ལོ་ཙཱ་བ། ཀླད་ཁུ།
རྩོམ་པ་པོ། མི་གསལ།
མཚན་ཉིད་རིག་པ་བས་མ་ལག་ལྡན་པའི་ཤེས་རིག་དང་རྣམ་དཔྱོད་ལ་བརྟེན་ཏེ་མི་སྒེར་བ་དང་སྤྱི་ཚོགས་ཀྱི་འདོད་འདུན་མང་པོ་ཐག་གཅོད་ཀྱིན་ཡོད་སྟབས། དེ་བས་མཚན་ཉིད་རིག་པ་སྦྱོང་བ་ལ་ཆེས་གཞི་རྩར་ང་ཚོས་མཚན་ཉིད་རིག་པ་བའི་སྣེ་ཁྲིད་དང་མཛུབ་སྟོན་འོག་ནས་བརྒྱུད་དགོས་པ་དེ་རེད། དེ་ནི་ད་ལྟའི་བར་དུ་འཕེལ་ཡོང་བའི་རྒྱུད་རིམ་ཞིག་ཀྱང་རེད། འོན་ཀྱང་གནད་དོན་གཙོ་བོ་ནི་མཚན་ཉིད་རིག་པ་བ་གང་གིས་ཇི་ལྟར་བཤད་པ་དང་ལངས་ཕྱོགས་ཇི་ལྟར་འཛིན་པ་མ་ཡིན་པར། གང་ཟག་སྒེར་བ་དང་སྤྱི་ཚོགས་ཐུན་མོང་ལ་དེ་ལྟ་བུའི་རིག་པའི་སྟོབས་ཤུགས་དང་ཤེས་རིག་འབར་བར་འབད་པ་བྱ་རྒྱུ་གལ།
ང་ཚོ་ཚང་མས་མི་ཐུན་མོང་མཚན་ཉིད་རིག་པའི་ངོ་བོར་མགོ་འཐོམས་ཡོད་པ་ཤེས་པ་བདེན་མོད། འོན་ཀྱང་སྤྱིར་བཏང་མི་ཕལ་བ་ཞིག་གིས་བལྟས་འོང་ན། མཚན་ཉིད་རིག་པར་མཚར་སྣང་སྐྱེ་སྲིད་ལ། སུན་སྣང་ཡང་སྐྱེ་མི་སྲིད་པ་ག་ལ་ཡིན། མ་ཟད་ང་ཚོ་མཚན་ཉིད་རིག་པ་དང་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་སྲིད། ཡང་སྐབས་རེར་མཚན་ཉིད་རིག་པ་ནི་གསོན་ཉམས་དོད་པོ་ཞིག་ཏུ་སྣང་ངེས། ཡིན་ན་ཡང་མཚན་ཉིད་རིག་པ་བ་ནི་མི་གང་འདྲ་ཞིག་ཡིན་ནམ། ཁོ་ཚོས་ཅི་དང་གང་སྐྲུན་གྱི་ཡོད་དམ། རྒྱུ་མཚན་ཅི་ཞིག་གི་ཕྱིར་དུ་མི་དག་ལ་ཁོང་ཅག་མཁོ་བ་ཡིན་ནམ་ཞེས་པའི་དྲི་བས་འདི་ལྟ་བུའི་གསོན་ཤུགས་ཧ་ཅང་དཀའ་གནད་ཆོད་དཀའ་བའི་གནས་སུ་བསྐྱལ་ཡོད།
དོན་གྱིས་བརྗོད་ན་གནད་དོན་འདི་དག་གི་ལན་ནི་གནའ་ནས་:མཚན་ཉིད་རིག་པ་:ཞེས་པའི་མིང་ཚིག་འདིའི་ནང་དུ་བསྡུས་ཚར་བ་ཡིན་ཏེ། གནའ་བོ་གྷི་རི་སི་ནས་ philo ཧྥོ་ལོ་ཞེས་པས་དགའ་བའམ་བརྩེ་བ་ཡང་ན་འབུལ་བ་ཞེས་པའི་དོན་སྟོན་ཞིང་། Sophia ཞེས་པ་ནི་ཤེས་རིག་གམ་རིག་པ་ཞེས་པའི་དོན་ཡིན་པས་དེ་གཉིས་ཚིག་དོན་ཚུར་དུ་བསྡུས་ན་philosopher ཞེས་པའི་ཚིག་གྲུབ་ཀྱིས་མཚན་ཉིད་རིག་པ་བ་ནི་ཤེས་རིག་ལ་བཅངས་གྱིན་ཡོད། ཤེས་རིག་ཅེས་པ་ནི་རབ་རིབ་དང་དོན་སྤྱི་ཙམ་དུ་སྣང་མོད། ཡིན་ནའང་དེ་ནི་མཚར་སྣང་སྐྱེ་དགོས་ས་ཞིག་རྩ་ནས་མ་རེད། དེས་ན་སྤྱང་གྲུང་གི་རིག་པས་དཀའ་གནད་བསལ་བའི་སྒྲོམ་གཞི་དེས་མངོན་གྱུར་ཀྱི་འཚོ་བ་དང་འཆི་བའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མ་ཟད་མི་ཀུན་ཀྱི་འཚོ་བའི་དཀའ་ངལ་འོག་ཏུ་རང་རང་གི་ནུས་པ་ཡོད་དགུ་ཕྱུངས་ཏེ་བདེ་སྐྱིད་ཀྱི་ཆེད་དུ་འབད་དེ་འདུར་གྱིན་པ་བདེན་སྟབས། དེ་བས་ཤེས་རིག་གི་ཆེད་དུ་འབད་འབུངས་དགྱེས་པ་ནི་ལྷན་སྐྱེས་དང་དྭངས་གཙང་གིས་གྲུབ་པའི་རང་ཉིད་ངོས་ཟིན་པའི་ཆེད་དུ་རེད། ཁྱོད་ཀྱིས་བདེ་སྐྱིད