སྙིང་ཉེ་བའི་གཅེས་ཕྲུག་ལགས།  ངས་ད་བར་དུ་ཐ་མག་འཐེན་པར་ཁྱོད་རང་སུན་སྣང་སྐྱེས་བཞིན་ཡོད་ཅིང་། ངས་ཀྱང་ཞེ་བསམ་པའི་ཐ་མག་གཅོད་འདོད་ནའང་། ད་བར་དུ་གཅོད་མ་ཐུབ་པས།  ཧ་ཅང་ངོ་གནོང་དགོས་པ་ཞིག་རེད་ཨང་།
དེ་རིང་ངས་ཁྱོད་ལ་ང་རང་ཐ་མག་འཐེན་པར་ལོབས་པའི་གཏམ་རྒྱུད་ཅིག་འཆད་པར་བྱ།  ཡང་གཅིག་བཤད་ན་ཁྱོད་ལ་ཕན་ཐོགས་ཀྱང་སྲིད།  ༡༩༨༣ལོར། ང་རང་ཕོ་ལོ་བཅུ་དགུར་སོན་པའི་ལོ་དེར། སློབ་ཆེན་སློབ་མའི་འཚོ་བ་རོལ་འགོ་བརྩམས།
ང་ཚོའི་མལ་ཤག་ཏུ་འཛིན་གྲྭ་གཅིག་པའི་སློབ་གྲོགས་བརྒྱད་ཡོད་ཅིང་། དེའི་ནང་གི་སློབ་གྲོགས་གཉིས་ཐ་མག་འཐེན་ལོབས་སུ་སོང་ཡོད། ཁོ་ཚོར་གོམས་སྲོལ་ཞིག་ཡོད་པ་ནི། ཐ་མག་ཕྱིར་ཕྱུང་རྗེས་ནམ་རྒྱུན་ཉེ་འཁོར་གྱི་མི་ཚང་མར་སྟོབ་རྒྱུར་དགའ། དྲང་མོར་བཤད་ན་མི་རེར་ཐ་མག་རྐང་རེ་སྦྱིན་པ་དེ་རེད། འདི་ནི་ཀྲུང་གོ་བའི་འབྲེལ་འདྲིས་ཁྲོད་ཀྱི་སྲོལ་ངན་ཞིག་ཡིན་པས། ཐ་མག་འཐེན་མཁན་གྱིས་ཉེ་འཁོར་གྱི་མི་ཚང་མར་ཐ་མག་མ་བྱིན་ན་ཁོ་རང་གཏོང་ཕོད་ཆུང་བ་བདེན་དཔང་བྱེད་པ་ཡིན། ང་ནི་སྐབས་དེར་རང་གི་ཐུན་མོང་གི་འཚོ་བ་རོལ་མགོ་བརྩམས་མ་ཐག་ཡིན་ཞིང་། དོན་དུ་ང་ཧ་ཅང་འཁོས་ཆུང་ཡིན། ངས་སྤོབས་པ་ཆེན་པོས་དང་ལེན་མ་བྱས་ན་ཆོག་མོད། འོན་ཀྱང་རྗེས་ཕྱོགས་ཀྱི་མིའི་འབྲེལ་བ་བསམས་ཏེ། དང་ལེན་བྱས་ནས་ནོར་འཁྲུལ་ཞིག་བཟོས་སོང་། འདི་ནི་ཆག་སྒོ་ཞིག་གི་མགོ་བརྩམས་པ་སྟེ། ཆག་སྒོ་མང་པོ་ཞིག་གི་མགོ་ཚང་མ་རང་ཉིད་རྒྱུན་འཁྱོངས་བྱེད་མ་ཐུབ་པར་བརྩམས་པ་རེད།

