དང་པོ།  གཡུ་ཁོག་ཅེས་པའི་མིང་དང་དེའི་རྒྱབ་ལྗོངས། 

      དེ་ཡང་ཁ་དཔེ་ཞིག་ལ།  རང་ཡུལ་གད་པ་ཡིན་ཡང་སྐྱིད་སྣང་འཆར་ཟེར་བ་ལྟར་ངས་ཀྱང་དང་པོར་རང་ཡུལ་གྱི་མིང་གི་ཐོག་ཚུལ་གྱི་སྐོར་ནས་ཅུང་ཟད་ལབ་པར་འདོད་ལ།  ད་ལྟ་མང་དག་ཅིག་གིས་གཡུ་ཁོག་ཟེར་ཞིང་འབྲི་སྲོལ་ཡང་འདི་འདྲ་ཞིག་ཆགས་འདུག   འདི་ལྟར་འབྲི་མཁན་དང་འདི་ལྟར་འདོད་མཁན་དག་གིས་ནི་ཕལ་ཆེར་ལྷ་སྒྲུང་ཞིག་ལ་བློ་བཅོལ་ནས།  དེ་ལྟར་རྗེས་སུ་ཞེན་སོང་བ་རེད་བསམ།  ངས་བསམ་ན་གནའ་སྔ་མོ་ནས།  གནའ་མི་རྒན་པོ་དག་གི་ངག་ན་འདི་འདྲ་ཞིག་ཀྱང་བཤད་སྲོལ་ཡོད་དེ།  གཅན་གཟན་གཡི་དཀར་གྱི་པགས་པ་བརྐྱངས་པ་ལྟ་བུའི་ཡུལ་གྲུ་འདི་ཡི་མིང་ལ་གཡི་ཁོག་ཅེས་འབོད་ཟེར།  གཡུ་ཁོག་ཡུལ་ནས་མཚར་བའི་སྔོན་བྱོན་མཁས་དབང་དག་གི་མཛད་པའི་གནས་ཡིག་དང་རང་རྣམ་སོགས་ན་ད་དུང་གཡུ་ཁོག་ཅེས་པ་འབྲི་སྲོལ་འདི་འདྲ་ཞིག་ཀྱང་འདུག  “དབྱི་ཁོག” ཅེས་མཐོང་མོད་དེ་ནི་གཅན་གཟན་གཡི་ཞེས་པའི་འབྲི་སྲོལ་དང་འདྲ་བོ་རེད། བཤད་ཡམས་གཞན་ཞིག་ཀྱང་འདུག་སྟེ་གཡུ་ཁོག་ལ་གཡང་ཊི་བརྗོད་མཁན་ཡོད་པར་སྣང་།  མིང་དེ་དག་གི་རྒྱབ་ལྗོངས་ནས་ང་ཚོས་མཇལ་ཐུབ་པ་ཞིག་ཡོད་པ་ནི། གཡུ་ཁོག་ཅེས་པའི་ལུང་པ་འདི་ཉིད་ཡིན་པས།  དེས་ན་སོ་སོ་རང་གིས་དཔྱད་པའི་ཡུལ་དུ་བྱ་བ་ལས་འདི་ཞེས་ཁ་ཚོན་གཅོད་མི་རུང་བ་ཡང་ཤེས་ན་འགྲིག་སྙམ། ང་རང་གིས་གཡུ་ཁོག་ཅེས་འདི་ལྟར་འབྲི་དགོས་པ་ནི་རང་ཉིད་གཡུ་ཁོག་ཟེར་བའི་ཡུལ་ལུང་འདི་གའི་ངོ་སྤྲོད་པ་ཅིག་ཡིན་པའི་ངོས་ཐད་ནས་འདི་ལྟར་མི་འབྲི་ཐུ་མེད་དུ་གྱུར།