་ཅིག་ཐོབ་ཆེད་ཡིན་པར་འདོད་སྲིད་མོད། ཡིན་ན་ཡང་དེ་ལྟར་མིན་ཏེ། བདེ་སྐྱིད་ཅེས་པའི་ཐ་སྙད་འདིས་རྒྱུན་མི་ཆད་པའི་སྤྲོ་སྣང་ཙམ་མཚོན་པ་ལས་གཞན་གང་ཡང་མཚོན་མི་ནུས། འོན་ཀྱང་དེ་བས་རང་ཉིད་དག་མ་ཞིག་ངོ་ཟིན་པར་དཀའ་སྡུག་དང་འབད་འབུངས་དགོས་ཤིང་། དེ་ནི་མངོན་གྱུར་གྱི་བདེ་སྐྱིད་ལྡན་པའི་མི་ཚེ་དང་ཁ་ཕྲལ་ཐབས་མེད་པ་ཞིག་རེད།
དེའི་ཕྱིར་མཚན་ཉིད་རིག་པ་བ་དང་ཤེས་རིག་གི་སླད་དུ་ཡོད་ཚད་བློས་གཏོང་མཁན་དང་དེའི་སླད་དུ་འབད་འབུངས་བླ་མེད་བྱེད་མཁན་ཞིག་ཡིན་ཕྱིན། གང་ཟག་སྒེར་བ་དང་སྤྱི་ཚོགས་རང་ཉིད་དག་མ་འཚོལ་བའི་མ་ལག་དང་ལྡན་པའི་ཤེས་རིག་ལ་དམིགས་ཏེ་ནུས་པ་ཕྱུང་གིན་ཡོད། ཤེས་རིག་གི་ཆེད་དུ་འབད་པའི་རྒྱུད་རིམ་ཁྲོད་མཚན་ཉིད་རིག་པ་བ་དག་གིས་ཐུན་མིན་གྱི་ཁྱད་ཆོས་འཛོམས་པའི་ནུས་རྩལ་ཞིག་གསོ་སྐྱོང་བྱེད་ཀྱིན་ཡོད། དུས་རབས་འགའ་ཤས་ཀྱི་ཁྲོད་དུ། ཁོང་ཅག་ནི་སུ་དང་གང་གིས་མི་རྣམས་བླུན་རྨོངས་སུ་བསྒྱུར་བའམ་དེའི་ནུས་པ་དང་གནད་གཙོ་བོ་གང་ཡིན་པར་ཞིབ་འཇུག་དང་མནོ་བསམ་བྱེད་པའི་ཆེད་ལས་པར་གྱུར། ཡིན་ཡང་མི་རྣམས་ཀྱིས་གནད་དོན་འདིར་བཟུང་བའི་རྣམ་འགྱུར་ནི་ཆེས་སྤྱི་བཏང་བ་ལས་ཤེས་རིག་གི་རིགས་དང་འདྲེས་པའི་རྣམ་འགྱུར་བཟུང་མེད། དེའི་རྣམ་འགྱུར་ཁྲོད་དུ་གལ་ཆེ་བའི་ཁག་དག་ནི།
1) ང་ཚོས་ནམ་ཡང་གནད་ཆེ་བའི་དྲི་བ་འདོན་མི་ཐུབ།
དཔེར་ན། འཚོ་སྡོད་ཀྱི་སྙིང་པོ་ཅི་ཞིག་ཡིན་ནམ། ང་ཚོ་ལ་ཅིའི་ཕྱིར་ལས་ཀ་ཞིག་དགོས་པ་ཡིན་ནམ། དེང་སྐབས་སྤྱི་ཚོགས་འདི་མི་རྣམས་ཀྱིས་ཇི་ལྟ་བུ་ཞིག་ལ་འགྱུར་ལྡོག་བཏང་འདུག་གམ། བརྩེ་དུང་ཟེར་ན་གང་ལྟ་བུ་ཞིག་ལ་གོ་དགོས། མི་ཕལ་ཆེ་བ་དག་གིས་གནད་དོན་འདིར་དུས་ཚོད་ཐུང་ངུ་ནང་དུ་མནོ་བསམ་གཏོང་གིན་ཡོད་ངེས། ཡིན་ཡང་ང་ཚོས་ནུས་པ་ཡོད་དགུ་འདོན་གྱིན་ལན་དེ་དག་འཚོལ་སྙེགས་བྱེད་མི་སྲིད་པ་མ་ཟད། དཀའ་གནད་དམ་དྲི་བ་དེ་དག་དགོད་བྲོ་བའི་སྐད་ཆ་ཙམ་དུ་ངོས་འཛིན་བྱས་འདུག དྲི་བ་དེ་དག་འདྲི་མཁན་དེའང་ལག་ལེན་གྱིས་ཡོངས་སུ་སྟོང་བའི་མི་སྐྱོན་ཅན་ཞིག་ཏུ་བལྟས་ཡོད། འོན་ཀྱང་གནད་དོན་འདི་དག་ནི་ང་ཚོ་ལ་མཚོན་ན་ཆེས་ཤུགས་རྐྱེན་ཟབ་པའི་དྲི་གཞི་ཞིག་ཡིན་པ་རེད། གནད་འདི་དག་གི་དྲི་ལན་ཕུན་སུམ་ཚོགས་པ་རྙེད་པར་ང་ཚོས་བསམ་བློའི་འདུ་ཤེས་ཀྱི་ནུས་པ་ཡོད་དགུ་ཕྱུང་ཚེ་ད་གཟོད་ཁེ་ཕན་ལྡན་པའི་ལས་ལ་བརྩོན་ཐུབ་པར་ངེས།
མཚན་ཉིད་རིག་པ་བ་གནད་གཞི་ཟབ་པའི་དྲི་བ་འདི་དག་ལ་འཇིགས་མ་མྱོང་བར་ཁོ་ཚོས་གནད་དོན་འདི་དག་ནམ་ཡིན་ཡང་ཚོད་འཛིན་བྱེད་ཐུབ་པའི་དབྱིབས་ཆུང་ངུ་རུ་བསྒྱུར་ཏེ། ཁོ་ཚོས་ང་རྒྱལ་དང་བཅས་ཏེ་རྒྱུན་མ་ཆད་པར་དེ་ལས་མང་བའི་མཚར་སྣང་ཟབ་པའི་དྲི་གཞི་མང་པོ་ཞིག་སློང་ཡོང་བ་རེད།