ཡིན་ནའང་། མིས་ཀྱང་མཐུན་ཐབས་བྱེད་དགོས་ལ། རྩ་དོན་ལ་འབྲེལ་བ་མེད་པའི་གནད་དོན་མང་པོའི་སྟེང་། རང་ཉིད་རྒྱུན་འཁྱོངས་བྱེད་མ་ཐུབ་པ་དེ་དོན་དུ་དོན་ངོ་མར་གནད་དོན་ཚབས་ཆེན་ཞིག་མ་རེད། ངའི་གནད་དོན་ནི་རང་ཉིད་རྒྱུན་འཁྱོངས་བྱེད་མ་ཐུབ་པ་དང་ཆབས་ཅིག་ཧམ་སེམས་ཀྱི་ཐོག་ནས་ནོར་འཁྲུལ་ཆུང་ཆུང་ཞིག་ཀྱང་བཟོས་སོང་། དོན་དུ་ཉེ་འཁོར་གྱི་མི་ཕན་ཚུན་ལ་ཐ་མག་སྦྱིན་པ་ནི་ཟོལ་བཅོས་ཀྱི་གཏོང་ཕོད་ཅིག་རེད། གལ་ཏེ་ཐ་མག་སྟེར་མཁན་ལ་དྲིན་ལན་མེད་ན། ཁོས་ཀྱང་ཡང་དང་བསྐྱར་དུ་ཐ་མག་སྟེར་མི་སྲིད། འདི་ནི་རྒྱུན་ཤེས་ཡིན་པ་ཁྱོད་ཀྱིས་ཤེས་ངེས། ངའི་ཧམ་སེམས་ཀྱང་འདི་ན་ཡོད་དེ། མི་ཚང་མས་ང་ལ་ཐེངས་འགར་བྱིན་པར། ངས་ཁོ་ཚོར་ཕྱིར་མ་སྦྱིན་ན་ཅི་ལྟར་ཆོག་གམ། ངས་ཐ་མག་ཉོ་མགོ་བརྩམས་པ་ནི་ཧམ་སེམས་ཀྱིས་བསླུས་པ་ཡིན་ལ། ཧམ་སེམས་ཀྱིས་ང་ལ་ད་དུང་ཐ་མག་ལོབས་མེད་པའི་དུས་སུ་ནམ་རྒྱུན་ཐ་མག་ཉོ་བར་ཚ་འདེད་བྱས་སོང་།

ནོར་འཁྲུལ་བཟོ་བར་ཞེད་མི་དགོས། གཅེས་ཕྲུག ནོར་འཁྲུལ་བཟོ་བ་ནི་ནམ་ཡང་དོན་ཆེན་ཞིག་མ་རེད། འོན་ཀྱང་དོན་དག་ཅིག་ཁྱོད་ཀྱིས་སེམས་ལ་འཛིན་དགོས་སྟེ། བྱེད་སྟངས་ཡང་དག་གིས་རང་ཉིད་ཀྱི་ནོར་འཁྲུལ་ལ་གདོང་གཏོད་ཤེས་དགོས་ལ། ལྷག་པར་དུ་ནོར་འཁྲུལ་སྟེང་ལ་ནོར་འཁྲུལ་བརྩེགས་པའི་བྱེད་སྟངས་ཀྱིས་རང་གི་ནོར་འཁྲུལ་ཡོ་བསྲང་བྱ་མི་རིགས། དངོས་གནས་ཅི་ལྟར་གདོང་གཏོད་དགོས་པ་མི་ཤེས་ན། ཁྱོད་ཀྱིས་གདོང་མི་གཏོད་རྒྱུ་བདམས་པས་དགའ།

ང་ལ་ཐ་མག་ཅི་ལྟར་ལོབས་པ་ཡིན་ནམ། འདི་ནས་གཤམ་དུ་ངས་ཁྱོད་ལ་འཆད་པར་བྱ་སྟེ།   སློབ་གྲྭའི་ནང་དུ་ཐ་མག་བཀག་ཡོད་པས།  ཉིན་དཀར་འཐེན་མི་ཆོག་ལ།  ངའི་ཐ་མག་ནམ་རྒྱུན་གློ་ཁུག་ཏུ་ཁྱེར་མེད། དེས་ན་གང་དུ་བཞག་ཡོད་དམ། སྔས་འགྲམ་དུ་སྦས་ཡོད།  ཉིན་ཞིག་ཁྱོད་ཀྱི་སྤོ་བོ་སྟེ།   ངའི་ཨ་ཕ་དབྱང་ཀྲིའུ་རུ་ཚོགས་འདུར་ཕེབས་བྱུང་བ་དང་།   ཚོགས་འདུའི་བར་གསེང་ནས་ཁོང་ང་ལ་སྐོར་རྒྱུག་ཏུ་ཡོང་།   ཁྱོད་ཀྱི་སྤོ་བོ་ངའི་མལ་ཁྲིའི་འགྲམ་དུ་ཙོག་ནས་ང་དང་ཁ་བརྡ་བྱེད་པའི་སྐབས་དེར། ངས་གློ་བུར་དུ་སྔས་འགྲམ་གྱི་ཐ་མག་མཐོང་བྱུང་། སྦ་འདོད་ཀྱང་འཕྱིས་དྲགས་སོང་། ངས་ཁྱོད་ཀྱི་སྤོ་བོའི་རྣམ་འགྱུར་ལ་བལྟས་ན། ཁོང་གིས་མཐོང་ཡོད་མོད། ཡིན་ནའང་ཅི་ཡང་མ་གསུངས། ཁྱོད་ཀྱིས་ཤེས་གསལ་ལྟར། ཁྱོད་ཀྱི་སྤོ་བོས་ཡང་ཐ་མག་འཐེན་ནའང་། འདིས་རང་གི་བྱིས་པར་ཐ་མག་འཐེན་པར་ཡིད་འཐད་བྱུང་བ་མཚོན་མི་ཐུབ། ཁོང་གིས་ངས་ཐ་མག་འཐེན་པའི་དོན་དག་འདི་ཅི་ལྟར་ཐག་གཅོད་དམ། ང་རང་ཚེར་གསེང་དུ་སྡོད་པ་བཞིན་ཧ་ཅང་སྐྲག་སྣང་སྐྱེས་ཤིང་། དོན་དུ་ངང་སྒུག་བྱས།