གཉིས་པ།  གཡུ་ཁོག་ཅེས་པ་གང་ན་ཡོད། 

       སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་གི་ཤར་རྒྱུད་དུ་གཏོགས་པའི་རྟའུ་རྫོང་དང་བར་ཐག་སྤྱི་ལེ་༦༥ཡོད་པའི་འབྲོག་སྡེ་ཞིག་གི་མིང་ལ་གཡུ་ཁོག་ཅེས་འབོད།  སྟོད་ན་གངས་དཀར་གྱི་རི་བོ་བརྗིད་ཅིང་།  བར་ན་མཚོ་དང་མཚེའུ་ནགས་ཚལ་དང་རི་ཀླུང་རྩྭ་ཐང་སོགས་སྣ་ཚོགས་རང་བྱུང་གི་བཀོད་པས་ཡིད་དབང་བར་མེད་དུ་འཕྲོག  སྨད་ན་འབྲུ་རིགས་སྣ་ལྔའི་ཞིང་ས་དང་བོད་འབྲོག་མཐོ་སྒང་གི་ཁང་ཁྱིམ་བཀོད་ལེགས་ཤིང་ལྟ་ན་སྡུག་པ་མདོར་ན་ཕྱི་ནང་གི་མཛེས་པས་སེམས་ཁ་གང་ཐུབ་པའི་ཡུལ་ལུང་འདི་གའི་མིང་ལ་སྔོན་ཆད་གཡུ་ཁོག་མངའ་རིས་ཞིང་ཁམས་ཞེས་འབོད་དོ། །  འདི་ལྟར་ཡང་བཤད་སྲོལ་ཡོད་དེ།  “ཤར་ན་མདོ་མུར་ཤོག་གསུམ། ལྷོ་ན་མི་ཉག་དང་ཏྲེ་ཧོར།   ནུབ་ན་ལི་གཙང་སྟོད་སྨད།  བྱང་ན་རྒྱལ་རོང་ཁྲོ་སྐྱབས།” བཅས་ཀྱིས་བསྐོར་བའི་ཡུལ་དབུས་ན་མངོན་པར་མཛེས་པའི་ཡུལ་གྲུ་འདི་ཀ་ནི་གཡུ་ཁོག་དངོས་སྣང་རྩྭ་ཐང་ཆེན་མོ་ཡིན་ནོ།།

གསུམ་པ།  གཡུ་ཁོག་ཡུལ་གྱི་དྲོད་ཚད་དང་མཚོ་འཕགས། 

གཡང་གི་སྤར་ཁ་མ་ལུས་ཀུན་ཚང་གི་གནས་མཆོག་གཡུ་ཁོག དུས་བཞིའི་རི་མོའི་ཚོན་མདངས་དེས་མི་སེམས་དབང་མེད་དུ་འཕྲོག་པའི་གནས་མཆོག་གཡུ་ཁོག  ཉི་མ་གསེར་པོའི་ཞལ་མདངས་ཀྱིས་རི་ལུང་དག་གསལ་གསལ་ངང་མཇལ་ཐུབ་ལ། ཟླ་བ་དཀར་པོའི་གྲིབ་བསིལ་གྱིས་ཡུལ་གྲུ་འདི་ཉིད་ལ་ལྷིང་འཇགས་ཀྱི་གནས་མལ་གསར་བ་རེ་རེ་ཡང་བྱིན་ཐུབ།  གནས་འདི་ཉིད་ནི་གངས་རི་དཀར་པོའི་ཉེ་སར་བཅར་ཡོད་ལ།  གཡུར་དུ་ཟ་བའི་འབྲུ་རིགས་སྣ་ལྔ་བཞད་པའི་ཞིང་ས་ཡང་ཡོད་ཟེར་ན། གང་ཟག་སུ་ཡིན་ཡང་གནས་འདི་ཉིད་ཀྱི་དྲོད་ཚད་དང་མཚོ་འཕགས་ཤེས་ན་ལོས་འདོད།  ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་༣.༩°cདང་། མཐོ་ཤོས་༢༨.༣°cཡིན་ལ། དམའ་ཤོས་དེ་-༢༥.༦°cཡིན།  རི་མཐོན་པོ་སྤྲིན་དཀར་གྱི་ལ་ཐོད་ནབས་མཁན་ཡང་ཡོད་ལ། ཐང་དམའ་མོ་ལོ་ལེགས་ཀྱི་འབྲས་བཟང་ཁུར་མཁན་ཡང་ཡོད།  རྒྱ་མཚོའི་ངོས་ནས་ཆ་སྙོམས་མཐོ་ཚད་སྨི་༣༧༠༠ཡོད་པའི་མཐོ་སྒང་གི་ས་ཡི་ཆར་གཏོགས་ཤིག་ཡིན། གཡུ་ཁོག་ས་ཆ་ནི་ཁོད་སྙོམས་ལ་ནགས་ཚལ་དང་རྩྭ་ཐང་སོགས་བཀོད་ལེགས་པས་ཡུལ་ལུང་འདི་ག་ན་འཚོ་བའི་མི་དག་གིས་ལྷ་ཡུལ་ཞེས་ཀྱང་འབོད།

བཞི་པ།  གཡུ་ཁོག་ཡུལ་གྱི་རི་ལུང་ཐང་གསུམ།

     གནའ་སྔ་མོའི་དུས་ནས་རྔམ་བརྗིད་ལྡན་པའི་རི་དག་ནི་ལྷང་ངེར་ཡུལ་གྲུ་འདི་ན་ཡོད་ལ། རི་ལ་རྫ་རི་དང་ནགས་རི། སྤང་རི་དང་བྲག་རི་སོགས་རི་རྒྱུད་ཆེ་ཆུང་དུ་མས་རྣམ་པར་བཀྲ། སྟོད་ན་གངས་རི་དཀར་པོ་དཔང་མཐོ་ལ།  འདབས་འཁོར་ན་རི་ཕྲན་མང་པོས་བརྒྱན་པ། རི་དག་གི་དབྱིབས་ཀྱང་བཀྲ་ཤིས་རྟགས་བརྒྱད་དང་ནོར་བུ་རིན་པོ་ཆེའི་དབྱིབས་ཅན། སྲོག་ཆགས་སོགས་ཀྱི་དབྱིབས་ཅན་དུ་མ་མཇལ་ཏུ་ཡོད།  རི་དག་གི་བར་མཚམས་སུ་ལུང་པ་ཆེ་ཆུང་ཡང་མང་པོ་ཡོད་དེ། ཆུ་དཀར་ཁོག་དང་ཆུ་དམར་ཁོག  ཆུ་དབར་ཁོག་དང་ཆུ་ལུང་ཁོག  ཨུག་ཚང་ཁོག  ཨ་སེན་ཁོག་དང་བེའུ་ཁོག  སྒེག་ཁོག  འཁྱིལ་ཆེན་ཁོག་དང་གཡུ་རོང་ཁོག་སོགས་གཡུ་ལུང་རིང་མོའི་སྟོད་སྨད་ཀྱི་ལུང་པ་ཆེ་གྲས་ཁག་ཡིན།  སྤྱིར་གཡུ་ཁོག་ཡུལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་ནི་སྟོང་སྨི་ངོས་གྲུ་བཞི་མ་༡༨༤༦ལྷག་ཅིག་ཡོད། ཐང་ཆེན་དང་ཐང་ཆུང་ཡང་དུ་མ་ཡོད་དེ། ཆུ་ལུང་ཐང་དང་ཆོས་ཁྲིའི་ཐང་།  མཁན་ལུང་ཐང་དང་ཆོས་དུང་ཐང་། སྒེག་གི་ཆུ་ཐག་ཐང་དང་འཁྱིལ་ཆེན་ཤོ་རྡེའུ་ཐང་། ཏཱ་རེའི་རྒྱལ་ཐང་གཡུ་མཁར་རལ་གྲིའི་ཐང་།  དགོད་བྲོའི་ཐང་དང་སྦྲེའུ་རིལ་ཐང་སོགས་བདེ་ལ་འཇམ་པའི་སྤང་ལྗོངས་སྣ་ཚོགས་ཀྱིས་གཡུ་ཁོག་ཡུལ་འདི་མཛེས་པར་བྱས་ཡོད།