2) ཐེབས་སླ་བའི་རྒྱུན་ཤེས་ཀྱི་ནོར་འཁྲུལ་དང་དེའི་ཤུགས་རྐྱེན།
སྤྱི་ཚོགས་ཀྱི་གླེང་ཕྱོགས་སམ་ང་ཚོའི་ངག་སྒྲོས་སུ་ཤར་ཡོད་པའི་རྒྱུན་ཤེས་ཞེས་པ་ནི། སྤྱི་ཚོགས་ཀྱི་ཁྱབ་ཁོངས་རྒྱ་ཆེ་བའམ་ཕལ་ཆེ་བས་དོན་ལ་གནས་པའི་ཚུལ་དུ་ངོས་འཛིན་ནན་ཏན་བྱས་ཡོད། དེ་ནི་རྒྱུན་མ་ཆད་པར་སོ་སོའི་གྲོགས་པོ་དང་འབྲེལ་ཡོད་ཀྱི་མི་སྣ་དག་གི་བཤད་གླེང་ཁྲོད་ནས་དེ་དང་འབྲེལ་ཡོད་ཀྱི་བཤད་ཕྱོགས་མང་པོ་ཐོས་ཡོང་པས་ཡིན་པ་དང་། ཡང་ན་ཁོང་ཅག་གིས་རང་སྣང་གང་བྱུང་གིས་གནད་དང་མ་མཐུན་པ་དག་མཐུན་པར་སྦྱར་ཏེ་འཛིན་གྱིན། སོ་སོས་ངོས་ནས་ཀྱང་དེ་དག་བསམ་གཞིག་སྤུར་ཙམ་ཡང་མ་བྱས་པར་དང་ལེན་བྱས། མ་ཟད་དོ་སྣང་བྱེད་མཁན་དང་གསར་འགོད་པ་ཕལ་ཆེ་བས་ནམ་རྒྱུན་ང་ཚོ་ལ་ཤུགས་ཆེན་པོའི་སྒོ་ནས་གོང་ནས་བཤད་པ་དེ་འདྲ་བའི་ཁ་ཕྱོགས་མང་པོ་ནང་འདྲེན་བྱེད་ཀྱིན་ཡོད། དེ་བས་སྐབས་འགའ་རེར་རྒྱུན་ཤེས་ཀྱང་མག་མོག་དང་རབ་རིབ་ཀྱིས་གཡོགས་ཏེ་མི་སྣང་བར་གྱུར་འགྲོ། དེས་ན་ནོར་འཁྲུལ་དང་ཆེས་ཡིད་ཆད་པའི་འཁྲུལ་སྣང་ནི་དེ་དག་ཡིན་ངེས།
མཚན་ཉིད་རིག་པས་ང་ཚོར་གྲུབ་འབྲས་ཡང་དག་པ་གཅིག་སྦྱིན་ཐུབ་པར་ནུས་ཏེ། སྟབས་བདེ་བའི་དངོས་པོ་དང་ཆོས་ཉིད་ལས་མགོ་བརྩམས་ཏེ་རྒྱུན་ཤེས་ལས་དངོས་པོའི་གནས་ལུགས་ལ་ལྟ་ཕྱོགས་བསྒྱུར་གྱི་ཡོད། མཚན་ཉིད་རིག་པས་ང་ཚོའི་རང་གཤིས་ལ་རྟོག་ཞིབ་བྱེད་དེ་རང་རྐྱ་འཕེར་བ་ཞིག་ཏུ་སྣེ་ཁྲིད་བྱེད་པ་དང་། མཚན་ཉིད་རིག་པ་བ་ནི་ལྟ་ཚུལ་ག་གེ་མོ་ཞིག་ལ་གཏན་ཚིགས་ཡོད་མེད་དུ་དཔྱད་རྒྱུ་ཧ་ཅང་དགའ་བོར་ཡོད། དཔེར་ན་འཇིག་རྟེན་གྱིས་བརྩེ་དུང་དང་སྒོར་མོ་བྱིས་པ་ཡུལ་སྐོར་དང་ལས་དོན་སོགས་ལ་བཟུང་བའི་ལྟ་ཚུལ་འགྲིག་གི་ཡོད་དམ། དེ་ལས་རགས་རིམ་དང་དོན་སྤྱི་ཙམ་དུ་སྣང་བའི་ཡུན་རིང་ཐུན་མོང་གི་རང་བཞིན་དུ་གྱུར་པ་དག་ངེས་ཏན་ཡིན་པའི་ངེས་པ་གཏན་ནས་མེད་པར་ངོས་འཛིན་གནང་།
1) བསམ་གཞིག་གི་རྙོག་འཛིང་།
ང་ཚོས་རང་ཉིད་ཀྱི་ཀླད་པའི་འགུལ་སྐྱོད་ཇི་ལྟར་བྱེད་པར་གསལ་ཆ་མི་ལྡན། དཔེར་ན་ཁྱོད་རང་གླུ་དབྱངས་ཤིག་མཉན་པར་སྤྲོ་ཞིང་། ཡིན་ཡང་ཅིའི་ཕྱིར་སྤྲོ་བར་གསལ་ཆ་མེད་པ་ལྟ་བུ་རེད། ཡང་ན་ང་ཚོ་ནམ་རྒྱུན་མི་ཞིག་ལ་ཤིན་ཏུ་མི་འཐད་ན་ཡང་། དེའི་བསམ་བློའི་གནད་དོན་གང་དུ་ཡོད་པ་བཤད་དཀའ་བ་བཞིན། ད་དུང་སྐབས་རེར་ང་ཚོ་འདུ་ཤེས་ཚོད་འཛིན་པའི་ཁོག་ཁྲོ་འབྱུང་སྲིད། འོན་ཀྱང་གློ་བུར་ཁྲག་རྩ་རྒྱས་ཏེ་སེམས་ངར་འཕྱུར་ཡོང་བའི་གནད་དོན་ཡང་བཤད་མི་ནུས། དེ་བས་ང་ཚོ་ལ་སྟོང་ཆ་ཆེན་པོ་ཞིག་ཡོད་པ་ནི་རང་ཉིད་ལ་ཕྱོགས་སུ་མ་ལྷུང་བའི་དབྱེ་འབྱེད་ཀྱི་སྟོབས་ཤུགས་མེད་པ་དེ་རེད། དེས་ན་ང་ཚོས་རང་ཉིད་ལ་ཁ་གཏད་པའི་ཤེས་རབ་ཅིག་ལ་སྦྱོང་བརྡར་བྱེད་དགོས། མ་ཟད་མཚན་ཉིད་རིག་པ་ནི་རང་ངོ་ཤེས་སུ་བཅུག་ཐུབ་པའི་མཚན་རིག་ཁྱད་པར་ཅན་ཞིག་ཡིན་པ་དང་། དེའི་ལྟེ་བར་གྱུར་པའི་ཐབས་མཆོག་གམ་རྨང་གཞི་འདིང་མཁན་རླབས་ཆེ་བའི་མཚན་ཉིད་རིག་པ་བ་སི་ཀོ་ར་ཐེ་ཡིས་ཡིག་འབྲུ་ལྔ་ཡིས་སྤྱི་སྡོམ་ལེགས་པར་བྱས་ཡོད། དེ་ནི་མཚན་སྙན་འབར་བའི་སྐད་ཆ་(རང་གིས་རང་ངོ་ཤེས་པར་གྱིས་)ཞེས་པ་དེ་རེད།
2) བདེ་སྐྱིད་ཀྱི་འབྱུང་ཁུངས་ལ་རྨོངས་པ།
ང་ཚོ་ངན་སྐུལ་གྱིས་ཁྲིད་དེ་བདེ་སྐྱིད་ཆེད་དུ་འདུར་ཞིང་། ཐབས་དང་བཀོད་པ་སོགས་བཀོལ་བར་ནོར་འཁྲུལ་བྱུང་། ང་ཚོས་འཚོ་བའི་རྒྱུན་སྤྱོད་དང་ཡོ་ཆས་ཁྲོད་ནས་ཅ་དངོས་འགའ་དང་དེའི་ནུས་པར་མཐོང་ཆེ་དྲག་སྟེ། དུས་མཉམ་དུ་རང་ཤུགས་ཀྱིས་ཆེས་ང་ཚོ་དང་བར་ཐག་ཉེ་ཞིང་མཁོ་དགོས་ཟབ་པའི་དངོས་པོ་འགའ་ལ་དམའ་ལྟ་བྱས་སྟབས། ང་ཚོས་ད་ལྟ་སོགས་དུས་ནམ་ཡིན་ཡང་དེང་རབས་དཔལ་འབྱོར་གྱི་སྤྱི་ཚོགས་ནས་གཞི་རྩའི་གདམས་སྲེས་ནས་མགོ་འཁྲུགས་པར་གྱུར། མ་ཟད་རྒྱུན་པར་དམིགས་བསལ་དུ་བརྩིས་པའི་དུས་ཚོད་དམ། ཡང་ན་རླངས་འཁོར་དང་ཚད་མཐོ་བའི་བརྩིས་འཁོར་རྣམས་རང་གི་འཚོ་བར་འགྱུར་འགྲོ་ཞིང་། དེ་དང་དུས་མཚུངས་སུ་ང་ཚོས་ཡང་རྒྱུན་པར་ང་ཚོ་ལ་གསལ་ཆ་དོད་པའི་དངོས་པོ་མང་པོར་མཐོང་ཆུང་བྱས་ཏེ་བསྐྱུར་ནས་ལུས་ཡོད་དེ། དཔེར་ན། ལུས་རྩལ་སྦྱོང་བ་དང་། གོས་སྒྲོམ་ལེགས་ཉར་བྱེད་པ། ཐུན་མོང་གིས་གྲུབ་པའི་ཁ་བརྡ་དང་སྔར་མོར་ཉལ་བ་སོགས་འཚོ་བའི་ངོ་བོ་ལ་མཐོ་འདེགས་ཐུབ་པའི་རྒྱུ་ཆ་དང་བྱ་བཞག་དག་འཐུས་ཤོར་དུ་བཏང་ཡོད། དེའི་ཕྱིར་མཚན་ཉིད་རིག་པ་བ་དག་གིས་མིའི་རིགས་ཀྱི་བདེ་སྐྱིད་འཚོལ་བའི་ལམ་ངོ་མ་ཞིག་གམ་ཤེས་རིག་གི་ལམ་ཆེན་ཞིག་འཚོལ་སྙེག་བྱེད་ཀྱིན་ཡོད།
1) སེམས་ཤུགས་ཀྱི་འགོ་ཤུགས་ཐལ་དྲག་ཏུ་གྱུར་པ།
ང་ཚོས་དང་ལེན་རྩ་ནས་བྱེད་མི་འདོད་ན་ཡང་མིའི་རིགས་ནི་བརྩེ་དུང་དང་ཁ་ཕྲལ་ཐབས་མེད་པའི་སྲོག་ཆགས་ཤིག་རེད། དེ་བས་སྐབས་ལན་རེར་སེམས་ཤུགས་འགའ་རེས་ཛ་དྲག་པའི་གནས་ཚུལ་མང་པོ་སློང་ཡོང་། དཔེར་ན། ཁོག་ཁྲོ་ལང་བ་དང་ཕྲག་དོག་འཁོན་སེམས་སོགས་ཀྱིས་གནས་ཚུལ་བཟོ་ཡོང་བ་བཞིན། དེའི་ཕྱིར་ང་ཚོ་ལ་མཚན་ཉིད་རིག་པ་བས་སེམས་ཤུགས་ཀྱི་ཁྲོད་དུ་འདི་དག་ཙམ་གཏོགས་པ་མ་ཡིན་པར་སེམས་ཤུགས་སམ་སྤྲོ་སྣང་ལ་སྙིགས་དོར་བཅུད་ལེན་བྱེད་པའི་ཤེས་རབ་ཀྱི་སྒོ་མོ་འབྱེད་པ་དང་། མ་ཟད་གོ་ལྡོག་པའི་ཐད་ཚོར་དྲག་པོ་དང་སྐབས་རེར་ཉེན་ཚབ་ཆེ་བའི་ཤུགས་རྐྱེན་ཡོད་པས་སེམས་ཤུགས་དང་སྤྲོ་སྣང་གིས་ང་ཚོ་ལ་ཇི་ལྟར་དབང་དུ་བསྒྱུར་བའམ་རང་རྒྱུད་དུ་ཇི་ལྟར་ནར་སོན་པ་དག་ནི་ཚོད་དཔག་བྱེད་མི་ཐུབ་པ་ཞིག་ཡིན་པ་ཤེས་སུ་འཇུག་འོང་།