དུས་ཡུན་སྐར་མ་བཅུ་ལྷག་འདི་ལྟར་འདས་སོང་།  ང་འཚབ་སྣང་ཆེན་པོ་སྐྱེས།  སྐར་མ་བཅུ་ལྷག་གི་རྗེས་སུ། ཁྱོད་ཀྱི་སྤོ་བོས་ཐ་མག་ཕྱིར་ཕྱུང་། ནང་ནས་རྐང་གཅིག་བཏོན་ཏེ་ཐེ་ཚོམ་གྱི་རྒྱ་རུ་ཚུད། མཐའ་མར་ཁོང་གིས་ཐ་མག་ཁ་རུ་མ་བཙུགས་པར་ངའི་མདུན་གྱི་ཅོག་ཙེ་ངོས་སུ་བཞག ཐ་མག་རྐང་དེའི་ཕྱེད་ཙམ་ཅོག་ཙེའི་ངོས་སུ་ཡོད་ཅིང་ཕྱེད་ཀ་བར་སྣང་དུ་ཡོད། གཅེས་ཕྲུག ངའི་རེ་བ་ནི་ཁྱོད་ཀྱིས་དོན་ཕྲན་འདིའི་གནས་ཚུལ་ཞིབ་མོར་མཉམ་འཇོག་དགོས་ཏེ། ཁྱོད་ཀྱིས་སྤོ་བོས་ཐ་མག་དེ་ཁྱོད་ཀྱི་ཨ་ཕའི་ལག་ཏུ་མ་བཞག་པར་ཅོག་ཙེའི་ངོས་སུ་བཞག་སོང་། དེའི་རྗེས་ཁྱོད་ཀྱི་ཨ་ཕས་ཐ་མག་ལག་ཏུ་བླངས་པར་ཁྱོད་ཀྱི་སྤོ་བོས་སྐུ་དངོས་ཀྱིས་ཁྱོད་ཀྱི་ཨ་ཕའི་ཐ་མག་ལ་མེ་བསྒྲོན་པ་རེད།

ད་ལྟ། ངས་སྐབས་དེའི་སེམས་ཚོར་མཐའ་དག་གང་ནུས་ཀྱིས་ཁྱོད་ལ་བཤད་པར་འདོད། ཁྱོད་ཀྱི་སྤོ་བོས་ཁྱོད་ཀྱི་ཨ་ཕར་ཐ་མག་མེ་སྒྲོན་སྐབས། ཁྱོད་ཀྱི་ཨ་ཕ་ཅུང་ཙམ་མིན་ན་ངུས་བྱུང་། ཁོས་སེམས་ཤུགས་ཡོད་རྒུ་བཏོན་པས་ད་གཟོད་མིག་ཆུ་མ་ཕུད། ཁྱོད་ཀྱི་ཨ་ཕས་ངང་ཚུལ་འདི་སེམས་འགུལ་ཐེབས་པའི་བྱ་འགུལ་ཞིག་ཏུ་ངོས་བཟུང་ཡོད་དེ། ཁོང་ནི་སྐྱེས་པ་ངོ་མ་ཞིག་ཡིན་པས། རང་གི་སྐྱེས་པའི་ཐོབ་ཐང་རྩ་བ་ནས་གཏན་ལ་འཁེལ་སོང་།  དོན་དངོས་སུ་འདི་ནི་ནོར་འཛོལ་གྱི་བརྡར་ཤ་ཞིག་རེད།

