ཐིའེ་ཉིང་། མོ། རྒྱ་རིགས། 1957ལོར་ཧོ་པེའི་ཀྲའོ་རྫོང་ནས་སྐྱེས། མིང་དུ་གྲགས་པའི་རྩོམ་པ་པོ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན། རྩོམ་སྟེགས་སྟེང་གི“མཛེས་མ་རྩོམ་པ་པོ”དང་ལ་ལས“བུད་མེད་རིང་ལུགས”ཀྱི་རྩོམ་པ་པོ་ཞེས་འབོད། 1975ལོ་ནས་བརྩམས་ཆོས་སྤེལ་མགོ་བརྩམས་ཤིང་། བརྩམས་ཆོས་གཙོ་བོར་སྒྲུང་རིང《མེ་ཏོག་རྒྱ་སེའི་སྒོ》དང《མེ་ཏོག་གླེན་པ》སོགས་བཞི་དང་། སྒྲུང་འབྲིང་དང་སྒྲུང་ཐུང་ལ《མཚན་མོ་ཨང་བཅུ་གཉིས་པ》དང《སྒྲོག་གུ་མེད་པའི་ཚིལ་ལེན་དམར་པོ》 《རྒྱང་རིང་ཇི་འདྲའི་རྒྱང་ཐག་རིང》སོགས་མང་ལ། “ལོའུ་ཞུན་རྩོམ་རིག་བྱ་དགའ”སོགས་བྱ་དགའ་མང་བོ་ཐོབ་མྱོང་།


དེ་ནི་སློབ་ཆུང་ལོ་རིམ་དང་པོའི་དབྱར་གནང་གི་སྐབས་རེད། ང་རང་པེ་ཅིན་གྱི་རྨོ་མོའི་ཁྱིམ་ལ་མགྲོན་པོར་སོང་། ལོ་བདུན་བརྒྱད་ལ་སོན་དུས་ནི་ཆེས་པྲ་ཆལ་གྱི་དུས་སྐབས་ཡིན་པ་ལས། ཁྱིམ་མཚེས་ཚང་གི་མིང་ལ་ཧྲི་ཞང་ཟེར་བའི་བུ་མོ་ཞིག་ང་ལ་གྲོགས་བསྒྲིག་ཏུ་སླེབས་བྱུང་བས། ངེད་གཉིས་ཀྱི་རྩེད་མོ་སྣ་མང་གིས་རྨོ་མོ་ལགས་ཀྱི་བག་ཡངས་ཀྱི་འཚོ་བ་དཀྲོགས་སོང་།