2) འཇིགས་སྐྲག་གིས་དབྱེ་ཞིབ་ཀྱི་ནུས་ཤུགས་གཏོར་འགྲོ།
ང་ཚོ་རྒྱུན་པར་གང་རྩ་གནད་དུ་བཟུང་དགོས་པ་དང་གང་ཕལ་བར་བརྩི་དགོས་པའི་དབྱེ་ཞིབ་ཀྱི་ནུས་པ་ཞིག་འགྲོ། ཕྱོགས་གཞན་ཞིག་ནས་བརྗོད་ན། ང་ཚོ་ཡང་རྒྱུན་པར་ཁ་ཕྱོགས་མེད་པར་མག་མོག་དང་རབ་རིབ་ཏུ་གྱུར་འགྲོ། ཡིན་ན་ཡང་མཚན་ཉིད་རིག་པ་བ་ནི་ནམ་ཡང་དེ་ལྟར་གཡང་དུ་ལྷུང་མི་སྲིད། རྒྱུ་མཚན་ཁོ་ཚོས་ནམ་ཡིན་ཡང་རིག་པ་ཆེས་གསལ་དྭངས་ཡིན་པའི་རང་ཉིད་རྒྱུན་འཁྱོངས་བྱས་ཡོད། མིང་ལ་རྒྱ་སྐད་དུ་(斯多葛学派) འམ་ (禁欲主义) དུ་འབོད་ཅིང་དབྱིན་སྐད་དུ་(stoicism) དང་།བོད་སྐད་དུ་ 《འདོད་སྤོང་རིང་ལུགས་སམ་》《དཀའ་སྤྱོད་པའི>་གྲུབ་མཐའ་པའམ་དེའི་མཚན་ཉིད་རིག་པ་བ་ ཏྲི་ནོའོ་ ལགས་ཀྱིས་ཁོ་བོའི་རྒྱུ་འབྱོར་ཡོད་ཚད་རྒྱ་མཚོའི་གཏིང་དུ་ནུབ་སྟེ་སྟོར་བར་གྱུར་ཚེ། ཆེས་སྟབས་བདེ་བའི་ངང་དུ་བརྗོད་ན། རྒྱུ་འབྱོར་ལ་གནོད་སྐྱོན་ཐེབ་པ་དེས་ང་རང་མུ་ནས་བདེ་སྐྱིད་འཚོལ་བའི་མཚན་ཉིད་རིག་པ་བ་བྱེད་པར་བཀག་འགོག་ཅི་ཡང་མེད། དུས་མཚུངས་སུ་ཁོང་གིས་ལན་དུ་མཚན་ཉིད་རིག་པ་ནི་ལྷོད་ཡངས་སམ་ཞི་ལྷོད་ལ་གོམ་རྒྱུ་དེ་རེད་ཅེས་བརྗོད་པ་དང་། ཡང་ན་རྒྱང་རིང་མཐོང་བའི་ཤེས་རབ་དང་རེ་བློའི་ནུས་ཤུགས་ཀྱི་ཚབ་ཚིག་ཅིག་ཡིན་པར་བཞེད། གོ་བདེ་བར་མདོར་བསྡུས་ཏེ་བརྗོད་ན། སེམས་ཀྱི་རང་བཞིན་ལ་ཚོད་འཛིན་ཐུབ་པ་ཞིག་དགོས་ཞེས་བཞེད་དགོངས་གནང་འདུག
རྒྱུན་པར་ང་ཚོའི་ངག་སྒྲོས་སུ་ཡོད་པའི་མཚན་ཉིད་རིག་པའི་ལོ་རྒྱུས་ནི་ཤེས་ཡོན་པ་དག་གིས་ཡང་དང་བསྐྱར་དུ་ནན་ཏན་ངང་མིའི་རིགས་རྨོངས་པར་འགྱུར་བའི་རྒྱུ་རྐྱེན་འཚོལ་བའི་རྐང་རྗེས་ཀྱིས་གྲུབ་པ་ཞིག་རེད། དཔེར་ན་གནའ་བོ་ཡ་ཏན་ནས་སུ་ཀོ་ར་ཐེ་ཡིས་ཆེད་དུ་མིའི་རིགས་ཀླད་རྨོངས་སུ་འགྱུར་རྐྱེན་ལ་ཞིབ་འཇུག་བྱས་པས། ཁོང་གི་ཚོར་བར་ཅིའི་ཕྱིར་ང་ཚོས་མི་རྣམས་སྙིང་སྟོབས་ལྡན་པ་རེད་ཟེར་བ་དང་། ཡང་ན་ཞི་བདེ་དང་ལེགས་འགྲུབ་ཅེས་པའི་གལ་ཆེ་བའི་མིང་ཚིག་འདི་དག་བཀོལ་སྐབས། ང་ཚོས་འདི་དག་གི་གནད་མདུད་ལ་རྩ་ནས་རྒྱུས་མངའ་འཛོམས་མི་འདུག་མོད། འོན་ཀྱང་འདི་དག་གིས་ང་ཚོའི་འཚོ་བ་མཚོན་བྱེད་གལ་ཆེན་གྱི་རྩ་གནད་བཟུང་འདུག་གམ་ཞེ་ན། སུ་ཀོ་ར་ཐེས་ཐབས་མཆོག་གསར་པ་ཞིག་གསར་གཏོད་གནང་ཡོད་དེ། (ད་ལྟའི་བར་དུའང་ཁོའི་རུས་མིང་ནི་སྲོག་མིང་དུ་བཟུང་།)དེ་ལ་བརྟེན་ཏེ་ཀླད་ཁམས་དྭངས་སུ་འཇུག་གི་ཡོད། དེ་ནི་བསམ་བློ་ཡོད་ཚད་ལྡོག་ཕྱོགས་ནས་གོ་ལེན་དང་ལག་བསྟར་བྱེད་པ་དེ་རེད། ཐབས་བཀོད་དེའི་དམིགས་ཡུལ་ནི་ཁྱོད་ཀྱི་བསམ་བློ་ལ་འགྱུར་བ་གཏོང་བར་དམིགས་པ་མ་ཡིན་པར། དེ་ནི་གཞིག་སྟངས་དེ་དག་གིས་འཚོ་བར་ཁྲིད་སྟོན་བྱེད་པའི་གནས་བབ་འོག་ཕན་འབྲས་ཡོད་མེད་ལ་བརྟག་རྒྱུ་དེ་རེད།
