བྱུང་བའང་རྒྱུད་བཞིའི་ལོ་རྒྱུས་ཁོ་ན་ལས་རྟོགས་ཐུབ་པ་ཞིག་ཡིན་ལ་ལེའུ་བརྒྱ་དང་ང་དྲུག་གིས་ཡོངས་སུ་རྫོགས་པར་བསྟན་པའི་རྒྱུད་བཞི་འདི་ཉིད་ནི་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་ཀྱི་ཞུ་བ་ཞུས་ལན་གྱི་ཚུལ་དུ་གསུངས་ཡོད་ལ་གཞུང་མཛད་པ་གཡུ་ཐོག་རྙིང་མ་དང་ངོ་མཚར་རྩ་བདུན་རྒྱུད་ཁོངས་སུ་བསྡུ་མཁན་བཻ་རོ་ཙ་ན་【2】དང་གཏེར་སྦས་པ་སློབ་དཔོན་པད་མ་གཏེར་འདོན་པ་གྲྭ་བ་མངོན་ཤེས་ལ་སོགས་ཀྱིས་རྒྱུད་བཞིའི་ལོ་རྒྱུས་དང་རྒྱུད་བཞིའི་གསང་བ་མཚོན་ཡོད་ལ་རྒྱུད་བཞིའི་གསང་བ་དང་རྒྱུད་བཞིའི་ལོ་རྒྱུས་ཀྱང་རྒྱུད་བཞིའི་ཁ་བྱང་དང་རྒྱུད་བཞིའི་ནང་དོན་སོགས་ལས་གསལ་བོར་མཚོན་ཡོད་པས་ཁུངས་ལུང་མང་བ་ནི་ངལ་བའི་རྒྱུ་ལས་མ་འདས་ཅིང་ཐོག་མར་བསྟན་བཅོས་ཡིན་པ་དང་དེ་ནས་བཀའ་ལ་སྒྱུར་བ་དང་བཀའ་ནས་གཏེར་མ་ཆགས་པ་ལ་སོགས་པའང་སྤྱི་ཚོགས་ཟང་ཟིང་དང་ལོ་རྒྱུས་རྙོག་དྲ་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ལ་གཡུ་ཐོག་རྙིང་མ་ནས་སློབ་དཔོན་པད་མ་དང་སློབ་དཔོན་པད་མ་ནས་གྲྭ་བ་མངོན་ཤེས་དང་། གྲྭ་བ་མངོན་ཤེས་ནས་གཡུ་ཐོག་གསར་མ་ལ་སོགས་པ་རིམ་པར་བརྒྱུད་པའང་རྒྱུད་བཞིའི་གསང་བ་ཡིན་ལ་གསང་བ་ཆིག་རྒྱུད་དུ་བརྒྱུད་པའང་རྒྱུད་བཞིའི་ལོ་རྒྱུས་ཡིན་པས་རྒྱུད་བཞིའི་ལོ་རྒྱུས་ནི་གསང་བའི་ཀྱག་ཀྱོག་ཅིག་དང་གདམས་ངག་ཆིག་བརྒྱུད་ཅིག་ཀྱང་ཡིན་ནོ། །

གསང་བའི་ཆིག་བརྒྱུད་ཀྱི་གདམས་ངག་འདི་ནི་དོན་ལ་གཡུ་ཐོག་རྙིང་མས་མཛད་ཅིང་ཨོ་རྒྱན་པད་མས་གཏེར་དུ་སྦས་པ་དང་གྲྭ་མངོན་དབང་ཕྱུག་འབར་བས་གཏེར་ནས་བཏོན་པ་གཡུ་ཐོག་གསར་མས་རྒྱུད་ཡིག་སྐད་གསར་བཅད་དང་དེ་ཡི་གསེར་མཆན་དང་ཟངས་མཆན་བཏབ་ནས་རྒྱ་བསྐྱེད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ་ཀྱག་ཀྱོག་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་གསང་བ་ཆིག་བརྒྱུད་དང་ནང་དོན་གབ་སྦས་ཀྱི་ཚུལ་དུ་གནས་པའང་རྒྱུད་བཞིའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན་ནོ། །
མདོར་ན་ལོ་རྒྱུས་ཀྱི་རླུང་ཁ་རུ་གཡུ་ཐོག་པའི་རྒྱུད་བཞི་ཞེས་གྲགས་ཅིང་དོན་ལ་འཁྲུལ་མེད་པར་མགོ་ནས་རྟིང་པའི་བར་གྱི་ན་ཚ་རྣམས་ཆད་མེད་གསལ་ལེར་བསྟན་ཡོད་ལ་ཚིག་དོན་གང་གིས་ཆ་ནས་བལྟས་ཀྱང་ཤིན་ཏུ་ལེགས་ཅིང་ཟློས་སྐྱོན་དང་ནོར་འཁྲུལ་བ་མེད་པ་ཞིག་ཡིན་ལ་འདི་ཡི་མཛད་མཁན་སྐོར་ལ་བཞེད་པ་མི་མཐུན་པ་མང་ཡང་ཟུར་མཁར་གློ་གྲོས་རྒྱལ་པོ་དང་མཁས་དབང་བྱམས་པ་འཕྲིན་ལས་མཁན་ཆེན་ཚེ་རྣམ་ལ་སོགས་པའི་མཁས་ཆེན་ཉི་ཟླ་དང་འདྲ་བ་དག་གིས་གཡུ་ཐོག་རྙིང་མར་བཞེད་ཅིང་གསར་མས་རྒྱ་བསྐྱེད་དང་འཕེལ་རྒྱས་བཏང་བ་ཡིན་【3】ཞེས་ཞལ་གཅིག་ཏུ་མཐུན་པ་སྣང་བ་ལྟར་དོན་ལའང་དེ་ལྟར་ཏུ་གནས་པར་བསམ་མོ། །

དཔྱད་གཞིའི་ཡིག་ཆ།
༡.【1】 གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༩༣ལོར་ལྷ་སར་དཔར། ཤོག་ངོས། 667
༢.【2】 བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱི་མཛད་པའི་མན་ངག་གསེར་བྲེ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༢༠༠༥ལོའི་ཟླ་༨ལྷ་སར་དཔར། ཤོག་ངོས 14
༣.【3】 མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༢༠༡༣ལོའི་༣པེ་ཅིང་དུ་དཔར། ཤོག་ངོས། 8

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2507