ཐོག་མར་ང་ཚོས་གཞན་ཞིག་བཤད་པར་བྱ་སྟེ། ཁྱོད་ཀྱིས་ཀྱང་ཤེས་སྲིད་ཅིང་། ང་རང་ཁྱོད་ཀྱི་ཨ་ཕ་ཡིན་པའི་ཆ་ནས་ཁྱོད་ལ་སྐྱོན་བརྗོད་བྱས་མྱོང་། ཡིན་ནའང་ཁྱོད་ཀྱིས་མཉམ་འཇོག་བྱས་ཡོད་མེད་མི་ཤེས། ཨ་ཕས་ཕལ་ཆེར་མི་གཞན་པའི་སྔུན་ནས་ཁྱོད་ལ་སྐྱོན་བརྗོད་བྱས་མ་མྱོང་། ཁྱོད་ལའང་རང་གི་ལ་རྒྱ་ཡོད་པས། ཨ་ཕར་ཁྱོད་ཀྱི་གྲོགས་པོའི་མདུན་ནས་དེ་འཕྲོག་པའི་དབང་ཆ་མེད། དེ་དང་འདྲ་བར་ཁྱོད་ཀྱི་སྤོ་བོ་ཡང་ངས་ཐ་མག་འཐེན་པར་གཏན་ནས་མི་འཐད་ཀྱང་། སྐབས་དེའི་ཁོར་ཡུག་ཁྱད་པར་བ་ལ་འདང་རྒྱག་དགོས་ཤིང་། ཁོང་གིས་ཀྱང་སློབ་གྲོགས་དེ་འདྲའི་མང་པོའི་མདུན་ནས་རང་གི་བྱིས་པར་གཤེ་མི་སྲིད། ངས་རེ་བ་ནི་ཁྱོད་ཀྱིས་ཀྱང་འདི་ཙམ་ཤེས་ན་འདོད་ཡོད།

ཨ་ཕར་གྱུར་བའི་སྐྱེས་པ་ཚང་མ་འདི་ལྟར་ཡིན་ཏེ། སྤྱི་ཚོགས་ཁོར་ཡུག་ནང་། རང་གི་བྱིས་པ་དང་ཇི་ལྟར་འགྲོགས་འདྲིས་བྱེད་པར། ཁོའི་བྱ་སྤྱོད་དང་དྲན་ཚུལ་དངོས་མའི་བར་དུ་ཁྱད་པར་ཡོད་ཅིང་། ཐ་ན་འགལ་ཟླའང་ཡིན། འདིའི་ནང་དུ་ཡོངས་ཁྱབ་ཀྱི་གསང་བ་ཞིག་ཡོད་དེ། ཨ་ཕ་ཡིན་པའི་དབང་གིས་ནམ་ཡང་རང་གི་བྱིས་པར་སྲུང་སྐྱོབ་བྱེད་པ་དེ་ཡིན་ནའང་།  འདིས་བྱིས་པའི་བྱ་སྤྱོད་འོས་འཚམ་ཡིན་པ་མཚོན་མི་ཐུབ།
ངས་ཁྱོད་ལ་གསལ་བོར་བཤད་འདོད་པ་ནི། ཨ་ཕའི་བརྩེ་བ་ནི་ཨ་ཕའི་བརྩེ་བ་ཡིན་ལ། ཨ་མའི་བརྩེ་བ་ཡང་ཨ་མའི་བརྩེ་བ་རང་རེད། དེ་དག་རིན་ཐང་ཅི་འདྲ་ཆེ་རུང་། དེ་དག་གིས་མི་ཚེའི་གཏན་ཚིགས་གྲུབ་པར་གཞིར་འཛིན་མི་རུང་།