ལོ་ངོ་བཅུ་ལྷག་གི་རྗེས་སུ་མཚན་ཉིད་རིག་པ་བ་ཆེན་མོ་ཨ་ལས་སུ་ཊྲོའོ་ཐྲིས་མི་རྣམས་ཡིད་རྟོན་ངང་གནད་དོན་ཆེན་པོ་ལ་བློ་ཁ་ཕྱོགས་ཐུབ་པའི་ས་བོན་བརྒྱུད་སྤེལ་བྱས་པ་དང་། ཁོང་གི་བཞེད་པར་ཆེས་ལེགས་པའི་གནད་དོན་ནི་བྱ་དངོས་གང་རུང་གི་བྱེད་ནུས་ལ་གཏིང་ཟབ་པར་གཞིག་པ་དེ་ཡིན་པར་བཞེད། ཁོང་གི་གསུངས་རྩོམ་མང་པོའི་ཁྲོད་དུ་དྲི་བ་སྣ་ཚོགས་བསྟུས་ཡོད་དེ། སྲིད་གཞུང་ལ་དགོས་མཁོ་གང་ཡོད་དམ། ཞེས་དང་། དམག་རིགས་སྡེ་ཁག་གི་དགོས་མཁོ་གང་ཡིན་ནམ། སྒོར་མོས་དགོས་མཁོ་གང་བཀང་ངམ། སྒྱུ་རྩལ་གྱིས་ཅི་ཞིག་གི་མཁོ་དགོས་བཀང་ངམ་ཞེས་པ་སོགས་དྲི་བ་མང་པོ་གལ་ཆེན་དུ་བཟུང་བ་དང་། གལ་སྲིད་ང་ཚོ་ཁོང་དང་བསྐལ་བ་མཉམ་ཚེ། ཁོང་གིས་ང་ཚོས་རྒྱབ་སྐྱོར་ཆེན་པོའི་ངང་དུ་གསར་འགོད་པར་དགོས་མཁོ་གང་ཡོད་དམ་གཉེན་སྡེབ་བྱེད་པར་དགོས་མཁོ་གང་ཡོད་ཅེས་པ་དང་། སློབ་གྲྭས་ཅི་ཞིག་ཕན་པ་ཡོད་འདོད་སྤྱོད་སྒྲུང་རྩོམ་གྱིས་ང་ཚོ་ལ་ཅི་ཞིག་ཕན་ནམ་ཞེས་པ་སོགས་འདྲི་བར་སྐུལ་འདེད་ཐེབས་ངེས་རེད། གསོན་ཉམས་ལྡན་པའི་གནའ་བོ་ཀེ་རི་སིའི་མཚན་རིག་པའི་གྲུབ་མཐའ་ 【斯多葛学派】 དཀའ་སྤྱོད་པའི་གྲུབ་མཐའ་འམ་འདོད་སྤོངས་རིང་ལུགས་སུ་འབོད་པའི་མཚན་ཉིད་རིག་པ་བ་དག་གིས་འཇིགས་སྣང་ལ་སྤྲོ་བས་བལྟས་ཡོད་པ་དང་། མ་ཟད་ཁོང་ཅག་གིས་འཇིགས་སྣང་གི་དཀྱིལ་སྙིང་དུ་གྱུར་པའི་ཐུན་མིན་གྱི་ངོ་བོའམ་ཁྱད་ཆོས་ལ་རྒྱུས་མངའ་འཛོམས་ཡོད། ཁོང་ཅག་གི་དགོངས་པར་ང་ཚོར་འཇིགས་སྐྲག་སྐྱེད་སྐབས། གནས་ཚུལ་རྩུབ་པའམ་ངན་པ་འབྱུང་རྒྱུ་མ་ཡིན་པར་ང་ཚོས་སྟ་གོན་ལྟར་ལེགས་པར་འགྲུབ་བཞིན་པའི་སྒང་དུ་གློ་བུར་གྱི་གནས་ཚུལ་ལམ་འགལ་འདུར་གྱིས་ང་ཚོའི་གོ་སྒྲིག་གཏོར་བ་དེ་རེད་ཅེས་དགོངས། དེའི་ཕྱིར་མཁས་མཆོག་འདི་དག་གིས་ང་ཚོས་ཉེན་ཚབ་དང་དཀའ་སྡུག་དག་མགོ་རུ་ཡོང་བའི་གནས་ལུགས་འདི་ནམ་ཡང་དང་ལེན་ཐུབ་དགོས་པའི་ལྟ་ཚུལ་བཏོན་འདུག དེ་བས་:ལྷག་པར་དུ་བག་མེད་ངང་ལུས་དུས། འཇིགས་སྐྲག་གི་སྣང་བ་བྱི་དོར་བྱེད་དགོས། ཞེས་པ་སོགས་སོ།།
མཚན་ཉིད་རིག་པར་སློབ་སྦྱོང་བྱེད་པའི་མ་མཐའི་རེ་བཞག་ནི་སྣ་མང་བའི་རིག་གནས་འཚོལ་བསྡུར་དང་། དེ་དག་འཚོ་བའི་ཕྱི་ནང་གསང་གསུང་ཁྱབ་ཏུ་འཇུག་རྒྱུ་དེ་རེད། དེ་བས་མཚན་ཉིད་རིག་པ་བ་དག་གི་བཤད་སྒྲོས་ལ་རྒྱུས་མངའ་ལྡན་པར་བྱ་དགོས་པ་མ་ཟད། ད་དུང་དམིགས་ཡུལ་དང་དམིགས་གཞི་ཡོད་པའི་སྒོ་ནས་སྒེར་ཆོས་དང་ཚོགས་ཆོས་དག་གོ་རིམ་ལྡན་པར་ཤེས་རིག་གི་ལམ་ཆེན་ནས་ལག་བསྟར་བྱེད་དགོས། མ་ཟད་ད་ལྟ་མྱུར་བར་ཉིད་དུ་མགོ་བརྩམ་དགོས།