ཨ་ནེས་རྨོ་མོའི་ཁྱིམ་དུ་ནད་གསོ་བཞིན་ཡོད་ལ། ཁོ་མོ་འུར་ཟིང་གིས་བཟོད་གླགས་མེད་པར་གྱུར། ཉིན་ཞིག་ལ། ཁོ་མོས་ང་ཚོར“ཁྱོད་ཚོར་ཐང་ཆད་རྒྱུ་མེད་པ་ཅི་ཡིན”ཞེས་བཤད་པས། ང་དང་ཧྲི་ཞང་གཉིས་ཀྱིས་ཕན་ཚུན་ལ་ལྟ་ཙམ་བྱས་རྗེས་ཧབ་ཆ་བརྒྱབ། རེད་ཡ། ཅི་ཞིག་ལ་ཐང་ཆད་ཟེར་བ་ཡིན། ཐང་ཆད་ཞེས་པ་དེ་ང་ཚོར་ཇི་འདྲའི་རྒྱང་ཐག་རིང་བ་ལ་ཨང་། སྐབས་རེར་མི་དར་མ་ཚོས“འེ། ཐང་ཆད་ནས་ཤི་ཐལ”ཞེས་བཤད་པ་ཐོས་མྱོང་། ཁོ་ཚོ་ཐང་ཆད་དོན་ནི་ཁོ་ཚོ་མི་དར་མ་ཡིན་པས་རྐྱེན་རེད། ང་ཚོས་གཞི་ནས་དགོད་མཚམས་བཞག་པ་ན། ཨ་ནེས་ཡང“ཧྲི་ཞང་ལ་ཀ་རའི་ཕྱི་ཤུན་འགའ་ཡོད་པ་མིན་ནམ། ཁྱོད་ཚོས་དུས་ཚོད་བཀོལ་ནས་ཀ་རའི་ཕྱི་ཤུན་མི་བསོགས་དོན་ཅི་ཡིན”ཟེར། ངས་ཧྲི་ཞང་གིས་དངོས་གནས་ང་ལ་ཁོ་མོས་བསགས་པའི་ཀ་རའི་ཕྱི་ཤུན་ལ་ལྟ་རུ་བཅུག་པ་དྲན་བྱུང་། དེ་ནི་མཛེས་སྡུག་གི་ཤེལ་ནང་བཞིན་གྱི་ཀ་རའི་ཕྱི་ཤུན་བཅུ་ཁ་ཞིག་ཡིན་ལ། དཔེ་ཆ་སྲབ་བུ་ཞིག་གི་བར་དུ་བཙིར་ནས་འདུག   ཡིན་ཡང་ང་ཁོ་མོའི་ཀ་རའི་ཕྱི་ཤུན་ལ་སྤྲོ་བ་མི་འདུག་ལ། ཀ་རའི་ཕྱི་ཤུན་ལ་རྩེད་རིན་ཅི་ཞིག་ཡོད་པའང་མི་ཤེས་སོ།། འོན་ཀྱང་། ཧྲི་ཞང་ལ་སྤྲོ་བ་འཕེལ་ནས“ཁྱེད་ཀྱིས་ང་ཚོར་ཀ་རའི་ཕྱི་ཤུན་བསོགས་སུ་འཇུག་དོན་ཅི་ཡིན”ཞེས་དྲིས་པས། “ཀ་རའི་ཕྱི་ཤུན་སྟོང་གཅིག་བསོགས་ཐུབ་ཚེ། ཨ་ནེས་གློག་སྒུལ་ཁྱི་གུ་ཞིག་ལ་བརྗེ་བར་བྱེད། ཝང་ཝང་སྒྲོག་ཤེས་པ་དེའི་རིགས”ཟེར། ང་དང་ཧྲི་ཞང་གཉིས་ཧ་ལས་སོང་། གློག་སྒུལ་ཁྱི་གུ་ནི་ཁ་སང་དེ་རིང་གི་བྱིས་པ་ཚོས་ཡ་མཚན་ཞིག་ཏུ་མི་བརྩི་ནའང་། ལོ་ངོ་ཉི་ཤུ་ལྷག་ཡར་སྔོན་གྱི་ང་ཡི་བྱིས་དུས་ཀྱི་ལོ་རབས་ནང་། ཨ་ནེའི་ཁ་དན་དེས་ང་ཚོ་ཡུན་རིང་བོ་ཞིག་ལ་སེམས་པ་བདེ་ལ་འབབ་ཏུ་བཅུག་མ་སོང་།  དེ་ནི་ཇི་འདྲའི་རྒྱུ་ནོམ་རྩ་ཆེན་ཞིག་དང་། ཇི་འདྲའི་དགའ་འོས་པའི་བྱ་བ་ཞིག་ཡིན་པ་ལ་ཨང་། ལྷག་ཏུ་རྒྱུ་ནོམ་དེ་དང་དགའ་སྤྲོ་དེ་ནི་ང་ཚོ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ན་འཐོབ་ངེས་པས་སོ།།