ལྔ་པ།  གཡུ་ཁོག་ཡུལ་གྱི་སྲོག་ཆགས་དང་ཆུ།

      གཡུ་ཁོག་ཡུལ་འདིར་ཡང་སྡེར་ཆགས་གཅན་གཟན་དང་འཕུར་རྩལ་ལ་དབང་བའི་བྱ་རིགས། རི་ལུང་ལ་ཉུལ་བའི་རི་དྭགས་དང་སྒོ་ཕྱུགས་སོགས་སྲོགས་ཆགས་ཀྱི་རིགས་ཡང་དུ་མ་ཡོད་དེ། སྟག  གཟིག  དོམ། དྲེད། སྤྱང་ཀི  འཕར་བ། གཡི་ལ་གཡི་དཀར་དང་གཡི་དམར་གཡི་སེར་གཡི་སྔོན།  སྤྲེའུ།  ཝ།  གུང་།  གསའ་སོགས་སྡེར་ཆགས་གཅན་གཟན་དང་།   རྒོད་ཐང་དཀར་དང་ཐང་ནག  གླག་ཁྲ་དང་གླག་རོག་མོ། ནེ་ལེ་དང་གོ་བོ། ཁྲ་དང་ཕོ་རོག ཕུག་རོན་དང་སྐྱ་ཀ འུག་པ་སོགས་འཕུར་རྩལ་ལ་དབང་བའི་བྱ་རིགས་ཆེ་གྲས་དང་། འདབ་ཆགས་ཆུང་གྲས་ཡང་དུ་མ་ཡོད་དེ། འཇོལ་མོ་དང་ཅོ་ཀ ཁུ་བྱུག་དང་ཐིང་རིལ་གྱོ་མོ། གོང་མོ་སོགས་འདབ་ཆགས་ཆུང་ཆུང་གི་རིགས་ཡང་མང་ངོ་།། དུས་རྒྱུན་རྩྭ་ཆུའི་བཅུད་ལ་རོལ་བའི་སྒོ་ཕྱུགས་དང་རི་དྭགས།  སྒོ་ཕྱུགས་རྟ་ནོར་ལུག་གསུམ།  རི་དྭགས་ཤ་སྐྱ་དང་ཤ་ནག  གླ་སྐྱ་དང་གླ་ནག  གནའ་བ་དང་དགོ་བ། ཁ་ཤ་དང་ཤ་རྒྱ། ར་རྒོད་དང་ཕག་རྒོད་སོགས་སྲོགས་ཆགས་དུ་མས་གཡུ་ལུང་རིང་མོའི་རི་ཆུ་ཀུན་ལ་ལོངས་སྤྱོད་ཀྱིན་གདའ་འོ།།  གཡུ་ཁོག་ཡུལ་ནས་རྡོལ་ཞིང་གཡུ་ཁོག་ཡུལ་ན་བཞུར་གྱིན་པའི་གཡུ་ཆུ་སྔོན་མོའི་ནང་ལ་ཆུ་ཕྲན་ཆེ་ཆུང་དུ་མ་འབབ་བཞིན་ཡོད་ལ། མངར་བ་དང་། བསིལ་བ། འཇམ་པ། ཡང་བ། དྭངས་པ། གཙང་བ། མགྲིན་པ་ལ་མི་གནོད་པ། ལྟོ་བ་ལ་ཕན་པའི་ཆུ་བོ་ཡན་ལག་བརྒྱན་ལྡན་གྱི་ཡོན་ཏན་ཀུན་ཚང་གི་གཡུ་ཁོག་ཡུལ་གྱི་ཆུ་ཕྲན་དེ་དག་གཅིག་ཏུ་འདུས་ཏེ་གཡུ་ཆུ་སྔོན་མོར་གྲུབ་ཅིང་ཀྱག་ཀྱོག་གི་གཡུ་ལུང་རིང་མོའི་སྟོད་ནས་སྨད་དུ་དལ་དུལ་ངང་བཞུར། ད་དུང་དེ་ལས་ཀྱང་ངོ་མཚར་བ་ཞིག་ལ་ཡུལ་ལུང་གཞན་ན་ཡོད་དཀོན་པའི་ཆུ་ཚན་ནམ་ཚ་ཆུ་དེ་ཉིད་གཡུ་ལུང་རིང་མོའི་མཛེས་རྒྱན་དུ་བཞད་ཡོད།  གཡུ་ཁོག་ཡུལ་གྱི་གནའ་མྱི་དག་གི་དུས་རྒྱུན་ལུས་ཁྲུས་བྱས་ཐུབ་ཡོད་ལ། གཡུ་ཁོག་གི་གནའ་མྱི་དག་གིས་ནི་ཁྲུས་རྫིང་དྲོ་གྲང་འཇམ་པ་དེ་དག་གི་རིན་ཐང་དང་ནུས་པ་སོགས་རྟོགས་ཡོད་པར་མ་ཟད།  ད་དུང་གནའ་མྱི་དག་གིས་ཁྲུས་རྫིང་དེ་ཉིད་ཀྱི་ཕན་ནུས་དང་ཡོན་ཏན་བཤད་སྐབས་ཡིད་འགུལ་ཐེབས་པ་ཞིག་ཀྱང་ཡིན་ནོ།། གནའ་ནས་ཆུ་ལ་རྒྱུག་ཆུ་དང་འཁྱིལ་ཆུ་གཉིས་སུ་འདུག  འཁྱིལ་ཆུ་ཟེར་བ་དེ་མཚོ་དང་མཚེའུ་སོགས་ལ་གོ་བ་དང་རྒྱུག་ཆུ་ཟེར་བ་དེ་རི་ལུང་དག་བརྒྱུད་ནས་མཐའ་ཡས་པའི་རྒྱ་མཚོ་ཆེན་པོར་བཞུར་གྱིན་པ་དེ་ཡི་མིང་ལ་ཟེར་བཞིན་གདའ།  གཡུ་ཁོག་ཡུལ་ནའང་མཚོ་དང་མཚེའུ་སྣ་ཚོགས་པ་ཞིག་འདུག་སྟེ། མཚོ་ལ་གཡུ་མཚོ་དང་དངུལ་མཚོ།  གསེར་མཚོ་{དགྱེས་ཡུལ་ལྷ་མཚོའམ་གྱོ་ཡིས་མཚོ་}དང་དབོབ་མཚོ།  མཚོ་ནག་དང་མཚོ་ལུང་གོང་འོག  རྀ་ཥི་མཚོ་དང་དར་ལྕོག་མཚོ།  མཚོ་ཆུང་དང་མཚོ་ལུང་། རོང་པད་མཚོ་དང་རྡོ་ཕྲེང་མཚོ།  ཚ་ནག་མཚོ་དང་ཐང་མོ་མཚོ།  ཁ་ཟའི་མཚོ་དང་རྣ་ལུང་གོང་མའི་མཚོ་སོགས་དུས་གཏན་དུ་ལྗང་མེར་མེར་འཁྱིལ་ཡོད་ལ། ད་དུང་ལུང་པ་རེ་ཟུང་ན་མིག་དབང་འཕྲོག་ལ་ཡིད་དབང་འགུག་པའི་རྦབ་ཆུ་ཡང་སྣ་ཚོགས་པ་ཞིག་གཡང་གཟར་དག་ན་དྲག་ཏུ་འཕྱོ་བཞིན་འདུག་གོ།