དུས་རབས་གསར་པའི་མཚམས་འདིར་ཐོན་རྗེས། རྒྱུན་པར་མཚན་ཉིད་རིག་པའི་ཤེས་རིག་གི་བྱད་ལུས་ཤོག་ངོས་དུ་རྩ་བ་བརྟན་པོར་བཙུགས་ཏེ། དཔེ་དེབ་ཀྱི་གཟུགས་སུ་དཔར་བ་རེད། འོན་ཀྱང་གནའ་སྔ་མོར་མཚན་ཉིད་རིག་པ་བ་དག་ནི་མི་ཚོགས་འདུས་པའི་སྤྱི་གླིང་དང་ཁྲོམ་རའི་ཕྱོགས་བཞི་མཚམས་བརྒྱད་གང་རུང་དུ་བཞུགས་ནས་ཚོང་གཉེར་པ་དང་ལྷན་དུ་ཁོང་ཅག་གི་བསམ་བློའི་ཐོག་ཏུ་བགྲོ་གླེང་མོལ་གྱིན་ཡོད། ཡང་ན་སྲིད་གཞུང་དང་ཕོ་བྲང་དུ་ཕེབས་ཏེ་དབང་ཆེན་ལྡན་པའི་དཔོན་པོ་དག་ལ་ལྟ་ཚུལ་སྣ་ཚོགས་འདོན། དེའི་སྐབས་སུ་མཚན་ཉིད་རིག་པ་བ་ནི་གླ་རིན་ཐོབ་པའི་ཆེད་ལས་འཐུས་ཚང་བ་ཞིག་ཡིན། མི་རྣམས་ཀྱིས་མཚན་ཉིད་རིག་པ་མོལ་བ་ནི་ཟ་མ་བཟའ་བའམ་ཆུ་འཐུང་བ་དང་ཁྱད་མེད་པར་རང་བྱུང་གི་རྣམ་པ་ལྡན། མ་ཟད་མཚན་ཉིད་རིག་པ་ནི་མི་ཀུན་ཀྱི་མིག་ལམ་དུ་ངོ་མཚར་བའི་མ་ལག་ལྷག་མ་ཞིག་ལ་རྩ་ནས་ངོས་འཛིན་མ་མྱོང་།
འོན་ཀྱང་དེང་སྐབས་ང་ཚོས་གནས་ཚུལ་འདི་འདྲ་བ་ཞིག་ཐག་གིས་བཅད་དེ་ལྟ་ཚུལ་འཛིན་གྱི་ཡོད། དེ་བས་ང་ཚོས་ཁ་འཐོར་དུ་གྱུར་པ་དང་སྣ་མང་བའི་རིག་གནས་མང་པོ་དུམ་ཚན་བྱས་ཏེ་ག་ས་གང་ནས་འཚོལ་བསྡུ་བྱེད་ཐུབ་ཀྱི་ཡོད་མོད། འོན་ཀྱང་ང་ཚོས་དེ་ལ་འཚོམས་པའི་སྒྲིག་གཞི་བསྐྲུན་ཏེ་དེས་ཤེས་རིག་གི་ལམ་ཆེན་ཞིག་འཐུས་སྒོ་ཚང་བའི་སྒོ་ནས་སྒོ་མོ་འབྱེད་ཐུབ་ཀྱི་མེད་དོ།། དེའི་ཕྱིར་མ་འོངས་པར་མཚན་ཉིད་རིག་པ་བར་གྱུར་པའི་དགེ་མཚན་དག་མངོན་ཆ་དོད་པོར་བསྒྱུར་དགོས་ཏེ། དེ་ལྟར་དགྱེས་ཚེ་ང་ཚོས་མ་མཐའ་འཚོ་བའི་ཁྲོད་ནས་མཚན་ཉིད་རིག་པ་བ་མང་དུ་མཐོང་ཐུབ་པར་འགྱུར་བ་དང་། ཁོང་ཅག་ནི་སྤྱི་ཚོགས་ཀྱི་དབང་གིས་སྒོ་བཀག་དང་སྡོམ་རྒྱའི་ར་བར་འགྱུར་ཏེ། ནམ་ཡང་སློབ་ཆེན་གྱི་སྤྱི་གླིང་དུ་སྦས་ནས་ཞིབ་འཇུག་བྱེད་མི་དགོས་པར་འགྱུར་ངེས། རྒྱུ་མཚན་སྐབས་དེར་ཐོན་སྐབས། ང་ཚོས་མཚན་ཉིད་རིག་པ་མ་ཤེས་པས་རྐྱེན་ཏེ་རྨོངས་འཐོམ་གྱི་ཤེས་པས་ཇི་ལྟར་ང་ཚོ་སོ་འབྲེག་བྱེད་ཡོང་བའི་གནས་ལུགས་དེ་རྟོགས་ཡོང་པ་དང་། ཡང་ན་དེས་ང་ཚོ་ཡིད་ལུས་འདི་བཙོན་དུ་འཇུག་པ་ཡིན་ནོ།།
ཞེས་ཀླད་ཁུ་རུ་འབོད་པས་མདོ་སྨད་ཡུལ་དུ་བསྒྱུར་ཏོ།།
རྒྱ་ཡིག་ཏུ། 哲学和我们有什么关系? ཞེས་མིང་བཏགས་འདུག་མོད་ཚིག་ཟོར་ཡངས་ཆེད་ཐད་བསྒྱུར་བྱེད་པར་མ་སྤྲོ།