དེ་ནས་བཟུང་ང་དང་ཧྲི་ཞང་གཉིས་ཀྱིས་འུར་མ་བརྒྱབ་ཅིང་། རྨོ་མོའི་ར་སྐོར་ཡང་སྔོན་ཆད་ནང་བཞིན་ལྷིང་འཇགས་སུ་གྱུར། ང་ཚོ་སྲང་ལམ་ཆེ་ཆུང་མང་བོར་སོང་ནས་ཟ་ཟུར་དག་ཏུ་གཡུགས་འདུག་པའི་ཀ་རའི་ཕྱི་ཤུན་བཙལ། སྐབས་དེར་ཀ་རའི་ཕྱི་ཤུན་ནི་གང་སར་མཐོང་རྒྱུ་མེད་ལ། རླུང་གིས་སྐྱོམ་པའི་ཀ་རའི་ཕྱི་ཤུན་གཅིག་བདའ་ནས་ང་ཚོ་སྲང་ལམ་ནང་ཉིན་ཕྱེད་ལྷག་ལ་རྒྱུག་ངེས་ཡིན། ང་དང་ཧྲི་ཞང་གཉིས་ཀྱི་ལག་དངུལ་ཚང་མས་ཀ་ར་ཉོས་ནའང་ཀ་ར་བཅུ་ཁ་ཞིག་ལས་ཉོ་མི་ཐུབ་ལ། དེ་ནས་ང་ཚོས་ཀ་རས་མིད་ཐག་ན་བར་བྱས་ནའང་དེར་ཁ་ཡ་མི་བྱེད་པར་ཀ་ར་རྔམ་ཟ་བྱས། ང་ཚོ་ད་དུང་ཟས་རིགས་ཚོང་ཁང་གི་ཀ་ར་འཚོང་སའི་ཚོང་སྒྲོམ་གྱི་མདུན་དུ་ལངས་ཏེ། བྱིས་པ་ཁྲིད་ནས་ཀ་ར་ཉོ་རུ་འོངས་པའི་མི་དར་མ་དག་ལ་སུན་སྣང་མེད་པར་བསྒུགས་ནས་བསྡད་ཅིང་། ཁོ་ཚོས་ཀ་ར་ཉོས་རྗེས་ཕྱི་ཤུན་བཤུས་ནས་ཀ་ར་རྡོག་གཅིག་བྱིས་པའི་ཁ་ནང་དུ་བཞག་མ་ཐག  ང་ཚོ་བྱ་འཕུར་བ་ནང་བཞིན་རྒྱུགས་སོང་སྟེ་ཐང་དུ་ལྷུང་བའི་ཀ་རའི་ཕྱི་ཤུན་བཏུ་སྲིད་ལ། ཀ་རའི་ཕྱི་ཤུན་གཅིག་ནི་རེ་བ་རྡོག་གཅིག་ཡིན་པ་མ་ཡིན་ནམ།
ང་ཚོས་ལྟེབ་ཆགས་ཤོར་བའི་ཀ་རའི་ཕྱི་ཤུན་དེ་དག་ཁྱེར་ནས་ཡུལ་ལ་ལོག་རྗེས། ཁྲུས་གཞོང་ནང་དུ་བངས་ནས་གཙང་མར་བཀྲུས་ཤིང་གཅལ་དུ་བཀྲམ་སྟེ་རེ་རེ་བཞིན་ཤེལ་སྒོའི་ངོས་སུ་སྦྱར་པ་དང་། དེ་ནས་སྐམ་ཐག་ཆོད་རྗེས་ལག་པས་ཡང་མོར་ཕྱིར་བཀོག་པ་ན་ཀ་རའི་ཕྱི་ཤུན་ནི་གསར་བ་གསར་རྐྱང་ཞིག་ཏུ་ཆགས་འདུག  དབྱར་གནང་མཇུག་རྫོགས་ལ་ཉེ་ཞིང་། ང་དང་ཧྲི་ཞང་གཉིས་ཀྱིས་གཞི་ནས་མི་རེས་ཀ་རའི་ཕྱི་ཤུན་སྟོང་རེ་བསགས་འདུག