ངས་ཁྱོད་དང་བསམ་འཆར་བརྗེ་རེས་བྱེད་འདོད་པའི་སྐོར་ཡང་དོན་དུ་འདི་རུ་ཡོད་དེ། ངའི་བསམ་ཚུལ་ངོ་མ་དེ་ཡིན།   ཁྱོད་ཀྱི་སྤོ་བོས་ཁྱོད་ཀྱི་ཨ་ཕར་ཐ་མག་མེ་སྒྲོན་དུས། ཁྱོད་ཀྱི་ཨ་ཕ་ཅུང་ཙམ་གྱིས་ངུས་བྱུང་ཞེས་ངས་ཁྱོད་ལ་བཤད་མྱོང་།  སྐད་ཅིག་དེའི་ངང་ཚུལ་དངོས་གནས་སེམས་འགུལ་ཐེབས་པ་ཞིག་ཡིན་པས། ངས་རང་གི་མི་ཚེ་གང་བོར་བརྗེད་ཐབས་མི་འདུག སྤྱིར་བཏང་གི་གནས་ཚུལ་ལ་བལྟས་ནས་བཤད་ན། མི་རྣམས་ལ་དུས་རྒྱུན་དུ་གོ་འཛོལ་གྱི་བརྡར་ཤ་གཅོད་སྟངས་ཤིག་ཡོད་དེ། སེམས་འགུལ་ཐེབས་པའི་ངང་ཚུལ་ཁྲོད་ངེས་པར་དུ་རིན་ཐང་ལྟ་བའི་ངོས་ནས་ཚུལ་མཐུན་རིང་བཞིན་ཞིག་གནས་པ་གཏན་འཁེལ་བྱས་ཡོད། འཚོ་བ་ནི་འདི་ལྟར་མིན་ཏེ། གཅེས་ཕྲུག ཡིན་མི་སྲིད། མི་ཚང་མར་བརྩེ་བ་ཡོད་ཅིང་།  ལྷག་པར་དུ་གཉེན་ཉེ་བར་ལ་བརྩེ་བ་ཡོད་པས། མཚམས་རེར། ཆེས་མི་སེམས་སྒུལ་བའི་བརྩེ་བ་དྲོན་མོས་ནམ་རྒྱུན་ནོར་འཁྲུལ་གྱི་ཚོར་བ་སྟེར་ལ། ང་ཚོས་མཉམ་དུ་ཆེས་ཡང་དག་པའི་དོན་དག་བསྒྲུབས་ཡོད། ཁྱོད་ཀྱི་ཨ་ཕས་ཁྱོད་ཀྱི་སྤོ་བོས་ཐ་མག་མེར་བསྒྲོན་པ་དེ་ཁོའི་ནར་སོན་པའི་ལེགས་སྐྱེས་སུ་བསམས་ཡོད་ཅིང་། འདི་ནི་དོན་དུ་ཁྱོད་ཀྱི་ཨ་ཕའི་མོས་འདུན་ཕྱོགས་རེ་བ་དེ་རེད། གལ་ཏེ་ཁྱོད་ཀྱི་སྤོ་བོས་ཁྱོད་ཀྱི་ཨ་ཕའི་སྐབས་ཐོག་དེའི་ནང་སེམས་ཀྱི་འགྱུར་བ་ཤེས་ཡོད་ཚེ། ཁོང་གིས་དེ་ལྟར་བསྒྲུབས་མི་སྲིད། གཏན་ནས་མི་སྲིད། བྱིས་པ་ཞིག་མཐར་ཐུག་ན་སྐྱེས་པ་དར་མ་ཞིག་ཏུ་གྱུར་ཡོད་མེད་དེ། ཐ་མག་རྐང་གཅིག་གིས་ཅིས་ཀྱང་ཐེག་མི་ནུས། དེ་ནི་ཁྱོད་ཀྱི་ཨ་ཕས་སྒྲོ་འདོགས་བྱས་པ་རེད། སྒྲོ་འདོགས་ཀྱིས་བཟོས་པའི་མཇུག་འབྲས་ནི་འདི་ལྟ་སྟེ། ཨ་ཕས་ད་བར་དུ་ད་དུང་ཐ་མག་གཅོད་མ་ཐུབ།

གཅེས་ཕྲུག ཨ་ཕ་ཆེས་སྐྱིད་པའི་ལོངས་སྤྱོད་ནི་ཁྱོད་དང་བསམ་འཆར་བརྗེ་རེས་བྱེད་པ་དེ་ཡིན། སྐབས་དེའི་ཁོར་ཡུག་ཁྱད་པར་བའི་ཁྲོད་དུ་གནས་པས། ཁྱོད་ཀྱི་སྤོ་བོ་དང་ཁྱོད་ཀྱི་ཨ་ཕ་གཉིས་བསམ་འཆར་བརྗེ་རེས་བྱས་པ་མི་ལེགས། ཁྱོད་དང་ཨ་ཕ་གཉིས་ཀྱི་ཁོར་ཡུག་སྐབས་དེ་དུས་ལས་ཧ་ཅང་བཟང་བས། ང་ཚོས་བརྗེ་རེས་གང་ལེགས་བྱ་ཆོག་པ་མིན་ནམ།
 ཟུར་དུ་བཤད་རྒྱུ་ཞིག་ལ། ཨ་ཕས་ཁྱོད་ལ་མཚོན་ནུས་གསལ་བའི་དར་མའི་ལེགས་སྐྱེས་ཤིག་སྟེར་ཁོ་ཐག་ཡིན། མཐར་སྤྲོ་སྐྱིད་ལྡན་པར་སྨོན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2282