དྲུག་པ།    གཡུ་ཁོག་ཡུལ་གྱི་རྩི་ཤིང་དང་མེ་ཏོག

     དེ་ཡང་གཡུ་སྟོད་ནས་གཡུ་སྨད་བར་གྱི་ཉིན་སྲིབ་ཀུན་ན་རྩི་ཤིང་དང་མེ་ཏོག་གིས་ཚང་ཚིང་འཁྲིགས་ཤིང་ནེའུ་གསིང་དང་སྐྱེད་ཚལ་གྱིས་བར་ཏུ་མཛེས། ནགས་ཚལ་གྱི་སྤྱིའི་རྒྱ་ཁྱོན་སྨི་ཁྲི་ཉི་ཤུ་ལྷག་ཟིན་ཡོད་པ་དང་དེའི་ནང་ན་གསོམ་ཤིང་དང་ཤུག་པ། སྲ་ཤིང་དང་བེ་ཤིང་།  ལྕང་མ་དང་གླང་མ།  སྟག་པ་དང་སྟག་མ།  སུར་དཀར་དང་སུར་ནག་སོགས་རྩི་ཤིང་གིས་ཚང་ཚིང་རྒོད།  གཡུ་ཁོག་ཡུལ་ལ་སོས་ཀ་གསར་བའི་དུས་ཚིགས་བཞད་པ་ན། དཀར་དམར་སྣ་ཚོགས་པའི་མེ་ཏོག་གིས་རི་ལུང་མཐའ་དག་གང་ནས་རྐང་པ་སྤོ་མི་ཕོད་པ་ལྟ་བུའི་ཚོད་དུའང་སླེབས་སྲིད་ལ། མེ་ཏོག་དེ་དག་གིས་ནི་དྲོད་འཇམ་གྱི་ཉི་ཟེར་སྣུམ་པོ་སྟེང་ལ་གྱོན་ནས།  དྭངས་བསིལ་ཆུ་གཙང་དེ་ཉིད་རྐང་པས་འཐུང་ཞིང་དྲི་ཞིམ་གྱི་རླུང་བུ་འཇམ་པོས་རི་ཀླུང་ཀུན་ཁྱབ་པར་བྱས་ཡོད།  མི་དག་གིས་བཤད་ན་མེ་ཏོག་འདི་དག་ནི་གཞོན་ནུ་མ་ཞིག་དང་འདྲ་བར། དུས་རྒྱུན་ལྭ་བ་དཀར་སེར་དམར་ལྗང་སོགས་དུ་མ་བནབས་ཟེར། ངས་བསམ་ན་གཞོན་ནུ་མ་དེ་དག་གིས་ལུས་ལ་དྲི་ཞིམ་སྣ་ཚོགས་བསྒོས་ནས་མི་དག་གི་མདུན་སར་ཉུལ་གྱིན་ཡོད་པ་དང་ཀུན་ནས་མཚུངས་སོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2494