ཉིན་ཞིག་གི་ཕྱི་དྲོར། ང་ཚོ་ཨ་ནེའི་གམ་དུ་རྒྱུགས་སོང་སྟེ་ཀ་རའི་ཕྱི་ཤུན་སྟོང་གཉིས་པོ་ཕུལ་པ་ན། ཨ་ནེ་སོམ་ཉིར་ཚུད་དེ“ཁྱོད་ཚོས་ཅི་ཞིག་བྱེད་བཞིན་ཡོད་དམ”ཞེས་དྲིས་བྱུང་། “ཁྱི་གུ་ག་རེ། ང་ཚོའི་གློག་སྒུལ་ཁྱི་གུ་གང་ན་ཡོད” ཨ་ནེ་ཅུང་ཙམ་ལ་ཧད་ནས་བསྡད་ཅིང་། དེར་མཐུད་ནས་བགད་བྱུང་ལ།  བགད་ནས་མཚམས་མ་བཞག་པས་དབུགས་ཀྱང་འཚང་གིན་འདུག དེ་ནས་དགོད་མཚམས་བཞག་རྗེས་ཁོ་མོས་མིག་མཐའི་ཆུ་རིས་ཕྱིས་བཞིན“ཁྱོད་ཚོས་ར་སྐོར་ནང་འུར་བརྒྱབ་ནས་ལྷོད་པོར་འདུག་ཏུ་མི་འཇུག་པས། ངས་ཁྱོད་ཚོར་ཁ་བརྩེས་པ་ཡིན”ཟེར།  ཧྲི་ཞང་གིས་ང་ལ་ལྟ་ཙམ་བྱས་ཤིང་། མིག་ནང་དུ་ཁོང་ཁྲོ་དང་རེ་ཆད་ཀྱིས་ཁེངས་འདུག་པ་ལས། ངས་ད་དུང་ང་ལ་བཅངས་པའི་མཐོང་ཆུང་ཡང་འདུག་སྙམ་སོང་། གང་ལྟར་ང་ཚོ་ལ་ཁ་བརྩེས་མཁན་གྱི་མི་དེ་ནི་ང་ཡི་ཨ་ནེ་ཡིན་པ་རེད།

སྐབས་དེར། ང་ལ་གློ་བུར་དུ་ཧ་ཅང་ཐང་ཆད་པའི་སྣང་བ་ཞིག་སྐྱེས་སོང་། ངས་ཐོག་མར་མི་དར་མ་ཚོས་རྒྱུན་དུ་གླེང་བའི་ཐང་ཆད་བྱུང་ཞེས་པ་དེ་ནི་མ་གཞིར་ཡ་ཆུང་ནང་གི་སེམས་པ་དེ་གློ་བུར་དུ་ཇི་ལྕི་རུ་སོང་བ་དེ་ཡིན་པར་ངེས་ཤེས་འདྲོངས་ཐུབ་སོང་།

ང་དང་ཧྲི་ཞང་གཉིས་ར་སྐོར་ལས་ཕྱིར་བུད་རྗེས། ངས་སེམས་ཞིབ་མོས་ཚགས་སྒྲིག་བྱས་པའི་ཀ་རའི་ཕྱི་ཤུན་སྟོང་གཅིག་པོ་དེ་ནམ་མཁའི་དབྱིངས་སུ་གཏོར་བ་ན། དེ་དག་ཚོན་མདོག་གི་ཕྱེ་ལེབ་ནང་བཞིན་རླུང་གིས་ཕྱོགས་བཞིར་ཁུར་སོང་།

ང་རང་ནར་སོན་བྱུང་། ནམ་རྒྱུན“མགོ་སྐོར”ཞེས་པའི་མིང་ཚིག་འདི་མཐོང་ཐེངས་རེར། རྟག་པར་དེ་མ་ཐག་ཀ་རའི་ཕྱི་ཤུན་སྟོང་གཅིག་པོ་དེ་ཡིད་ལ་འཁོར་གྱིན་འདུག  བྱིས་པར་སྐྱོན་བརྗོད་བྱས་ཆོག་ལ། བྱིས་པར་ཁག་དཀྲི་བྱས་ཆོག་མོད། ཡིན་ཡང་བྱིས་པར་མགོ་སྐོར་གཏོང་མི་འོས། མགོ་སྐོར་ནི་ཆེས་གཏིང་ཟབ་པའི་རྨ་ཁ་ཡིན་པ་རེད།

ང་ཚོ་ནར་སོན་ནས་མི་དར་མར་ཆགས་འདུག  ཡིན་ཡང་མི་དར་མ་ཡོད་ཚད་བྱིས་པའི་དུས་སྐབས་བརྒྱུད་ནས་འོངས་པ་མ་ཡིན་ནམ།