རིག་གནས་ཞེས་པ་ནི། ནུབ་གླིང་རིག་པའི་སྒྲིག་གཞི་འོག་ Culture ཞེས་པ་དང་ Civilization ཞེས་པའི་ཐ་སྙད་གཉིས་བྱུང་འདུག འདི་གཉིས་ཀ་ལོ་ཙྭ་བ་ཕལ་ཆེ་བས་རིག་གནས་ཞེས་པའི་ཐ་སྙད་དུ་བསྒྱུར་འདུག དེ་བས་གོང་མ་དེས་རིག་གཞུང་དང་ཤེས་རིག་གམ་རིག་གནས་ཀྱི་དོན་ཡིན་པ་དང་། མ་ཟད་དེའི་དོན་ནི་གཙོ་བོ་ནང་སེམས་ཀྱི་རིག་གནས་ལ་གོ་བ་བླངས་མོད། རིམ་གྱིས་དབྱིན་ཇི་བཟོ་ལས་གསར་བརྗེ་བྱས་པ་བརྟེན་ཏེ་རང་བྱུང་ཚན་རིག་རིག་གནས་ལའང་གོ་བར་གྱུར། དེ་སྔོན་རིག་གནས་སྦྱོང་བྱ་ཞིག་ཏུ་ངོས་བཟུང་བ་དང་ཤེས་རིག་ཅེས་པ་སྦྱང་ནས་ཐོབ་པའི་ཀུན་སྤྱོད་དང་ཉམས་རྟོགས་སོགས་སུ་བཟུང་བ་མང་དུ་མཆིས། འོན་ཀྱང་ད་ལྟ་དེ་གཉིས་གོ་དོན་གཅིག་གི་ཐོག་ཏུ་བབས་ཡོད་པའི་ཚོད་དུ་བསླེབས་འདུག ལྷག་པར་དུ་བོད་ལ་མཚོན་ན་དེ་གཉིས་ལ་ཁྱད་པར་ཆེར་ཕྱེས་མེད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་འདུག་སྙམ། ཕྱི་མ་དེ་ནི་རིག་གཞུང་དར་ཁྱབ་གཏོང་བ་དང་སྲིད་པའི་དཔལ་ཡོན་ལམ་སྲོལ་སོགས་འཕེལ་རྒྱས་གཏོང་བ་ཡ་རབས་སྤྱོད་བཟང་སོགས་སུ་བསྒྱུར་བ་ཚིག་མཛོད་འགའ་བཞུགས་འདུག་སྟབས་ཀློག་པ་པོ་ཀུན་ཀྱིས་དཔྱད་པའི་ཡུལ་དུ་གྱུར་ཏོ།། བསྒྱུར་བ་པོའི་མཆན།
དུས་ཚོད་ཕལ་ཆེ་བ་མཚན་མོ་ལྷོད་ཡངས་ཀྱི་དུས་སུ་ཡིན་པ་རེད། རྩོམ་པ་པོའི་མཆན།
ཡང་ན་ལང་ཚོ་དར་བའི་དུས་སྐབས་གང་རུང་ཞིག་ལ་བྱུང་བའི་གནས་ཚུལ་ཡིན་ངེས། རྩོམ་པ་པོའི་མཆན།
མིང་ལ་ (斯多葛学派) (stoicism) སྤྱི་ལོ་སྔོན་གྱི་ལོ་(336—— 264 )བར་དུ་དར་ཁྱབ་སོང་བའི་མཚན་ཉིད་རིག་པའི་གྲུབ་མཐའ་ཞིག་ཡིན། ངས་སྐབས་འདིར་དཀའ་བ་སྤྱོད་ཐུབ་མཁན་ནམ་འདོད་སྤོང་རིང་ལུགས་ཞེས་བསྒྱུར་ཡོད། དེ་ནི་དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་གསར་མ་དེ་གཞི་བྱས་ཏེ་སོར་བཞག་བྱས་པ་ཡིན།
芝诺 (zeno)ཏྲི་ནོའོ་ལགས་ནི་སྤྱི་ལོ་སྔོན་གྱི་ལོ་༤༩༠ལོ་དབྱི་ཏ་ལིར་སྐུ་འཁྲུབས་ཤིང་༤༢༥ལོར་སྐུ་འདས། དཀའ་ཐུབ་པའང་འདོད་སྤོང་རིང་ལུགས་པའི་ཚབ་མཚོན་མཚན་ཉིད་རིག་པ་བ་ཡིན། ཨར་ལིས་ཡཱ་གྲུབ་མཐའི་མཚན་ཉིད་རིག་བ་པཱ་མིང་ཉི་དྷིའི་སློབ་མ་དང་གྲོགས་པོ་ཡིན། ཁོང་ནི་གྷི་རི་སིའི་མཚན་རིག་པ་བ་དང་བརྩིས་རིག་པ་ཡིན། ཁོང་གིས་ལུས་རྩལ་དང་འབྲེལ་བའི་མཚན་ཉིད་རིག་པའི་འགལ་ཚིག་ཅིག་གསར་གཏོད་གནང་། མ་ཟད་ཁོང་གིས་ཚད་རྡུལ་གསར་རྟོགས་བྱུང་སྟབས་འགལ་ཚིག་དེ་དག་འཐུས་སྒོ་ཚང་བའི་སྒོ་ནས་ཐག་གཅོདག་བྱས་ཡོད། ཚབ་མཚོན་བརྩམས་ཆོས་ལ་ཏྲི་ནོའི་འགལ་ཚིག་ཅེས་པ་ཡོད།
འདི་ནི་དགེ་མཚན་ལ་གོ་བ་མ་ཡིན་པར་ཁྱད་གཞི་དང་ཁྱད་ཆོས་གཉིས་སུ་གྱེས་པའི་ཁྱད་ཆོས་ལ་གོ་བར་བྱའོ།། བསྒྱུར་བ་པོའི་མཆན།
རྩོམ་ཁུངས་ངེད་དྲ་བ།
བོད་པའི་དྲྭ་ཚུགས་ཀྱི་མ་འོངས་པའི་ཆེད་དུ་སྐུ་ཉིད་ནས་ངེད་དྲ་བའི་བརྩམས་ཆོས་རྣམས་འཕྲིན་སྟེགས་སོགས་སུ་བཤུ་འགོད་མི་བྱེད་པའི་རེ་བ་སྙིང་ནས་ཞུ། དྲྭ་ཚུགས་དོ་དམ་པས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=223
དཔྱད་མཆན་སྤེལ།