དཔྱད་བརྗོད
རྩོམ་པ་པོ་གྲགས་ཅན་ཐིའེ་ཉིང་གི་བརྩམས་ཆོས་ལ་ཁྱད་ཆོས་མངོན་པར་གསལ་ཞིང་དགེ་མཚན་ཁྱད་དུ་འཕགས་པ་ལས། འཚོ་བའི་དྲི་བསུང་སྟུག་པོས་ཀུན་ནས་སིམ་ཡོད་པ་ཞིག་ཡིན། 《ཀ་རའི་ཕྱི་ཤུན་སྟོང་གཅིག》ཅེས་པའི་དོན་བརྗོད་ལྷུག་རྩོམ་འདིར་མཚོན་ནའང་། ང་ཚོ་ལ་ཕུན་སུམ་ཚོགས་པའི་ཁོ་མོའི་བསམ་བློའི་ནང་རྫོང་དེ་མཐོང་དུ་བཅུག་པ་ལས། གཞན་ལས་འགོངས་པའི་ཁོ་མོའི་རྩོམ་རྩལ་དེའང་ཤེས་སུ་བཅུག་བྱུང་། དོན་བརྗོད་ལྷུག་རྩོམ་ལ་མཚོན་ན། དོན་དག་རྐྱང་བ་ཞིག་དམིགས་སུ་བཟུང་ནས་བྲིས་ཆོག་ལ། ཡང་ན་འབྲེལ་ཡོད་ཀྱི་དོན་དག་འགའ་རྐྱ་གཅིག་ཏུ་སྦྲེལ་ནས་བྲིས་ཆོག་སྟེ། རྩོམ་འདི་ནི་འབྲི་ཐབས་སྔོན་མར་གཏོགས་སོ།།

རྩོམ་གྱི་ཚན་པ་དང་པོའི་ནང་སྐད་ཆ་ཚིག་འགའ་བཀོལ་ནས་གཏམ་རྒྱུད་ཀྱི་རྒྱུ་རྐྱེན་གཙོ་བོ་སྤྲོས་བརྗོད་གསལ་བོ་བྱས་པས། དེས་དགོས་མེད་ཀྱི་གསལ་བཤད་སྤངས་ནས་ཀློག་པ་པོ་དག་མྱུར་བ་མྱུར་དུ་གཏམ་རྒྱུད་ཀྱི་ཀློང་ལ་ཁྲིད་ཐུབ་འདུག  དེ་ནས་རྒྱས་བཤད་སྒོས་ཞིབ་འབྲི་བྱེད་དུས། རྩོམ་པ་པོས་ཕྱོགས་ཡོངས་ནས་བྲིས་མེད་པར་བྱེ་བྲག་གི་བྱུང་རིམ་ཕྲ་མོ་ཞིག་དམིགས་སུ་བཟུང་ནས་ཞིབ་འབྲི་བྱས་པས། དེས་རྩོམ་གྱི་ཚིག་སྦྱོར་ཚགས་དམ་ཞིང་གསོན་ཉམས་ལྡན་པར་བཏང་ཡོད་པ་ལས། རྩོམ་གྱི་བརྗོད་སྙིང་འབུར་དུ་དོད་པར་ནུས་པ་ཐོན་ཡོད།  ཚན་པ་བགར་སྐབས།  བརྗོད་སྙིང་དེ་རིམ་པ་གསུམ་གྱི་སྟེང་ནས་མངོན་པར་མཚོན་འདུག་སྟེ། ཐོག་མར་ཚོར་སྣང་ཐད་ཀར་མ“ཐང་ཆད་པ”དེ་ཡིན་ལ། དེ་ནས“མགོ་སྐོར་ནི་ཆེས་གཏིང་ཟབ་པའི་རྨ་ཁ་ཡིན”ཞེས་པའི་སྡོམ་ཚིག་ཐོབ་པ་དང་། མཇུག་མཐར་ལྡོག་འདྲི་བྱས་པ་བརྒྱུད་ནས་ཀློག་པ་པོ་དག་ལ་ཉེན་བརྡ་བཏང་ཡོད། རྩོམ་གྱི་ནང་སྙིང་རིམ་པ་གསུམ་པོ་དེ་གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་ནས་མུ་རུ་བསྟར་འདུག་པས། དེས་རྩོམ་ཁོག་ཧྲིལ་བོ་དཀྱུས་གཅིག་ཏུ་སྦྲེལ་ནས་གྱ་ནོམ་པ་ཞིག་ཏུ་བཏང་འདུག་ལ། བཀླགས་ཚེ་མི་ལ་བདེ་བ་མཆོག་ཏུ་གྱུར་པ་ཞིག་སྦྱིན་ངེས་ཡིན།
རྩོམ་སྒྲིག་པ། མྱི་གསར་བ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2275